བོད་ཀྱི་ཟློས་གར་ཚོགས་པའི་ལོ་འཁོར་དྲུག་ཅུའི་མཛད་སྒོར་ཆིབས་བསྒྱུར།

མདུན་ངོས། / བོད་ཀྱི་ཟློས་གར་ཚོགས་པའི་ལོ་འཁོར་དྲུག་ཅུའི་མཛད་སྒོར་ཆིབས་བསྒྱུར།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༩ ཉིན་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་དུ་བཻ་རོ་ཙ་ན་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་གི་དགེ་སློབ་ཐུན་མོང་ལ་མཇལ་ཁ་དང་བཀའ་སློབ་སྩལ་རྗེས་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༦༠ འཁོར་བའི་མཛད་སྒོར་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ནས་ཚོགས་ཁང་གསར་པ་དབུ་འབྱེད་དང་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད།

དེ་ཡང་སྔ་དྲོ་ ༩།༠༠ ཡོལ་ཙམ་ལ་བཞུགས་སྒར་ཕོ་བྲང་ནས་ཆིབས་ཐོན་གྱིས་རྡ་ས་བོད་ཀྱི་ཟློས་གར་ཚོགས་པར་ཆིབས་བསྒྱུར་བསྐྱངས་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན། ཟློས་གར་བ་ཕོ་མོ་ཁག་ཅིག་གིས་རིང་ལུགས་ཕེབས་བསུ་གཟབ་རྒྱས་དང་འབྲེལ་གྲོ་སོ་ཕྱེ་མར་འདེགས་འབུལ་ཞུས། དེ་ནས་ཚོགས་ཁང་གསར་པ་སྒོ་འབྱེད་རབ་གནས་དང་ཚོགས་རའི་ལྡིངས་ཆའི་ཐོག་ཆིབས་བསྒྱུར་བསྐྱངས་ནས་བཞུགས་ཁྲིར་འཁོད་མཚམས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་དང་ཟློས་གར་ཚོགས་པའི་འགན་འཛིན་ནས་མཎྡྲལ་རྟེན་གསུམ་འདེགས་འབུལ་ཞུས། 

དེ་ནས་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ངག་དབང་ཡོན་ཏན་ལགས་ནས་དུས་དྲན་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་བ་དང་།  ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིང་འཇུག་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་ནས་ཚོགས་ཆེན་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད།  བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་གསུང་བཤད་གནང་གྲུབ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་གསར་རྒྱག་གི་ལས་གཞིའི་ཆེད་རོགས་དངུལ་གསོལ་རས་གནང་མཁན་གྱི་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་བཀའ་ཤག་དང་། སུད་སིར་བཅའ་སྡོད་ནོར་བཟང་ཐེབས་རྩ་བཅས་ལ་དྲིན་གཟོའི་ཕྱག་རྟགས་དང་། དེ་བཞིན་དགུང་ལོ་ ༩༣ ལ་ཕེབས་པའི་སྐུ་ངོ་ཟམ་པ་འཇིགས་མེད་དབང་ཆེན་ལགས་ལ་བོད་གཞེས་གཞིས་གཉིས་ནང་བོད་ཀྱི་རོལ་ཆ་ཟློས་གར་སྒྱུ་རྩལ་གྱི་འབྲེལ་ཡོད་མི་སྣ་སྐུ་ན་བགྲེས་ཤོས་ཕུལ་བྱུང་མི་སྣས་མཚན་གསོལ་གཟེངས་རྟགས་བཅས་གསོལ་སྩལ་བཀའ་དྲིན་བསྐྱངས། 

དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་དབུ་དགེ་ལས་ཟུར་ཐུན་མོང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་མཆོད་པའི་བསྟོད་དབྱངས་དང་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་སྤྱན་འབུལ་ཞུས་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བཀའ་དྲིན་སྩལ་དོན། 

དེ་རིང་འདིར་བོད་རིགས་སྤུན་ཟླ་རྒན་གཞོན་ཕོ་མོ་ལྷན་རྒྱས་ཚང་མར་ཞུ་རྒྱུར། དེ་རིང་ཟློས་གར་ཚོགས་པ་བཙུགས་ནས་ལོ་ ༦༠ འཁོར་བའི་དུས་དྲན་གནང་སྐབས་ངོས་རང་འདིར་སླེབས་པ་རེད།  ཐུགས་རྗེ་ཆེ། འདས་པའི་ལོ་རྒྱུས་བོད་ཀྱི་ལོ་རྒྱུས་ཐོག་ནས་བཤད་ན་ཧ་ལམ་ལོ་ངོ་སྟོང་ཕྲག་འགའ་ཤས་ཀྱི་དུས་ཡུན་རིང་ལ་ང་ཚོས་ཕྱི་མིག་ལྟ་བ་ཡིན་ན།  ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཡིག་གསར་གཏོད་གནང་ཡོད། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱ་གར་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་བོད་དུ་འཛུགས་ཆེད་མཁན་ཆེན་ཞི་བ་འཚོ་གདན་འདྲེན་ཞུས། མཁན་སློབ་ཆོས་གསུམ་གདན་འཛོམས་པའི་ཐོག་ནས་སྒྲ་སྒྱུར་ལོ་པཎ་གླིང་ཞེས་པའི་སྡེ་ཚན་ཞིག་ཟུར་འཛུགས་ནས། མཁན་ཆེན་ཞི་བ་འཚོའི་བཀའ་སློབ་ལྟར་བོད་པ་ལ་བོད་ཡིག་ལོགས་སུ་ཡོད་སྟབས། ལེགས་སྦྱར་དང་པཱ་ལི་སློབ་མི་དགོས་པར་ལེགས་སྦྱར་དང་པཱ་ལིའི་སྐད་ཡིག་ནང་ཡོད་པའི་གཞུང་དེ་དག་བོད་ཡིག་ནང་བསྒྱུར་བ་ཡིན་ན་བོད་ཡིག་རང་གི་ཐོག་ནས་སློབ་སྦྱོང་བྱ་རྒྱུ་ཡོང་གི་རེད་གསུངས་ནས། ཆོས་རྒྱལ་གྱིས་རྒྱབ་སྐྱོར་མེད་པར་ཡོང་ཐུབ་ཀྱི་མ་རེད། དེར་བརྟེན། མཁན་སློབ་ཆོས་གསུམ་གདན་འཛོམས་པའི་སྟེང་ནས་མགོ་ཚུགས་པ་རེད།

ང་ཚོར་བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱ་ཙམ་ཡོད་པ་དེ་དག་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ལ་མཁན་ཆེན་ཞི་བ་འཚོས་བཀའ་སློབ་གནང་ནས་ཕྱི་ནང་གི་འགལ་རྐྱེན་སེལ་རྒྱུ་དེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་ནས་གང་ལྟར་མཁན་སློན་ཆོས་གསུམ་ཞེས་བྱུང་བ་རེད། ང་ཚོའི་མེས་པོ་དེ་དག་ཧ་ཅང་རླབས་ཆེན་རེད་འདུག  ངོས་ཀྱིས་མཚམས་རེ་རྩེད་མོ་དང་སྦྲགས་བརྗོད་ཀྱི་ཡོད། ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱལ་ས་དང་འཁྲུངས་ས་བསྐྱོན་ནས་བོད་ལ་ནང་ཆོས་ལ་དོ་སྣང་གསར་པ་སླེབས་པར་རྒྱ་ནག་ནས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཡིན་ནའང་།  ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་དང་འཁྲུངས་ས་བསྐྱོན་ནས་བོད་དང་ཐུན་མིན་འབྲེལ་བ་ཡོད་པ་རེད། རྒྱུན་ལྡན་ང་ཚོའི་ཁ་རྒྱུན་ལ་རྒྱ་ཟས་ལེའུ་བཅོ་བརྒྱད་ཟེར་སྲོལ་ཡོད།  རྒྱ་ཟས་ལིའུ་བཅོ་བརྒྱད་ལ་ཕལ་ཆེར་མཉེས་པོ་གནང་ཡོད་ཀྱི་རེད།  འོན་ཀྱང་། རྒྱ་ཡིག་གཟིགས་སྐབས་ཧ་ཅང་རྙོག་དྲ་ཚ་པོ་ཞིག་ལ་གཟིགས་ནས་རྒྱ་ཡིག་བསླབས་པ་ལས་བོད་པ་རང་གིས་ཡི་གེ་གསར་པ་ཞིག་བཟོ་ན་ཡག་པ་ཞེས་བོད་ཡིག་བཟོས་པ་རེད། གྲུང་པོ་རེད་འདུག 

མཁན་ཆེན་ཞི་བ་འཚོས་ཁྱེད་ཚོར་བོད་ཡིག་ཡོད་པར་བརྟེན་བཀའ་བསྟན་འགྱུར་བོད་སྐད་ནང་བསྒྱུར་གསུངས་པ་ལྟར། ཆོས་རྒྱལ་དེ་དག་མི་རབས་བརྒྱུད་ནས་འཕགས་བོད་ཐུན་མིན་འབྲེལ་བ་ཡོད། འོན་ཀྱང་། བོད་མི་རིགས་རང་ཉིད་ཀྱི་རྣམ་པ་མཚོན་བྱེད་ཀྱི་རིག་གཞུང་ཞིག་བཟོས་གནང་ཡོད།  དེ་ནི་གྲུང་པོ་རེད་འདུག  མི་རབས་མང་པོ་ཕྱིན་ཡོད། དེ་དག་གིས་མཁན་སློབ་ཆོས་གསུམ་གྱི་ལམ་སྟོན་མཛུབ་ཁྲིད་འོག་ནས་བོད་རྒྱ་ཆེ་མི་མང་། གང་ལྟར་ཆོལ་ཁ་གསུམ་གྱི་མི་རིགས་ཡོངས་རྫོགས་ཀྱི་ནུས་ཤུགས་བསྒྲིལ་ནས་ཞི་འཚོ་ཡབ་སྲས་ཀྱི་ལམ་སྟོན་གནང་བ་དེ་དག་ཐོག་ཤར་བསྐྱོད་བྱས་ནས་ཕྱིན་པ་རེད།

བོད་སིལ་བུ་ཆགས་པའི་སྐབས་དུ་ཧ་ཅང་ཉམས་ཆག་ཕྱིན་པ་རེད།  ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་སུ་བོད་ཆོལ་ཁ་གསུམ་ཆིག་སྒྲིལ་ཡོད་པ་དེ་བོད་སིལ་བུའི་དུས་སྐབས་སུ་དུམ་བུར་ཕྱིན་པ་རེད། ཆབ་སྲིད་ཐོག་ནས་དར་རྒུད་སྣ་ཚོགས་བྱུང་ཡོད་ཀྱང་བོད་སྐད་དང་བོད་ཡིག དེ་དང་འབྲེལ་བའི་བཀའ་འགྱུར་བསྟན་འགྱུར་དེ་དག་ཐོག་ནས་བོད་ཆོལ་ཁ་གསུམ་ཆིག་སྒྲིལ་བྱས་ནས་བོད་མི་ས་ཡ་དྲུག་ཅེས་གནས་ཐུབ་ཡོད།  དེ་འདྲ་བྱས་ནས་མཁན་ཆེན་ཞི་བ་འཚོ་དང་དེའི་རྗེས་སུ་སློབ་དཔོན་ཀ་མ་ལ་ཤཱི་ལས་ང་ཚོར་འགན་ཁུར་གནང་བ་དེ་དག་ང་ཚོའི་མེས་པོ་ཚོས་ཧུར་ཐག་འབད་ཐག་ཉམས་ལེན་བྱས། རྒྱ་གར་གྱི་བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱ་ཙམ་ཡོད་པའི་ཐོག་བོད་རང་གི་རིས་སུ་མ་ཆད་པའི་མཁས་གྲུབ་ཀྱི་སྐྱེ་བོ་མང་པོ་བྱུང་ནས་ལེགས་བཤད་ཕལ་ཆེར་པོ་ཏི་ཁྲི་ཕྲག་བརྩམས་ཡོད་པ་རེད། དེ་འདྲའི་ཐོག་ནས་འདས་པའི་དུས་རབས་ཉི་ཤུ་པ་དང་ད་ལྟ་དུས་རབས་ཉི་ཤུ་རྩ་གཅིག་བར་འདིར་འཛམ་གླིང་འདིའི་སྟེང་སངས་རྒྱས་པའི་ཆོས་ཆ་ཚང་བ་ཞིག་དང་སྤུས་དག་པོ་ཞིག་ཡོད་པ་བོད་པ་གཅིག་པུ་ལྷག་འདུག 

སྤྱི་ཡོངས་ནས་ངོས་ཀྱིས་ཆོས་ལུགས་ཚ་མར་གུས་ཞབས་བྱེད་ཀྱི་ཡོད།  དད་གུས་གཉིས་དབྱེ་བ་ཕྱེ་ནས་དད་པ་དེ་སོ་སོའི་ཆོས་ལུགས་ལ་བྱས། གུས་པ་དེ་ཆོས་ལུགས་ཚང་མར་བྱེད་ཀྱི་ཡོད།  གང་ལྟར་ཆོས་ལུགས་མཐུན་སྒྲིལ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། དཔེར་ན། ད་ལྟ་འདིར་ང་ཚོ་ཞི་བདེ་བག་ཕེབས་ངང་གནས་ཡོད་ཀྱང་། འཛམ་གླིང་ས་ཆ་ཁ་ཤས་སུ་ཆོས་རྒྱུ་མཚན་དུ་བྱས་ནས་གསོད་རེས་གཏོང་བཞིན་ཡོད། ཧ་ཅང་སེམས་སྐྱོ་པོ་རེད། ཆོས་ནི་སེམས་རྒྱུད་གདུལ་བྱེད་ཀྱི་དོན་རེད།  ཆོས་ལུགས་ཚང་མས་སེམས་པ་བཟང་པོ་བྱེད་དགོས་པ་དང་། ཆོག་ཤེས་བྱེད་དགོས་པ། བཟོད་བསྲན་དགོས་པ་གསུང་གི་ཡོད། གཙོ་བོ་ཆོས་ལུགས་ཕན་ཚུན་དབར་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་བྱམས་བརྩེ་ཟེར་བ་ཆོས་ལུགས་ཚང་མས་གསུང་གི་ཡོད།  གནས་སྟངས་དེ་འདྲའི་འོག་ནས་ཆོས་ལུགས་མི་འདྲ་བ་ཙམ་རྒྱུ་མཚན་དུ་བྱས་ནས་ཕན་ཚུན་གསོད་རེས་གཏོང་བཞིན་པ་དེ་དག་ཧ་ཅང་སེམས་སྐྱོ་པོ་རེད། འདི་ལྟ་བུའི་དུས་ཚོད་ཅིག་ལ་ང་ཚོ་བོད་པས་ཕལ་ཆེར་འཛམ་གླིང་སྤྱི་ལ་མིག་དཔེ་སྟོན་ཐུབ་པ་ཞིག་ཡོད་པ་རེད། 

ངོས་རང་ད་ཆ་མི་རྒན་ལོ་བརྒྱད་ཅུ་གྱ་ལྔའི་མཚམས་ལ་སླེབས་ཡོད། ཐོག་མར་ང་ཚོ་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ལ་སླེབས་སྐབས་ངོ་ཤེས་པ་ས་དང་གནམ་མ་གཏོགས་མེད་པར་སྐྱབས་མེད་མགོན་མེད་ལྟ་བུ་ཆགས་ཡོད། ཡིན་ནའང་། ང་ཚོར་བོད་མི་རིགས་ཀྱི་སེམས་ཤུགས་དང་ལྷག་བསམ། སྙིང་སྟོབས་འགྲན་ཟླ་བྲལ་བ་ཞིག་ཡོད་སྟབས་བོད་མི་བཙན་བྱོལ་བ་ཉུང་ཤས་ཤིག་འབྱོར་བ་རྣམས་ཀྱིས་ཧུར་ཐག་འབད་ཐག་བྱས།  གཙོ་ཆེར་ང་ཚོར་སེམས་ཤུགས་སྐྱེས་པ་དེ་བོད་ཀྱི་དོན་གྱི་བདག་པོ་གཞིས་ལུས་བོད་མི་དེ་དག་རེད། དེ་དག་གིས་སྲོག་དང་བསྡོས་ནས་བོད་མི་རིགས་ཀྱི་ཐོབ་ཐང་དང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་གཅེས་འཛིན་བྱས་ནས་ལོ་འདི་དག་རིང་ཧ་ལས་པ་རེད། དེར་བརྟེན། བོད་རྒྱ་ཆེའི་མི་མང་རྣམས་རང་དབང་བྲལ་ནས་ཐ་ན་རང་གི་སྲོག་གི་ཉེན་ཁ་ཡོད་ཀྱང་། བོད་ཀྱི་ཆོས་དང་རིག་གཞུང་བཟུང་ནས་བསྡད་པ་ཡིན་པས་ང་ཚོ་བཙན་བྱོལ་ལ་ཡོད་པའི་བོད་པ་རྣམས་རང་དབང་ལུང་པར་བསྡད་ཡོད་པས་བོད་རྒྱ་ཆེ་མི་མང་གི་ཚབ་ང་ཚོས་བྱེད་ཀྱི་ཡོད།  དེར་བརྟེན། གཞིས་ལུས་རྒྱ་ཆེ་མི་མང་གི་སེམས་ཤུགས་དང་སྙིང་སྟོབས་དེ། ང་ཚོ་འདིར་རང་དབང་ལུང་པར་ཡོད་པས་བོད་རྒྱ་ཆེའི་མི་མང་གི་ཚབ་བྱས་ནས་འཛམ་གླིང་འདིའི་སྟེང་བོད་དོན་བདེན་པ་ཇི་ལྟར་ཡིན་པ་སྟོན་ཐུབ་པ་ཞིག་དང་། གཙོ་བོ་ང་ཚོར་རིག་གཞུང་གཏིང་ཟབ་ཡོད་པ་དེ་མུ་མཐུད་ནས་འཛིན་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད།

དེ་དུས་པཎྜི་ཏ་ནེ་རུ་ཡོད། ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། ཧ་ལས་པའི་རྒྱབ་སྐྱོར་གནང་ཡོད།  ང་ཚོ་བོད་པའི་སློབ་གྲྭ་ཟུར་དུ་བཙུགས། དེ་དག་གི་མཐུན་རྐྱེན་རྒྱ་གར་གཞུང་གིས་སྦྱར་བ་དེ་ལྟར་རེད། ང་ཚོའི་ཤེས་ཡོན་སྐོར་ལ་ནེ་རུས་དམིགས་བསལ་ཐུགས་ཁུར་བཞེས་སོང་། ང་ཚོའི་སློབ་གྲྭ་ཟུར་དུ་བཙུགས། གཞིས་ཆགས་ཁག་དེ་དག་བཙུགས། ཐོག་མར་བཙན་བྱོལ་དུ་ཡོང་སྐབས་སྦག་སར་དགེ་འདུན་པ་སྟོང་ཕྲག་འགའ་ཤས་ཡོད། དེའི་ནང་སློབ་གཉེར་བ་མང་པོ་ཡོད།  དེ་དག་ཟུར་དུ་ཚུགས་ཐུབ་ན་ཞེས་མགོ་སྟོད་སྦག་ས་ཆོས་སྒར་མ་ཚུགས་གོང་ཅམ་པ་དང་ཀུ་ལུ་ཁུལ་དུ་བོད་མིས་ལམ་བཟོ་བྱས་ནས་འགྲོ་བཞིན་ཡོད། ངོས་རང་ས་ཁུལ་དེ་དག་ལ་ལྟ་སྐོར་དུ་འགྲོ་མྱོང་ཡོད། སྐབས་དེར་དཔེ་ཆ་བ་མང་པོ་ཞིག་ལམ་བཟོ་རྒྱུག་ནས་བསྡད་ཡོད། ང་ཚོས་རྒྱ་གར་གཞུང་ལ་ཞུས་ནས་དེ་ཚོར་མུ་མཐུད་སློབ་གཉེར་བྱེད་ས་ཁེ་གཙང་ཞིག་གནང་རོགས་ཞུ་སྐབས་སྦག་ས་ཆོས་སྒར་གནང་བ་རེད། ཐོག་མར་རྒྱ་གར་གཞུང་གིས་མི་ ༣༠༠ ཙམ་ལ་མཐུན་འགྱུར་གནང་བ་རེད།  ང་ཚོས་དེ་ཉུང་དྲག་འདུག མི་ཆིག་སྟོང་ལྔ་བརྒྱ་ཙམ་ལ་མཐུན་རྐྱེན་གནང་རོགས་ཞུས་པར་མཐུན་འགྱུར་གནང་བ་རེད།

འོན་ཀྱང་། ས་ཁུལ་དེ་ཚ་བ་ཆེ་ཞིང་ས་ཁུག་ཡིན་སྟབས་ལྟོ་ཆས་རྙིང་པ་འཁེལ་བར་བརྟེན་མི་མང་པོ་ནད་པ་ཆགས་པ་རེད། དེ་དང་ཆབས་ཅིག་གཞིས་ཆགས་ཁག་ཀྱང་དེ་འདྲ་བྱས་ནས་ཚུགས་སྐབས་ཆོས་སྒར་དེ་དག་གཞིས་ཆགས་ནང་དུ་འཛུག་ཐུབ་ན་ཟེར་ནས་བཙུགས་པ་རེད། ལོ་ལྔ་བཅུ་དྲུག་ཅུ་ཕྱིན་པའི་རྗེས་སུ་ང་ཚོའི་ཆོས་སྒར་དེ་དག་གིས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་རིགས་པའི་ལམ་ནས་གཞི་ལམ་འབྲས་བུའི་རྣམ་གཞག་གཏན་ལ་དབབ་རྒྱུ་ཡོད་པ་དེ་དག་ང་ཚོས་མུ་མཐུད་ནས་འཛིན་བཞིན་ཡོད། ང་ཚོའི་བཙན་བྱོལ་གཞིས་ཆགས་དང་བཤད་གྲྭ་ཁག་བཙུགས དེ་དག་ཆབས་ཅིག་ང་ཚོའི་ཆོས་སྡེ་ཁག་གི་བཤད་གྲྭ་ཚོའི་ནང་ཚན་རིག་བསླབ་དགོས་འདུག་ཅེས་ཚན་རིག་སློབ་སྦྱོང་ཡོད་པ་བྱས་ནས་འགྲོ་བཞིན་ཡོད། དེའི་འབྲས་བུར་དེ་སྔ་བོད་ལ་ཡོད་སྐབས་བོད་ཀྱི་སངས་རྒྱས་པའི་ཆོས་དེ་ང་ཚོར་ལྷ་རབས་དེ་འདྲ་ཧ་ཅང་མང་པོ་ཡོད་པ་ཡིན་པས་བླ་མའི་ཆོས་ལུགས་རེད་ཟེར་ནས་ནང་པ་གཙང་མ་ཡིན་མིན་ཐེ་ཚོམ་བྱེད་པ་ཞིག་ཡོང་གི་ཡོད་པ་རེད། ལོ་བཅུ་གྲངས་སྔོན་ཙམ་ལ་ཉི་ཧོང་གི་མི་ཞིག་ངོས་ལ་ཐུག་པར་སླེབས་སོང་། ཁོ་རང་བོད་ལ་གནས་སྐོལ་ལ་ཕྱིན་པ་ཡིན་ཟེར། མགོན་ཁང་ནག་ཁུང་དེ་འདྲའི་ནང་དུ་ལྷ་ཁྱད་མཚར་ཞེད་སྣང་ཚ་བོ་དེ་འདྲ་འདུག དེའི་དགོང་མོ་ཁོ་རང་གཉིད་ཁུགས་མ་སོང་། ཞེས་ཟེར་གྱི་འདུག བོད་ཀྱི་སངས་རྒྱས་པའི་ཆོས་དེ་བྱམས་བརྩེ་གསུང་མཁན་ཞིག་རེད། ལྷ་ཞེད་སྣང་ཚོ་བོ་དེ་འདྲ་འདུག ག་རེ་བྱས་པ་རེད་ཅེས་སྐད་ཆ་དྲིས་སོང་། དེ་ཚོའི་གྲས་དེ་འགྲེལ་བཤད་ཧ་ཅང་མང་པོ་དགོས་པ་རེད། ལམ་སང་ལབ་ཐུབ་ཀྱི་མ་རེད་ཅེས་བཤད་པ་ཡིན། 

གང་ལྟར། དེ་དུས་བོད་ཀྱི་སངས་རྒྱས་པའི་ཆོས་དེ་མུ་སྟེགས་པའི་ཆོས་དང་འདྲེས་བསྡད་པ་ལྟ་བུར་མཐོང་མཁན་གཅིག་ཡོད་པ་རེད། ཁ་སང་བཤད་པ་ཡིན་ལ་དེ་རིང་འདིར་བཤད་འདོད་བྱུང་སོང་།  རྒྱལ་སྤྱིའི་ཆོས་ལུགས་ཀྱི་ཚོགས་འདུ་ཤིག་ཚོགས་ཀྱི་ཡོད་པ་རེད། ངོས་རང་དེར་ཚར་ཁ་ཤས་སོང་མྱོང་། ཚར་གཅིག་ཨོ་སི་ཁྲི་ལི་ཡར་འཚོགས་པའི་སྐབས་སུ་ཆོས་ཚོགས་ཀྱི་ཚོགས་འདུ་དེར་འབར་མའི་དགེ་སློང་གཉིས་ཀྱིས་ངོས་ལ་ཐུག་དགོས་ཡོད་ཅེས་གསུངས་པ་རེད། སྐབས་དེར་ངོས་ཀྱིས་གཟབ་གཟབ་བྱས་ཏེ་ཆོས་གོས་གྱོན་ནས་ཐུག་པ་ཡིན། ང་ཚོ་ནང་པ་གཅིག་པ་རེད། ཕྲན་བུ་མི་འདྲ་བའི་ཁྱད་པར་ཡོད་པ་རེད། ཡིན་ནའང་། གཞི་རྩ་ནི་སངས་རྒྱས་ཀྱི་བསྟན་པ་འདུལ་བ་འཛིན་པས་འཛིན་དགོས་ཀྱི་ཡོད་པ་རེད། ང་ཚོ་བོད་ལ་ཆ་བཞག་ན་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་བའི་ལུགས་ཀྱི་སྡོམ་རྒྱུན་སྤུས་དག་པོ་ཞིག་ཡོད་པ་རེད། ཅེས་བཤད་པ་པ་ཡིན། ཁོ་གཉིས་ཀྱིས་ཁྱོད་རང་ཚོ་བོད་ལ་འདུལ་བའི་སྡོམ་རྒྱུན་ཡོད་པ་རེད་དམ་ཞེས་ཡ་མཚན་མཚན་བྱེད་ཀྱི་འདུག དེ་དུས་ཀྱི་སྤྱིར་བཏང་མཐོང་ཚུལ་ནི་བོད་ཀྱི་བླ་མའི་ཆོས་ལུགས་ཞེས་མིང་ཞིག་འཁྱེར་ནས་བསྡད་ཡོད་པ་རེད། 

ང་ཚོ་བཙན་བྱོལ་ལ་སླེབས་པ་དང་འཛམ་གླིང་ཕྱི་ནང་གང་སར་འབྲེལ་བ་ཤུགས་ཆེ་རུ་ཕྱིན་པ་དང་། དངོས་ཡོད་གནས་ཚུལ་མི་མང་པོ་ཞིག་གིས་མཐོང་ཡོང་དུས། དེང་སང་ནང་པའི་ཡུལ་གྲུ་ཚང་མས་བོད་ཀྱི་སངས་རྒྱས་པའི་ཆོས་འདི་དངོས་གནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་ལ་ངོས་ལེན་བྱེད་པ་ཞིག་ཆགས་ཡོད། འཛམ་གླིང་སྤྱི་ཡོངས་ལ་ཆ་བཞག་ནའང་ནུབ་ཕྱོགས་རྒྱལ་ཁབ་ནང་དུ་བོད་ཀྱི་སངས་རྒྱས་པའི་གཞུང་ནས་གསུངས་པའི་ཚད་མ་རིག་པའི་སྐོར། སེམས་ཁམས་རིག་པ། ལྟ་གྲུབ། དཔེར་ན། ཚད་རྡུལ་དངོས་ཁམས་རིག་པ་བཅས་ལ་ཚན་རིག་པས་དོ་སྣང་དམིགས་བསལ་བྱེད་ཀྱི་འདུག དེར་བརྟེན། འཛམ་གླིང་ཡོངས་སུ་བོད་ཀྱི་སངས་རྒྱས་པའི་ཆོས་དེ་མི་འདྲ་བ་ཞིག་འདུག་ཅེས་ཚང་མས་བཤད་བཞིན་ཡོད། རྒྱ་ནག་ནས་མཁས་དབང་ཁ་ཤས་ཀྱིས་འདི་ནས་ཕྱོགས་སྒྲིག་བྱས་པའི་རིག་གསར་གྱི་ཚན་རིག་དང་སངས་རྒྱས་པའི་ཚན་རིག་གི་སྐོར་གྱི་དེབ་ཅིག་ང་ཚོས་བཏོན་ཡོད་པ་རེད། དེ་ལ་རྒྱ་མིའི་དཔར་ཁང་ནང་དུ་ཡོད་པ་མ་རེད། དམ་དྲག་བྱེད་ཀྱི་ཡོད་པ་རེད། སློབ་གྲྭ་ཆེ་ཁག་ལ་དེབ་དེ་གྲས་ཁ་ཤས་སླེབས་ཀྱི་འདུག རྒྱ་མིའི་མཁས་དབང་དེ་འདྲས་དེབ་དེ་མཐོང་བའི་རྗེས་ལ་བོད་ཀྱི་སངས་རྒྱས་པའི་ཆོས་དེ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་རེད་འདུག ནཱ་ལེནྡྲའི་ཆོས་བརྒྱུད་དེ་ཚན་རིག་དང་མཉམ་དུ་འགྲོ་ཐུབ་མཁན་ཞིག་རེད། ཅེས་བཤད་རྒྱུ་བྱུང་འདུག ངོས་ཀྱིས་གནས་ཚུལ་དེ་ཧ་ཅང་གསལ་བོ་གོ་བྱུང་། ཅེས་སོགས་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཀྱིས་ལྷག་བསམ་དང་སྙིང་སྟོབས་ཞིམ་པ་མེད་པར་བསྡད་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་སོགས་བཀའ་སློབ་སྩལ་བ་དང་། 

གཞན་ཡང་བཀའ་སློབ་སྩལ་དོན། སྐབས་སུ་བབ་པ་ཟློས་གར་རེད། ངོས་རང་ཆུང་ཆུང་སྐབས་སུ་ལྷ་མོ་མང་པོ་འཁྲབ་མྱོང་། རྣམ་ཐར་ཤེས་ཀྱི་མེད། ལྷ་མོ་འཁྲབ་པ་ཡིན། སྔོན་མ་ནས་ངོས་ཀྱིས་བཤད་ཡོད་པ་རེད། ཞབས་བྲོ་འཁྲབ་པ་ལྟ་བུ་ནི་རྒྱ་མིའི་ཟློས་གར་ཚོགས་པ་ཁ་ཤས་ཀྱིས་བོད་ཀྱི་ཞབས་བྲོ་འཁྲབ་པ་མང་པོ་ཡོང་གི་འདུག ཡིན་ནའང་། ད་ལྟའི་བར་དུ་རྒྱ་རིགས་ནང་ནས་བོད་ཀྱི་རྣམ་ཐར་གཏོང་མཁན་ཕལ་ཆེར་མཐོང་མ་མྱོང་། དེ་མི་འདུག དེ་ཕལ་ཆེར་བོད་པ་རང་གིས་མ་གཏོགས་ཡོང་གི་མེད་པ་ལྟ་བུ་འདུག དེ་ང་ཚོ་བོད་པ་རང་གི་ཐུན་མོང་མ་ཡིན་པ་ཞིག་ཆགས་ཀྱི་ཡོད་པ་ལྟ་བུ་འདུག དེར་བརྟེན། བོད་ཀྱི་གཞས་དང་རྣམ་ཐར་དེ་སུ་གཅིག་གིས་ལད་ཟློས་བྱེད་མ་ཐུབ་པ་ཞིག་ཡོད་པ་ཡིན་དུས་དེ་ཡང་དགེ་མཚན་ཞིག་རེད། མཁྱེན་སོང་ངམ། ཁྱོད་རང་ཚོས་ད་ལྟའི་བར་དུ་བོད་ཀྱི་རིག་གཞུང་གི་ཆ་ཤས་ཟློས་གར་ཚོགས་པ་བཙུགས་ནས་ཧུར་ཐག་འབད་ཐག་བྱས་པ་རེད། ང་ཚོ་མི་རིགས་ཤིག་གི་འཐབ་རྩོད་ཡིན་པས་མི་རིགས་བརྗེ་ནས་འགྲོ་བཞིན་ཡོད་ཀྱང་། འཐབ་རྩོད་ཀྱི་རྒྱུན་དེ་མུ་མཐུད་ནས་འཁྱེར་འགྲོ་བཞིན་ཡོད་པ་རེད། ཟློས་གར་ཚོགས་པར་ཆ་བཞག་ན་མགོ་སྟོད་ཟློས་གར་ཚོགས་པ་བཙུགས་པའི་སྐབས་ཀྱི་མི་རབས་གང་འཚམ་རྫོགས་ཚར་བ་རེད། ད་ལྟ་ཁྱོད་རང་ཚོ་མི་རབས་རྗེས་མ་ཚོས་མུ་མཐུད་ནས་གཞུག་བཟུང་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། 

ང་ཚོ་བོད་ཀྱིས་རྒྱ་གུང་ཁྲན་ཏང་དང་འཐབ་རྩོད་བྱེད་པ་འདིར་ང་ཚོས་འཐབ་རྩོད་བྱེད་པའི་ནུས་པ་བདེན་པ་ལ་བརྟེན་ཡོད་པ་རེད། རྒྱ་གུང་ཁྲན་ཏང་གིས་གོ་མཚོན་ལ་བརྟེན་ཡོད་པ་རེད། དེར་བརྟེན། འཛམ་གླིང་གི་ལོ་རྒྱུས་ལ་ལྟོས་དང་། གོ་མཚོན་གྱིས་མནན་པ་དེ་ནམ་ཕུགས་ཁུངས་འཁྱོལ་བ་ཡོད་པ་མ་རེད། བདེན་པའི་ནུས་པ་ག་དུས་ཡིན་ནའང་གསལ་གྱི་རེད། ང་ཚོས་དཔུང་སྟོབས་ཀྱི་ཆ་ནས་ཁ་གཏད་གཅོག་ཐབས་མེད་ཀྱང་། བདེན་པའི་ནུས་པས་ཏན་ཏན་ང་ཚོའི་བདེན་པའི་མཐའ་གསལ་ཐུབ་པ་ཞིག་ཡོད་པ་རེད། དེར་བརྟེན། ཁྱོད་རང་ཚོ་ཚང་མ་སེམས་ཤུགས་མ་ཆགས་པར་ཧུར་ཐག་བྱེད་རོགས་བྱོས། ངོས་ལ་ཆ་བཞག་ན་ལོ་ ༨༥ སླེབས་པ་རེད། ཡིན་ནའང་། ལོ་བཅུ་བཅོ་ལྔ་ལ་ངོས་རང་ཕལ་ཆེར་འཚོ་ཐུབ་ཀྱི་རེད། ངོས་ཀྱིས་ཧུར་ཐག་འབད་ཐག་བྱེད་རྒྱུ་ཡིན། ཁྱོད་རང་ཚོས་མུ་མཐུད་ནས་ཧུར་ཐག་འབད་ཐག་བྱེད་དགོས་པ་རེད། བཀྲ་ཤིས་བདེ་ལེགས། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།