བཞུགས་སྒར་ཕོ་བྲང་དུ་སེམས་དང་སྲོག་གི་བགྲོ་གླེང་བསྐྱངས་པ།

མདུན་ངོས། / བཞུགས་སྒར་ཕོ་བྲང་དུ་སེམས་དང་སྲོག་གི་བགྲོ་གླེང་བསྐྱངས་པ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༣༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྡ་ས་བཞུགས་སྒར་ཕོ་བྲང་གི་མཇལ་འཕྲད་ཁང་དུ་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་དབུ་འཛུགས་བསྐྱངས་ཡོད་པ་རེད།

སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་གོ་སྒྲིག་ཞུ་མཁན་ཡོངས་ལ་ཐུགས་རྗེ་ཞུ་མཛད་དེ་བཀའ་སློབ་སྩལ་དོན། དུས་རྒྱུན་ངོས་ཀྱིས་གཏམ་བཤད་བྱེད་སྐབས་ནཱ་ལེནྡྲ་ནས་བརྒྱུད་པའི་ནང་པའི་གཞུང་དང་། པཱ་ལིའི་སྲོལ་རྒྱུན་དབར་གྱི་ཁྱད་པར་དེ་པཱ་ལིའི་སྲོལ་རྒྱུན་དེ་གཙོ་བོ་སྟོན་པ་བཅོམ་ལྡན་འདས་ཀྱི་ལུང་གཙོ་བོར་བརྩི་བཞིན་ཡོད། འོན་ཀྱང་ལེགས་སྦྱར་སྐད་ཡིག་ལ་གཞི་བཅོལ་བའི་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ནང་པའི་གཞུང་ལུགས་ཀྱི་སྲོལ་རྒྱུན་ལམ་ལུགས་ནང་རིག་པ་གཙོ་བོར་འཛིན་ནས་སྟོན་པའི་བཀའ་ཡིན་ཡང་དེར་རྒྱུ་མཚན་ཡོད་མེད་དཔྱད་པ་བྱས་ནས་འགྲོ་བཞིན་ཡོད།

དཔེར་ན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་ཟླ་བ་གྲགས་པ། སངས་རྒྱས་བསྐྱངས་ལ་སོགས་པའི་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་དེ་དག་གིས་སངས་རྒྱས་ཀྱི་བཀའ་ལ་དྲང་ངེས་ཀྱི་རྣམ་གཞག་ཕྱེ་ནས་ཕེབས་ཡོད།  སྟོན་པ་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་ཁམས་དང་མོས་པ། བསམ་པ་སོགས་དང་བསྟུན་ནས་དེ་དག་དང་འཚམས་པའི་ཆོས་གསུངས་པ་དང་།  དེ་ཡང་བཅོམ་ལྡན་འདས་རང་གིས།
 
དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་ཡོད།  དེར་བརྟེན་བཅོམ་ལྡན་འདས་རང་གིས་ང་ཚོར་དཔྱད་པ་བྱ་རྒྱུའི་ཆོག་མཆན་གནང་ཡོད།  སྤྱིར་ངོས་ཀྱིས་འཛམ་གླིང་ནང་གི་ཆོས་ལུགས་གཙོ་ཆེ་བ་ཚང་མར་གུས་པ་བྱེད་ཀྱི་ཡོད། ལོ་ངོ་སྟོང་གི་རིང་ནས་ཆོས་ལུགས་དེ་དག་གིས་མིའི་ནང་གི་གཤིས་རྒྱུད་དང་འབྲེལ་བའི་བྱམས་བརྩེའི་ནུས་པ་གོང་འཕེལ་འགྲོ་རྒྱུར་ཕན་ཐོགས་ཧ་ཅང་བྱུང་ཡོད།  ངོ་མཚར་ལྡན་པ་རེད།  སྟོན་པ་རང་ཉིད་ཀྱིས་ང་ཚོར་ཆོས་རྣམས་ཀྱི་གནས་ལུགས་ལ་རྒྱུ་མཚན་ཐོག་ནས་དཔྱད་པ་བྱེད་དགོས་པ་བཀའ་གནང་བ་རེད།  དེར་བརྟེན་ལྟ་གྲུབ་ཐོག་ནས་ནང་པའི་ལྟ་གྲུབ་དེ་ཕྲན་བུ་མི་འདྲ་བ་ཞིག་འདུག

 
སྤྱིར་མིའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་ཡར་རྒྱས་ཕུལ་དུ་ཕྱིན་པ་ཞིག་ཡོང་བར་རྒྱུ་མཚན་ལམ་ནས་རྩད་གཅོད་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་འདུག དེ་ལས་ཟློག་སྟེ་གང་གསུངས་པ་ཐམས་ཅད་དེ་དེ་བཞིན་ནོ་ཟེར་ནས་འགྲོ་རྒྱུ་དེ་ཡག་པོ་མེད།  དེར་བརྟེན་ཁྱེད་རང་ཚོ་གོ་སྒྲིག་ཚོགས་པའི་ལས་དོན་ལ་བསྔགས་བརྗོད་ཡོད། འདས་པའི་ལོ་ཤས་རིང་ཁྱེད་ཚོས་སེམས་དང་སྲོག་གི་བགྲོ་གླེང་གོ་སྒྲིག་གནང་བར་བརྟེན་ཚན་རིག་པ་མང་པོ་ཞིག་དང་བགྲོ་གླེང་བྱ་རྒྱུ་བྱུང་། ཧ་ཅང་ཡག་པོ་བྱུང་འདུག ཐུགས་རྗེ་ཆེ། འདིར་ངོས་ཀྱི་གྲོགས་པོ་རྙིང་པ་མང་པོ་ཞིག་མཇལ་རྒྱུ་འདུག
ཁྱེད་རྣམ་སྐུ་བགྲེས་པ་མཇལ་སྐབས་ད་ཆ་ངོས་རང་ཉིད་ཀྱང་རྒས་འདུག་བསམ་པ་དྲན་གྱི་འདུག ༼ བཞད་མོ་བཞད། ༽ ཁ་སང་ངོས་ཀྱིས་རྒྱ་གར་བ་གྲོགས་པོ་གཅིག་ལ་བརྗོད་རྒྱུ་བྱུང་། ངོས་རང་ད་ཆ་ལུས་པོ་རྒས་ནས་སྤུས་མོའི་ནུས་པ་རྫོགས་སྟབས་དཀའ་ངལ་འཕྲད་བཞིན་འདུག ངོས་ཀྱི་ལུས་པོའི་ནུས་པ་ཡོངས་རྫོགས་ཀླད་པའི་ནང་ཞུགས་འདུག ཅེས་རྩེད་མོ་དང་སྦྲགས་བརྗོད་རྒྱུ་བྱུང་། ༼ བཞད་མོ་བཞད། ༽ འབྱུང་འགྱུར་ལོ་ངོ་བཅུ། བཅོ་ལྔ།  མང་ན་ལོ་ཉི་ཤུའི་རིང་ངོས་རང་གྲུང་ཐག་ཆོད་བྱས་ནས་བསྡད་ཀྱི་རེད།  ལུས་པོ་འཁོར་ལོའི་རྐུབ་སྟེགས་སྟེང་གནས་ཀྱང་ཁ་བདེ་ཐག་ཆོད་བྱས་ནས་བསྡད་ཀྱི་རེད། ༼ བཞད་མོ་བཞད། ༽

 
དེ་ནས་ལས་རིམ་གཙོ་སྐྱོང་བ་ལྕམ་སྐུ་སུ་སན་ལགས་ཀྱིས་ད་ཐེངས་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཀྱི་བརྗོད་གཞི་གཙོ་བོ་བྱམས་བརྩེ་དང་། ཕན་ཚུན་འབྲེལ་བ། འགྱུར་བའི་འཕེལ་རིམ་བཅས་ཡིན་སྐོར་ལྷ་སྙན་སྒྲོན་འབུལ་ཞུས། དེ་ཡང་ཉིན་དང་པོའི་བགྲོ་གླེང་གནང་མཁན་ཨ་རི་ནིའུ་ཡོག་ Binghamton University གི་སྐྱེས་དངོས་རིག་པའི་འཕེལ་རིམ་གྱི་རྣམ་གཞག་སྐོར་ལ་ཚན་རིག་པ་གྲགས་ཅན་སྐུ་ཞབས་ཌེ་ཝི་ཌི་སོ་ལོན་ David Sloan Wilson མཆོག་དང་། ཨ་རིའི་དབང་རྩའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་རི་ཆ་ཌི་ཌེ་ཝི་ཌི་སན་ Richard Davidson ལགས་བཅས་ཡིན་འདུག
སྐབས་དེར་སྐུ་ཞབས་ཌེ་ཝི་ཌི་སོ་ལོན་ David Sloan Wilson ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཆེ་བའི་ཡོན་ཏན་བཞི་ལ་ཁོང་གིས་ལྷག་པར་བསྔགས་བརྗོད་ཞུ་བཞིན་ཡོད་སྐོར་ཞུས་པ་དང་སྦྲགས། མགོན་པོ་གང་ཉིད་ཚན་རིག་ལ་ཐུགས་དབྱིངས་ཡོད་པ་དང་དྲང་བདེན་སྨྲ་མཁན་ཞིག་ཡིན་པ་དང་། མགོན་པོ་མཆོག་གིས་དུས་ནམ་ཡང་མངོན་སུམ་ལ་སྙོན་མཁན་ཞིག་ཡིན་ན་དེ་དང་བགྲོ་གླེང་མ་བྱས་ན་ལེགས་ཚུལ་བཀའ་སློབ་སྩལ་བཞིན་ཡོད། གཉིས་པ་ནི་མགོན་པོ་གང་ཉིད་ཀྱིས་ཆོས་ལུགས་དང་མ་འབྲེལ་བའི་འཇིག་རྟེན་ཀུན་ལ་ཁྱབ་པའི་བཟང་སྤྱོད་ཀྱི་བསླབ་བྱ་གཙོ་འདོན་མཛད་བཞིན་པ་དེ་རེད། གསུམ་པ་ནི། མགོན་པོ་གང་ཉིད་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་འཐབ་རྩོད་རྒྱུན་སྐྱོང་མཛད་བཞིན་པ་རེད། བཞི་པ་ནི། སྐུ་ཉིད་ཀྱིས་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་ཡིན་པ་ལས་གང་ཉིད་ཏཱ་ལའི་བླ་མ་ཡིན་བསམ་པ་དུས་ནམ་ཡང་དགོངས་བཞེས་མ་མཛད་པར་དུས་རྟག་ཏུ་ཐུགས་སྙེམ་ཆུང་ངང་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་བཞིན་ཡོད་སྟབས་ང་རང་ཡང་དེ་རིང་སྐུ་ཉིད་དང་ལྷན་བགྲོ་གླེང་ཞུ་སྟབས་བདེ་པོ་འདུག ཅེས་ལྷ་སྙན་སྒྲོན་འབུལ་ཞུས་འདུག 

དེ་རྗེས་སྐུ་ཞབས་ཌེ་ཝི་ཌི་སོ་ལོན་ David Sloan Wilson ལགས་ཀྱིས་བགྲོ་གླེང་དབུ་འཛུགས་ཞུ་དོན། ང་རང་སྐྱེས་དངོས་རིག་པའི་ཚན་རིག་པ་ཞིག་ཡིན། ངའི་བརྗོད་གཞི་འདི་ཚིག་གསུམ་ལ་སྡོམ་རྒྱག་ཐུབ། ༡ ) འགྱུར་ལྡོག སྐྱེ་ལྡན་སྲོག་ཆགས་རིགས་ཀྱི་སྐྱེ་འཕེལ་ལ་ལྟ་སྐབས་ཚད་འཇལ་ཐུབ་པའི་རྣམ་པ་མི་འདྲ་བ་སྣ་ཚོགས་ཡོད།  ༢ ) རང་བྱུང་གི་འདེམ་སྒྲུག སྐྱེ་ལྡན་སྲོག་ཆགས་རིགས་འཚོ་གནས་ཐུབ་པ་དང་སྐྱེ་འཕེལ་ཐུབ་ཆེད་རང་བྱུང་འདེམ་སྒྲུག་བྱེད་སྲོལ་ཡོད།  ༣ ) རིགས་རྒྱུན་སྤེལ་བ། བཅས་ཡིན་སྐོར་སོགས་སྐྱེ་ལྡན་སྲོག་ཆགས་ཀྱི་སྐྱེ་འཕེལ་རྣམ་གཞག་སྐོར་ཞུས་པར་མགོན་པོ་མཆོག་གིས།  སེམས་མེད་བེམ་པོའི་ཆོས་རྣམས་ཀྱི་རྩོམ་གཞི་དང་ཤེས་པའི་རྩོམ་གཞི་རྡུལ་ཕྲན་ལ་ཁྱད་པར་གང་ཡོད་དྲི་བ་འདོན་གནང་མཛད་འདུག 

ཉིན་གཉིས་པའི་བགྲོ་གླེང་དེ་ཕྱི་ཚེས་ ༡ རེས་གཟའ་པ་སངས་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་མཛད་རྒྱུ་དང་། སྐབས་དེར་བགྲོ་གླེང་གནང་མཁན་ལྷོ་ཨ་ཕི་རི་ཀའི་སི་ཊེན་ལེན་བྷོག་མཐོ་སློབ་ཀྱི་སེམས་ནད་བཅོས་ཐབས་ཐོག་མཁས་པ་ལྕམ་སྐུ་ Pumla GobodoMadikizela ལགས་ཡིན་འདུག   ཉིན་གཉིས་པའི་ལས་རིམ་གཙོ་སྐྱོང་བ་སྐུ་ཞབས་ཨེ་རོན་སི་ཊན་ Aaron Stern ལགས་ཡིན་འདུག ཉིན་གཉིས་ཀྱི་བགྲོ་གླེང་སྐབས་གསུང་སྒྱུར་བ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གསུང་སྒྱུར་བ་གླང་རི་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་མཆོག་ཡིན་འདུག་པ་བཅས། །