སེམས་དང་སྲོག་གི་ཚོགས་འདུ་ཉིན་གཉིས་པ་མཇུག་ལེགས་པར་གྲུབ། 

མདུན་ངོས། / སེམས་དང་སྲོག་གི་ཚོགས་འདུ་ཉིན་གཉིས་པ་མཇུག་ལེགས་པར་གྲུབ། 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྡ་ས་བཞུགས་སྒར་ཕོ་བྲང་དུ་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཉིན་ཐ་མའི་ཉིན་ཐོག་མར་སེམས་དང་སྲོག་གི་བསྟི་གནས་ཁང་གི་ཚོགས་མི་སྐུ་ཞབས་ཨེ་རོན་སི་ཊན་ Aaron Stern ལགས་ཀྱིས་གཏམ་བཤད་པ་ལྷོ་ཨ་ཕི་རི་ཀ་ནས་ཕེབས་པ་ལྕམ་སྐུ་པུམ་ལ་ Pumla Gobodo Madikizela མཆོག་ངོ་སྤྲོད་ཞུས་པ་དང་དེ་རྗེས་པུམ་ལ་མཆོག་གིས་གསུང་དོན། 

ཐོག་མར་གུས་མོ་རང་ཉིད་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བཞུགས་སྒར་དུ་བཅར་ནས་སྐད་ཆ་ཤོད་རྒྱུའི་གོ་སྐབས་ཐོབ་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།  ཡེ་ཤུའི་བླ་ཆེན་ཊུ་ཊུ་ Archbishop Desmond Mpilo Tutu མཆོག་གིས་སྐུ་ཉིད་ལ་འཚམས་འདྲི་ཞུ་རོགས་ཞེས་གུས་མོར་བཀའ་མངགས་གནང་བྱུང་།  གུས་མོ་རང་ཉིད་རེས་གཟའ་ཟླ་བའི་ཉིན་ཡེ་ཤུའི་བླ་ཆེན་ཊུ་ཊུ་གཏན་ཞལ་རྣམ་གཉིས་ཀྱི་བགྲེས་ཤག་ལ་བཅར་བ་ཡིན། བགྲེས་ཤག་དེ་གྲོང་ཁྱེར་ཀེན་ཊ་འོན་ Cape Town ནས་རྒྱང་ཐག་ཆུ་ཚོད་ ༢ ཙམ་རེད། སྐབས་དེར་གུས་མོ་རང་ཉིད་བླ་ཆེན་མཆོག་ལ་རིང་མིན་བཞུགས་སྒར་དུ་བཅར་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་རྒྱུ་ཡིན་སྐོར་སོགས་ཞུ་སྐབས་ཁོང་དང་ཁོང་གི་སྐུ་ཟླ། དེ་བཞིན་སྲས་མོ་དང་བཅས་ཐུགས་ཧ་ཅང་དགྱེས་ཚོར་ཆེན་པོས་༸གོང་ས་ཏཱ་ལའི་བླ་མཆོག་མཇལ་སྐབས་བརྩེ་དུང་ལྷད་མེད་ཀྱི་འཚམས་འདྲི་ཞུ་རོགས་ཞེས་བཀའ་མངགས་གནང་བྱུང་། སྐུ་ཉིད་ཀྱིས་བྱམས་བརྩེ་དང་འབྲེལ་བའི་ལམ་སྟོན་དེ་དག་གིས་གུས་མོའི་སེམས་ནང་སྙིང་སྟོབས་སྐྱེ་རྒྱུར་ཕན་ཐོགས་ཧ་ཅང་བྱུང་། 

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་རྒྱུར།   དེ་རིང་གུས་པར་འདིར་ཨུ་བྷུན་ཏུ་ Ubuntu འདུ་ཤེས་གོང་མཐོར་སྤེལ་བའི་ལས་དོན་ཐོག་ལས་ཀ་བྱས་པའི་ཉམས་མྱོང་སྐོར་ལ་སྐད་ཆ་ཤོད་དགོས་པ་བཀའ་གནང་བྱུང་། ལྷག་པར་དུ་གུས་མོ་རང་ཉིད་དེ་སྔ་རང་ཡུལ་དུ་མི་རིགས་དཀར་ནག་དབྱེ་འབྱེད་ apartheid སྐབས་ཀྱི་མྱོང་ཚོར་དང་སྦྲགས། འཁོན་འཛིན་སྤངས་པའི་བཟོད་བསྲན་ཉམས་ལེན་དང་འབྲེལ་བའི་སྐོར་ལ་རེད། དེ་ནི་གཙོ་བོ་མི་རིགས་དཀར་ནག་གི་དབྱེ་འབྱེད་སྲིད་བྱུས་མཚམས་བཞག་མཚམས་མི་རིགས་དཀར་ནག་གི་འབྲེལ་ཡོད་སྐུ་ཚབ་དབར་བཟོད་སྒོམ་དང་འཁོན་འཛིན་སྤངས་ཏེ་དྲང་བདེན་གྱི་ཕྱོགས་སུ་གོམ་སྟབས་གསར་པ་ཞིག་སྤོ་ཆེད། དྲང་བདེན་དང་འཁོན་འཛིན་སྤངས་པའི་འཆམས་མཐུན་གྱི་སྒྲིག་འཛུགས་ Truth and Reconciliation Commission ཞེས་པ་བཙུགས་པའི་གནས་སྟངས་དང་འབྲེལ་བ་ཡོད།

སྤྱིར་ཨུ་བྷུན་ཏུ་ Ubuntu འདུ་ཤེས་སྐོར་ལ་འགྲེལ་བཤད་རྒྱག་རྒྱུ་ཡིན། གུས་མོའི་འགྲེལ་བཤད་དེ་དག་ཡོངས་གྲགས་ Ubuntu ཞེས་པ་དེར་ཤེས་ཡོན་ཅན་དང་རྩོམ་ཡིག་ནང་འགྲེལ་བཤད་དེ་དག་དང་རྒྱབ་འགལ་དུ་འགྲོ་རྒྱུ་རེད། ཕྱོགས་མཚུངས་དེ་སྔ་དུས་རབས་ ༡༧ ནང་ཕ་རན་སིའི་ལྟ་གྲུབ་སྨྲ་བ་རེ་ནེ་ཌི་སི་ཀར་ཏེ་ René Descartes མཆོག་གིས་ “I think; therefore I am” ཞེས་རྟོག་བློ་སྐྱེས་པ་ཙམ་རྒྱུ་མཚན་དུ་བྱས་ནས་རང་ཉིད་ཡོད་པ་བསྒྲུབས་ཡོད། དེ་དག་ཡང་མི་མཐུན་པ་ཞིག་རེད།
ཨུ་བྷུན་ཏུ་ Ubuntu ཞེས་པའི་འདུ་ཤེས་ཀྱི་གཞི་རྟེན་དེ་གཞན་སུ་ལའང་བརྟེན་མི་དགོས་པར་གང་ཟག་རང་རྐྱ་བ་ཞིག་ལ་གཞི་བཅོལ་ནས་ངོས་འཛིན་བྱས་པ་ཡིན་ན་ལོག་ཤེས་རེད།  རང་ཉིད་འཚོ་རྒྱུ་དེ་གཞན་དང་འབྲེལ་བ་ཧ་ཅང་ཤུགས་ཆེན་པོ་ཡོད་ཅིང་། གཞན་ལ་རྩ་བ་ནས་བརྟེན་མི་དགོས་པར་གང་ཟག་རང་རྐྱ་བ་ཞིག་གནས་ཐུབ་ཐབས་མེད།  ཡེ་ཤུའི་བླ་ཆེན་ཊུ་ཊུ་ Archbishop Desmond Mpilo Tutu མཆོག་གིས་བརྩམས་པའི་ (No Future without Forgiveness ) ཞེས་པའི་ནང་དུའང་རང་གི་བདེ་སྡུག་དང་གཞན་གི་བདེ་སྡུག་གི་འབྲེལ་བ་དེ་བྲལ་དུ་མེད་པ་ཞིག་ཡིན་པ་གསུངས་ཡོད། 

ང་ཚོའི་ཡུལ་སྐད་ནང་དུའང་རང་ཉིད་མི་ཞིག་ཡིན་བསམ་པའི་གཞི་མའི་འདུ་ཤེས་དེ་ཉིད་ཀྱང་མི་གཞན་ལ་ལྟོས་ནས་ཡོང་དགོས། ཞེས་བཤད་སྲོལ་ཡོད། དེར་བརྟེན་རང་ཉིད་མི་ཡིན་བསམས་པའི་གཞི་མའི་འདུ་ཤེས་དེ་རང་ཉིད་གཞན་ལ་ཧ་ཅང་ལྟོས་ནས་ཡོང་དགོས་པ་ཞིག་ཡིན།  ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ནེལ་སན་མན་ཌེ་ལ་ Nelson Mandela མཆོག་བཙོན་ཁང་ནས་གློད་བཀྲོལ་ཐོབ་རྗེས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ཨུ་བྷུན་ཏུ་ Ubuntu ཞེས་པའི་ཐ་སྙད་དེ་ངེས་པར་འཇོག་དགོས་པའི་ལམ་སྟོན་ལྟར་ང་ཚོའི་རྩ་ཁིམས་ནང་ Ubuntu ཐ་སྙད་དེ་བཞག་ཐུབ་ཡོད།  ཅེས་སོགས་ཞུས།

སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།  ཚིག་ཙམ་ལའང་ཁྱད་པར་ཏན་ཏན་འདུག གཙོ་བོ་བྱང་ཆུབ་སེམས་པའི་སྡེ་སྣོད་དང་འབྲེལ་བ་ཡོད་པ་རེད། མ་ནམ་མཁའི་མཐའ་དང་མཉམ་པ་ཟེར་བ་ལྟ་བུ་ཚིག་དེར་ནུས་པ་ཧ་ཅང་འདུག མ་རྒན་སེམས་ཅན་ཐམས་ཅད་བརྗོད་སྐབས་ཚིག་དེ་སེམས་ལ་ནུས་པ་ཧ་ཅང་འདུག ཕ་རྒན་སེམས་ཅན་ཐམས་ཟད་བརྗོད་ན་ཚིག་དེ་ཙམ་བདེ་པོ་མི་འདུག  (བཞད་མོ་བཞད་)གང་ལྟར་མི་ལ་མའི་བརྩེ་བ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་མཚོན་གི་འདུག ཅེས་སོགས་བཀའ་སློབ་སྩལ་བ་མ་ཟད།

དེང་དུས་ཤེས་ཡོན་ལམ་ལུགས་ནང་འགྲོ་བ་མིའི་གཞི་རྩའི་བཟང་སྤྱོད་ཀྱི་སློབ་གསོ་སློབ་ཚན་དུ་འཇོག་གལ་ཆེ་སྐོར་དང་།  རང་གཅེས་འཛིན་གྱི་བློ་དེ་ཤུགས་ཆུང་དུ་བཏང་ནས་གཞན་གཅེས་འཛིན་གྱི་བློ་དེ་ཇི་ཙམ་ཤུགས་ཆེ་རུ་བཏང་བ་དེ་ཚོད་ཀྱིས་སྣང་སྲིད་གཉེན་ལ་ཤར་ཐུབ་པ་དང་།  དེང་སྐབས་ཤེས་ཡོན་ལམ་ལུགས་དེ་ནུབ་ཕྱོགས་ནས་དར་བ་ཞིག་ཡིན་པ་དང་།  དེང་དུས་ཤེས་ཡོན་ལམ་ལུགས་ནང་གཙོ་ཆེར་ཕྱི་དངོས་པོའི་རྣམ་གཞག་གཙོ་འདོན་བྱས་པ་མ་གཏོགས།  མིའི་ལྷན་སྐྱེས་བྱམས་པ་དང་བརྩེ་བ། བཟོད་བསྲན། ཆོག་ཤེས། རང་ཁྲིམས་རང་སྲུང་། སོགས་བཟང་པོའི་རིན་ཐང་གོང་མཐོར་གཏོང་རྒྱུའི་ཐད་དོ་སྣང་རྩ་བ་ནས་བྱེད་ཀྱི་མེད་སྟབས།  དེང་དུས་ཤེས་ཡོན་ལམ་ལུགས་ནང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གཞི་རྩར་འཛིན་པའི་རིས་མེད་ཀྱི་བཟང་སྤྱོད་སྐོར་སློབ་གསོ་སྤྲོད་དགོས་པ་གལ་ཆེ་ཚུལ་སོགས་བཀའ་སློབ་གཟབ་རྒྱས་སྩལ་བསྟུན། ཚོགས་བཅར་བའི་དྲི་བར་བཀའ་ལན་སྩལ་འདུག