འཛམ་གླིང་གི་ཆོས་ལུགས་རྣམས་འཛམ་གླིང་ཞི་བདེའི་ཆེད་དུ་ཡིན།
ནང་པ་སངས་རྒྱས་པ་དང༌། ཡེ་ཤུ། ཁུང་ཙི། ཧིན་དུ། ཁ་ཆེ། གཅེར་བུ་བ། ཡ་ཧུ་ད་པ། སིག ཏའོ། ཛོ་ར་སི་བཅས་འཛམ་གླིང་ཆོས་ལུགས་ཆེ་ཁག་ཚང་མར་བྱངས་བརྩེའི་བསམ་ཚུལ་ཕྱོགས་མཐུན་ལྟ་བུར་ཡོད་པ་དང༌། ཆོས་ཀྱི་ཉམས་ལེན་ཐོག་ནས་འགྲོ་བ་མིའི་རིགས་ལ་ཕན་པ་སྒྲུབ་པའི་དམིགས་ཡུལ་གཅིག་མཚུངས་སུ་ཡོད་པ། རྗེས་འབྲངས་སློབས་མ་རྣམས་མི་བཟང་པོ་ཞིག་ཏུ་སྒྱུར་རྒྱུའི་ནུས་པ་སྤྱི་མཚུངས་སུ་ཡོད་པ་ཞིག་ཡིན་པར་ཁོ་བོས་ངོས་འཛིན་བྱེད་ཀྱི་ཡོད། ཆོས་ལུགས་ཚང་མས་རྫུན་མི་སྨྲ་བ་དང༌། མ་བྱིན་པར་མི་ལེན་པ། སྲོག་གཅོད་སྤོང་བ་ལ་སོགས་པའི་ལུས་ངག་ཡིད་གསུམ་གྱི་བྱ་བ་ཚུལ་བཞིན་དུ་བྱེད་དགོས་པའི་སྤྱོད་བཟང་བསླབ་ཁྲིམས་སློབ་སྟོན་བྱེད་པ་ཡིན། སྟོན་པ་ཆེན་པོ་རྣམས་ཀྱིས་ལམ་སྟོན་མཛད་པའི་ཐུན་མོང་གོ་བསྒྲུབ་བྱ་སྤྱོད་བཟང་བསླབ་ཁྲིམས་ཞེས་པ་དེ་དག་གི་སྙིང་པོ་ནི། རང་གཅེས་འཛིན་གྱི་དབང་དུ་མ་སོང་བ་བྱེད་དགོས་པ་དེ་ཡིན། སྟོན་པ་ཆེན་པོ་རྣམས་ཀྱིས་རང་གི་རྗེས་འབྲངས་སློབ་མ་རྣམས་མ་རིག་པས་ཀུན་ནས་བསླངས་པའི་སྡིག་སྤྱོད་ཀྱི་ལམ་ལས་བསྐྱབས་ཏེ་དགེ་བའི་ལམ་བཟང་སྟོན་པར་མཛད་པ་ཡིན། དཀའ་རྙོག་ཀུན་གྱི་འབྱུང་གཞིན་ལྟེ་བ་རང་གཅེས་འཛིན་དང་ཚུལ་མིན་ཡིད་བྱེད་ཀྱི་བློ་འགོག་དགོས་པ་གལ་གནད་ཆེན་པོ་ཡིན་པར་ཆོས་ལུགས་ཚང་མས་མོས་མཐུན་གཅིག་གྱུར་དུ་ཡོད་ལ། ཆོས་ལུགས་རེ་རེས་ཞི་བའི་རང་བཞིན་དང༌། ཚུལ་ལུགས་བཟང་བ། བསླབ་ཁྲིམས་ལྡན་པ། ཤེས་རབ་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་པའི་མཐར་པའི་གོ་འཕང་ཞིག་ཏུ་བཀྲི་བའི་ལམ་བཟང་སྟོན་གྱི་ཡོད། བསམ་གཞི་འདིའི་ཐོག་ནས་ཆོས་ལུགས་ཡོངས་ཀྱི་སྙིང་དོན་བསླབ་བྱ་གཅིག་གྱུར་ཡིན་པར་ཁོ་བོས་ཡིད་ཆེས་ཡོད། ལྟ་བ་མི་འདྲ་བའི་རྣམ་བཞག་མཐའ་དག་ཡུལ་དུས་གནས་སྐབས་དང༌། རིག་གཞུང་གོམ་སྲོལ་གྱི་ཤུགས་རྐྱེན་ལ་བརྟེན་ནས་བྱུང་བ་ཡིན། འཁོར་འདས་ཀྱི་རྣམ་བཞག་སྐོར་གྲུབ་མཐའི་རྩོས་གླེང་བྱ་རྒྱུ་ནི་མཐའ་མེད་པ་ཞིག་རེད། གང་ལྟར་ཡང༌། ཐབས་ཚུལ་མི་འདྲ་བ་འདི་འདྲའི་ཐོག་ཏུ་རྩོད་གླེང་བྱེད་པ་ལས། ཆོས་ལུགལ་ཁག་ཚང་མས་ཐུན་མོང་དུ་སློབ་སྟོན་བྱདེ་པའི་བསླབ་ཁྲིམས་བཟང་པོ་རྣམས་རང་རང་གི་ཉིན་རེའི་མི་ཚེའི་ཐོག་ལག་ལེན་མཉམ་སྤྱོད་ཅི་ཐུབ་བྱེད་པ་དེ་ཁེ་ཕན་ཆེ་བར་མངོན། ནང་དོན་རྒྱས་པ་་་་་ |