ཁོར་ཡུག་གི་སྐོར།

༄༅། །དེང་སང་འཛམ་གླིང་ཐོག་སྲོག་ལྡན་ཀུན་གྱི་འཚོ་བའི་རྟེན་གཞིར་གྱུར་བའི་ཁོར་ཡུག་གི་གནས་སྟངས་ཉམས་རྒུད་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར།  རང་ཅག་སྐྱེ་འགྲོ་ཚང་མས་རང་ནུས་ལ་དཔག་པའི་སྣོད་བཅུད་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་ཡོང་བའི་ཐབས་ཚུལ་ལ་དུས་དང་རྣམ་པ་ཀུན་ཏུ་འབད་བརྩོན་བྱེད་གལ་ཤིན་ཏུ་ཆེ་བ་ཡིན།  ཁོར་ཡུག་སྐྱོན་མེད་གཙང་མར་གནས་པའི་དགེ་མཚན་ནི། དཔེར་ན། ཆུང་ས་ནས་བཤད་ན། ལྗོན་ཤིང་བཟང་པོས་རླུང་ཁམས་གཙང་མར་གནས་པར་བྱེད་ཅིང་། དེས་སྐྱེ་བོའི་སྲོག་རླུང་གཏོང་ལེན་ལ་རམ་འདེགས་བྱས་ཏེ་འབྱུང་ཁམས་ཆ་སྙོམས་ལ་གནས་པ་དང་ཚེ་བསྲེངས་བར་བྱེད་པ་ཡིན།  དེ་བཞིན་གྲིབ་བསིལ་སྣུམ་པོ་ངལ་གསོ་བའི་གནས་སུ་གྱུར་པ་དང་།  ལྷག་པར་རྩི་ཤིང་བསྐྱེད་བསྲིང་ལེགས་པོ་བྱུང་ན་ཆར་ཆུ་དུས་སུ་འབེབས་ཤིང་།  ལོ་ཕྱུགས་ལེགས་པ་དང་། ཚ་གྲང་སྙོམ་པ། ཡུལ་ཁམས་བལྟ་ན་སྡུག་པའི་མཛེས་ཉམས་ལྡན་པ། ཉམས་དགའ་བའི་གནས་དེར་ཕྱིའི་ལྗོངས་རྒྱུ་བ་དག་ཀྱང་རྒྱུན་མི་འཆད་དུ་ཡོང་ནས་བདེ་སྐྱིད་ཀྱི་ཚོར་བ་སྤྲོད་པ་དང་ཤེས་རིག་འཕེལ་རྒྱས། དཔལ་འབྱོར་འདུ་འགོད་སོགས་ངང་གིས་འཕེལ་རྒྱས་ཡོང་བ་ཡིན།

ལྷག་དོན་འབྲས་བུ་ཅན་གྱི་ཤིང་སྣང་འགྲོ་བ་མིའི་རིགས་གཙོ་བོར་གྱུར་པའི་སེམས་ཅན་མང་པོ་ལ་འཚོ་བཅུད་སྦྱིན་ཞིང་། དེ་ལ་བརྟེན་ནས་ལུས་སྟོབས་རྒྱས་པ། ཟས་ཀྱི་དང་ག་འབྱེད་པ་སོགས་ཕན་ནུས་ཆེན་པོ་ཡོད།   མེ་ཏོག་ལ་ཆ་མཚོན་ན་ཡང་།  རང་ཉིད་གང་དུ་གནས་པའི་ཁོར་ཡུག་ཏུ་ཁ་དོག་རྣམ་པར་བཀྲ་བའི་མེ་ཏོག་སྣ་ཚོགས་བཞད་དེ་ཡོད་ན་ཡིད་བག་ཕེབས་ཤིང་བདེ་བའི་འཚོ་བ་སྟེར་བ་དང་། ལྷག་པར་རླུང་ནད་ཅན་དང་། སེམས་ཁམས་མི་བདེ་བའི་རིགས་ལྡུམ་རིའི་ནང་དུ་འཆམ་འཆམ་དུ་བསྐྱོད་དེ་རེ་ཞིག་བག་ཡངས་ཀྱིས་བསྡད་ན། སེམས་ངལ་གསོས་ཤིང་ཡིད་ལ་བདེ་བ་སྟེར་བའི་ཁྱད་ནུས་ཡོད། ཆོས་པ་ཞིག་ཡིན་ན་ཡིད་འོང་རང་བྱུང་གི་དངོས་ཁམས་རྣམས་མཐོང་བ་ན་དམིགས་པ་དང་བཅས་ཏེ་མཆོག་གསུམ་ལ་མཆོད་པའི་ཚུལ་དུ་ཕུལ་བ་ཡིན། དེས་བསོད་ནམས་ཀྱི་ཚོགས་རླབས་ཆེ་བདེ་བླག་ཏུ་གསོག་ཐུབ་པའི་ཕན་ཡོན་ཡོད།

ཆོས་ཕྱོགས་ནས་བཤད་ན། སྟོན་པ་བཅོམ་ལྡན་འདས་ལྗོན་པའི་དྲུང་དུ་སྐུ་བལྟམས་པ་དང་། ལྗོན་པའི་དྲུང་དུ་བྱུང་ཆུབ་བརྙེས་པ། མཐར་ལྗོན་པའི་དྲུང་དུ་སྐུ་མྱ་ངན་ལས་འདས་པ་བཅས་ཀྱི་གནས་ཚུལ་ཡོད་པ་དང་། ལྷག་པར་དམ་ཆོས་འདུལ་བའི་ནང་དགེ་སློང་རྣམས་ལ་ལྗོན་ཤིང་འདེབས་བསྲིང་གི་ཚུལ་གདམས་པ་སོགས་ལ་ལྗོན་ཤིང་འདེབས་ལས་ནི་དགེ་བའི་ལས་སུ་འཁྱེར་ནུས་པའི་ཆ་རྐྱེན་ལྡན་ཡོད་པ་རྟོགས་ནུས།
ཁོར་ཡུག་སྦག་བཙོག་གི་ཉེས་པ་ནི།  མཚོ་དང་མཚེའུ་ཡི་དྭགས་བསིལ་གྱི་ཡོན་ཏན་ཉམས་ཤིང་།  དེ་དག་ལ་གནས་པའི་སྲོག་ཆགས་བར་དུ་གཅོད་པ། རྩི་ཤིང་ནགས་ཚལ་སྟོངས་པས་ས་ཡི་བཅུད་ཉམས་པ། ཆར་ཆུ་དུས་སུ་མི་བབ་པ། སྔོན་མེད་ཀྱི་རླུང་འཚུབ་དྲག་པོ་ལྡང་བ། ཆུ་ལོག་རྒྱས་པ། ནད་རིགས་སྣ་ཚོགས་ཁྱབ་གདལ་འགྲོ་བ་སོགས་ཀྱི་འགལ་རྐྱེན་མཐའ་ཡས་པ་ཞིག་ཡོང་གི་ཡོད་པ་དེང་གི་མཐོས་ཆོས་ནས་གསལ་པོ་ཡོད།
དེས་ན།  ཆེ་ས་ནས་ནགས་ཚལ་དང་གཅན་གཟན་རི་དྭགས་བཅས་སྲུང་སྐྱོབ་དང་། རྡུལ་ཕྲན་གྱི་དུག་རྫས་སྙིགས་རོ་ས་སྦས་ཕུང་གསོག་བཀའ་འགོག ཆུང་ས་ནས་ཤིང་འབྲས་ཀྱི་པགས་པ་དང་། ཤོག་བུ། འགྱིག་ཤོག  ཤེལ་དམ། གོས་རྙིང་།  ཟས་ཀྱི་ལྷག་མ་སོགས་གད་སྙིགས་ཀྱི་རིགས་གང་བྱུང་གཡུག་པ་དང་། བཙོག་གཅིན་གང་སར་གཏོང་བ་བཅས་ནི་ཡུལ་གྱི་མཛེས་སྡུག་དང་། གཙང་སྦྲ་འཕྲོད་བསྟེན་གཉིས་ཀར་གནོད་ཀྱི་ཡོད་པས་སྤོང་ཐབས་བྱེད་དགོས།
དེ་ལྟ་བུའི་ཁོར་ཡུག་ལ་དོ་སྣང་དང་སེམས་ཁུར་མེད་པའི་བྱ་སྤྱོད་ཀྱིས་རང་བྱུང་དངོས་ཁམས་ཉིན་ཚབས་ཀྱི་གནས་སུ་བསྒྱུར་སྲིད་ཅིང་། དེས་ད་ལྟ་འཚོ་བཞིན་པའི་མི་རབས་འདི་སྨོས་ཅི།  འབྱུང་འགྱུར་གྱི་མི་རབས་རྣམས་ལ་ཡང་གནོད་ཚབས་དང་འཇིག་ཉེན་ཤིན་ཏུ་ཆེ་བའི་གནོད་འཚེ་ཡོང་རྒྱུ་ཡིན་པའི་གནས་ཚུལ་རྣམས་ངོས་འཛིན་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་ཡིན།
________________________________________
<<བཀའ་སློབ་སྙིང་གི་ནོར་བུ།>>ལས་བཤུས།