༄༅། ། ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༣༡ ཉིན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་མཇུག་བསྡོམས་ཐོག་སྩལ་བའི་བཀའ་སློབ།

༄༅། །བོད་རྒྱལ་ལོ་ ༢༡༣༧ ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༣༡ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་སེ་རའི་ཚོགས་ཆེན་འདུ་ཁང་དུ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་མཇུག་བསྡོམས་ཚོགས་འདུའི་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་དོན།


     དེ་རིང་འདིར་དམིགས་བསལ་གྱི་ཚོགས་ཆེན་ཞིག་ཚོགས་ཡོད་པར་ཕྱོགས་མཐའ་ཁག་ནས་ཆེད་མངགས་ཚོགས་ཞུགས་གནང་མཁན་ཚོ་དང༌། དེ་བཞིན་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས་པའི་རྣམ་པ་ཚོ་མང་པོ་ཞིག་ཕེབས་འདུག དེ་བཞིན་ཚོགས་འདུ་ཚོགས་སའི་བབ་ནས་བྱས་ཏེ་སེ་ར་བྱེས་སྨད་གྲྭ་ཚང་གཉིས་ཀྱི་དགེ་འདུན་པ་ཁག་གཅིག་བཅས། དེ་རིང་འདིར་ཕེབས་པའི་ཁྱེད་རང་ཚོ་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན། དེ་སྔ་ང་ཚོས་འདི་ག་སྦེལ་ཀོབ་ཏུ་ལས་བསྡོམས་ཚོགས་འདུ་གཅིག་ཚོགས་ཡོད། སྐབས་དེར་ང་ཚོའི་གྲྭ་ཚང་ཚོ་སྐྱོ་པོ་ཡིན་པས་མཐུན་རྐྱེན་དེ་ཙམ་འཛོམས་པོ་མེད། དེ་དུས་ངོས་ནས་ང་ཚོའི་གཞིས་ཆགས་ཁག་ཚགས་ཚུད་ཡག་པོ་ཞིག་བཟོ་ཐུབ་ན་མ་འོངས་པར་བོད་གཞིས་བྱེས་གཉེན་འཕྲད་བྱ་རྒྱུས་མཚོན་པའི་ཕར་འགྲོ་ཚུར་འོང་གི་གོ་སྐབས་ཤིག་ཏན་ཏན་ཡོང་སྲིད། དེ་འདྲ་བྱུང་སྐབས་གཞིས་ལུས་རྒྱ་ཆེའི་མི་མང་བོད་ནང་སྡུག་བསྔལ་དང༌། འཇིགས་སྣང༌། དངངས་སྐྲག་བཅས་ཀྱི་འོག་སྡོད་མཁན་ཚོ་འདི་ཕྱོགས་སླེབས་སྐབས་སེམས་ནང་དགའ་ཚོར་སྐྱེ་བ་ཞིག་ང་ཚོས་བཟོ་དགོས། ཞེས་བརྗོད་ཡོད། དེ་ནས་ད་བར་ལོ་མང་པོ་ཞིག་སོང་ཞིང་འདི་གར་ང་ཚོས་མི་འདུག་མི་འདུག་ཅེས་སྡུག་སྐད་རྒྱག་གིན་རྒྱག་གིན་ལ་ཡར་རྒྱས་མིག་གིས་མཐོང་རྒྱུ་ཡོད་པ་ཞིག་བྱུང་ཡོད། དེ་རིང་འདིར་ཚོགས་འདུ་འདི་འདྲ་ཞིག་ཚོགས་ཐུབ་པར་ཧ་ཅང་ཡག་པོ་བྱུང་འདུག འདིར་གཞིས་སྒར་དང༌། ཆོས་སྒར་ཁག་ཡོད་པ་དེ་སྔ་མཐོང་མ་མྱོང་བ་ཚོས་མཐོང་སྐབས་རྒྱ་གར་ལྷོ་ཕྱོགས་ལ་གཞིས་ཆགས་འདི་ལྟ་བུ་འདུག་བསམ་པ་ཞིག་ཁྱེད་རང་ཚོའི་བློ་ལ་འཆར་བ་ཞིག་ཆགས་པ་ཡག་པོ་བྱུང་འདུག ཁྱེད་རང་ཚོས་འདིར་ཉིན་ཤས་རིང་གོ་བསྡུར་ཞིབ་ཚགས་དང་ཚོགས་ཆུང་ཆ་བགོས་ཀྱིས་གོ་བསྡུར་འདོད་པ་ཚིམ་པ་ཞིག་བྱུང་སོང་ཞེས་ད་ལྟ་བཤད་པ་དེ་ཧ་ཅང་གལ་ཆེན་པོ་རེད། ཐེངས་འདིའི་ཚོགས་སྟངས་ཀྱི་ཉམས་མྱོང་ནས་མ་འོངས་པར་ད་དུང་ལེགས་བཅོས་དང་འབྲེལ་བའི་ཐོག་ནས་འདི་ལྟ་བུ་ཚོགས་འདུ་ཚོགས་ཐུབ་པའི་ཆེད་འཆར་གཞི་དང་འདུན་པ་ཡོད་པ་ཧ་ཅང་ཡག་པོ་རེད། གང་ལྟར་བོད་སྤྱི་པའི་དོན་དག་འདི་ང་ཚོ་ཚང་མས་ལྷག་བསམ་དམ་ཚིག་གཟོང་ཁ་གཅིག་སྒྲིལ་གྱི་ཐོག་ནས་བསྒྲུབ་དགོས་པ་ཡིན། སྐབས་རེ་བོད་སྤྱི་པའི་སྒྲིག་འཛུགས་དེ་ཟུང་དུ་ལྷག་པ་ལྟ་བུ་དང༌། མང་ཚོགས་ཞེས་ཟུར་དུ་ལྷག་པ་ལྟ་བུས་མ་འགྲིག་མ་འཐུས་པ་ཤོད་རྒྱུ་ཞིག་ཡོང་གི་ཡོད། ང་རང་དུས་རྒྱུན་བོད་མིའི་གཞིས་ཆགས་ཁག་ཏུ་ཡོང་སྐབས་ངས་འདི་ལྟར་བརྗོད་ཡོད། ཁྱེད་རང་ཚོར་མ་འགྲིག་མ་འཐུས་པ་ཏན་ཏན་ཡོང་གི་རེད། སྔོན་ལ་མ་འགྲིག་མ་འཐུས་པ་ཤོད་ས་ཡོད་པ་འདི་ཧ་ཅང་ཡག་པོ་ཡིན། འགྲིག་གི་མེད་ན་འགྲིག་གི་མི་འདུག་ཅེས་ཤོད་སའི་ང་ཚོའི་སྤྱི་པའི་སྒྲིག་འཛུགས་འདི་མེད་ན། བདེ་སྡུག་སུ་ལ་ཤོད་དུ་འགྲོ་རྒྱུ་ཡིན་ནམ། དེར་བརྟེན་བདེ་སྡུག་ཤོད་ས་མེད་པ་ལས་ཡོད་པ་འདི་ཧ་ཅང་དྲིན་ཆེ་གི་རེད་ཅེས་བརྗོད་ཀྱི་ཡོད། ད་ལྟ་ང་ཚོ་བཙན་བྱོལ་བ་བོད་མི་ཆིག་འབུམ་ལྔ་ཁྲི་ཙམ་ཡོད། གལ་ཆེ་ཤོས་གཞིས་ལུས་རྒྱ་ཆེའི་མི་མང་ས་ཡ་དྲུག་ཡོད་པ་དེ་དག་གི་བློ་ང་ཚོ་རང་དབང་ལུང་པར་ཡོད་པའི་བོད་མིའི་གོང་བུ་འདི་ལ་གཏད་ཀྱི་ཡོད། དེ་ནི་ངོས་མི་གཅིག་གི་སྐད་ཆ་མིན། གང་ལྟར་བཙན་བྱོལ་ལ་ཡོད་པའི་བོད་པ་རྣམས་ལ་བློ་གཏད་ཀྱི་ཡོད། གཞིས་ལུས་རྒྱ་ཆེའི་མི་མང་གི་བློ་གཏད་ས་ང་རང་ཚོ་ནང་ཁུལ་ཚང་མ་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་པ་ལས། སྤྱི་པའི་སྒྲིག་འཛུགས་ཁྱ་རེ་ཁྱོ་རེར་གནས་ཡོད་པ་འདི་རྡོག་སྒྲིལ་པོ་ཞིག་མ་བྱུང་ན་ཡག་པོ་མེད། རྡོག་སྒྲིལ་པོ་ཡོང་བ་ལ་རྡོག་སྒྲིལ་པོ་བྱེད་དགོས་ཞེས་འབོད་སྐུལ་བྱས་པ་ཙམ་གྱིས་མི་འགྲིགས་པར། ང་རང་ཚོ་གཞུང་མང་གཉིས་ཀའི་ཐོག་ནས་ལས་ཀ་གང་འདྲ་བྱེད་དགོས་པ་དེ་དག་ཚང་མས་ཤེས་པ་བྱས་ཏེ་གནས་ཚུལ་གསལ་པོ་བྱུང་ན་ཡིད་ཆེས་སླེབས་ཀྱི་རེད། ཡིད་ཆེས་ཞེས་པ་འདི་ནི་རྡོག་རྩ་ཆིག་སྒྲིལ་ཡོང་བའི་རྩ་དོན་ཡིན། གུང་ཁྲན་ཏང་ལ་ཆ་བཞག་ན་མཐུན་སྒྲིལ་མཐུན་སྒྲིལ་ཞེས་ལོ་དྲུག་ཅུའི་རིང་བརྗོད་ཡོད་ལ། སྦྱར་ཡིག་ཀྱང་ཧ་ཅང་མང་པོ་ཡོད། གནམ་བདེ་སྒོ་མོ་ཆེའི་ཐང་གི་ཡིག་ཆེན་ཐོག་མཐུན་སྒྲིལ་ཞེས་མང་པོ་བཀོད་ཡོད་ཀྱང་མི་ལ་ཡིད་ཆེས་མེད་ན་མཐུན་སྒྲིལ་གང་འདྲ་བྱས་ཏེ་ཡོང་གི་རེད་དམ། འཇིགས་སྣང་འོག་ཏུ་སྡོད་མཁན་ཞིག་ལ་ཡིད་ཆེས་ཡོང་རྒྱུ་མེད། ཡིད་ཆེས་མེད་ན་མཐུན་སྒྲིལ་ཡོང་ཐབས་མེད། ང་ཚོ་རང་དབང་ལུང་པའི་ནང་བསྡད་ཡོད་པ་དང༌། ང་རང་ཚོ་ཡིད་ཆེས་ཡོང་བའི་ཆ་རྐྱེན་གཅིག་ནི་ང་རང་ཚོ་གཅིག་གིས་གཅིག་ལ་གོ་བསྡུར་བྱས། དེ་རིང་གི་ཚོགས་ཆེན་འདི་ལྟ་བུ་མི་མང་པོ་འདུ་འཛོམས་ཐོག་ཕྱི་གསལ་ནང་གསལ་བྱུང་སྐབས་ཡིད་ཆེས་སླེབས་ཀྱི་ཡོད། ཕྱི་གསལ་ནང་གསལ་མེད་ན་འོ་ད་རྡ་རམ་ས་ལར་གཅིག་ཡོད་པ་རེད་ཟེར་བ་ལྟ་བུ་དང༌། བར་དེར་མགོ་ཚོས་ལ་མ་ཚོས་ཁ་ཤས་ཀྱིས་སྐད་ཆ་ཤོད་སྐབས་གང་འདྲ་ཡིན་ནམ་བསམ་པ་དྲན་སྲིད་པ་རེད། དེར་བརྟེན་མང་ཚོགས་དང་ལྷན་དུ་གང་ཐུབ་བགྲོ་གླེང་དང་གོ་བསྡུར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག ང་ཚོའི་སྟོབས་ཤུགས་ནི་མཐུན་སྒྲིལ་དང་དམ་ཚིག་ཆིག་སྒྲིལ་གྱི་ཐོག་ནས་ཡོང་བ་ཡིན། དམ་ཚིག་ཆིག་སྒྲིལ་ཡོང་བ་ལ་ཡིད་ཆེས་དགོས་པ་དང༌། ང་ཚོས་ལས་ཀ་བྱས་པ་རྣམས་ཁ་ཞེ་གཉིས་མེད་དང༌། རྒྱང་དེང་ཕུགས་གསུམ་ཐོག་བསམ་པ་རྣམ་དག་གིས་ལས་ཀ་བྱེད་བཞིན་ཡོད། དེ་དག་ནི་རྒྱུ་མཚན་ལྡན་པ་དང༌། ཕྱི་གསལ་ནང་གསལ་བྱས་པ་རེད། ཞེ་ཕུགས་ལ་དོན་གཞན་ཞིག་བཅངས། ཁ་ནས་སྐད་ཆ་གཞན་ཞིག་བཤད་ན་དོན་ཕན་ཏིལ་འབྲུ་ཙམ་མེད། དེར་བརྟེན་ང་ཚོས་བདེན་པ་བདེན་ཐུབ་ཀྱི་སྐད་ཆ་ཤོད་ཀྱི་ཡོད་སྟབས། ཇི་ཙམ་གྱི་དྲི་བ་དྲིས་ལན་དང་སྐད་ཆ་མང་བ་བཤད་ན་དེ་ཙམ་གྱིས་བདེན་པའི་ནུས་པ་གསལ་ཐུབ་པ་ཡོང་གི་ཡོད། ང་ཚོ་ལས་ཀའི་འགན་འཁྱེར་མཁན་དེ་དག་གིས་མདུན་ལ་རྣམ་འགྱུར་གཅིག་དང༌། རྒྱབ་ལ་བསམ་བློ་གཏོང་སྟངས་མི་འདྲ་བ་གཞན་ཞིག་བྱས་ནས་གོ་བསྡུར་བྱས་ན་བོང་བུ་ཐོན་རྒྱུའི་ཉེན་ཁ་ཡོད། དེར་བརྟེན་ཕྱི་གསལ་ནང་གསལ་མ་བྱས་པར་སྦུག་སྦུག་བྱས་ཏེ་མ་བསྡད་ཀ་མེད་ཡིན། ང་ཚོས་བསམ་པ་རྣམ་དག་བྱེད་པ་ལས་མདོ་སྦུག་རྒྱབ་མདུན་གང་ཡང་མེད། ཇི་ཙམ་ཕན་ཚུན་ངོ་ཐུག་དང་གོ་བསྡུར་ལྷུག་པོ་བྱེད་རྒྱུ་མང་བ་བྱུང་ན་དེ་ཙམ་གྱིས་དམ་ཚིག་གོང་བུ་ཆིག་སྒྲིལ་ཡོང་རྒྱུར་ཕན་ཐོགས་ཡོད། དེ་ཧ་ཅང་གལ་ཆེན་པོ་ཡིན། དེ་རིང་འདིར་ཚོགས་འདུ་ཧ་ཅང་ཡག་པོ་དང་དངོས་གནས་གྲུབ་འབྲས་ཐོན་པ་བྱུང་ཡོད་པར་བརྟེན་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ལ་དམིགས་བསལ་ཞུ་རྒྱུ་མེད།

         ཤོད་རྒྱུ་ཡོད་པ་རྣམས་ང་ཚོ་བོད་མི་ཚོ་ཐོག་མར་འཐོམ་མ་སངས་པའི་སྐབས་སུ་ངོས་ཀྱིས་ཕར་རྒྱུག་ཚར་རྒྱུག་བྱས་ཏེ་བཤད་ཡོད། དཔེར་ན། མའེ་སོར་གཞིས་ཆགས་ལ་ཆ་བཞག་ན་ཐོག་མར་ཤིང་གཅོད་བྲེག་དང༌། བར་ལ་གླང་ཆེན་གྱིས་གནོད་འཚེ་བྱེད་པའི་སྐབས་བཅས་སུ་ངོས་གཞིས་ཆགས་འདིར་སླེབས་ཏེ་རྒྱུས་ཡོད་ཡིན། སྐབས་དེར་སྐད་ཆ་བཤད་པ་སོགས་གང་ཡོང་ཅི་ཡོང་བྱས་ཡོད། ད་ཆ་མི་རབས་གསར་པ་དེ་དག་རང་གིས་བྱས་མ་བྱས་དང་ལྷག་བསམ་དག་མ་དག་ལ་རག་ལས་པ་ལས་མི་ཤེས་པ་མེད། དེར་བརྟེན་ངོས་ཀྱིས་དེ་ཙམ་ཤོད་དགོས་དོན་མེད། སོ་སོས་ལྷག་བསམ་རྣམ་དག་ཐོག་ནས་བྱས་དང་མ་བྱས་ལ་ཐུག་ཡོད། སྐབས་རེ་མགོ་ཚོས་པོ་ཆགས་སྐབས་མགོ་བདེ་རུ་འགྲོ་བ་དེ་ནི་མི་དགོས་པ་ཞིག་ཡིན། དངོས་གནས་ལྷག་བསམ་གྱི་རྒྱབ་ཁྱོགས་མ་ཁྱོགས་དང༌། བྱེད་ཐུབ་མི་ཐུབ་ལས་ཤེས་མི་ཤེས་ཀྱི་གནད་དོན་མེད། དེར་བརྟེན་ངོས་ནས་ཤོད་རྒྱུ་གང་ཡང་མེད། ངོས་རང་ལོ་རྒས་འགྲོ་གི་ཡོད། སྔོན་མ་ངོས་རང་ཐོག་མར་རྒྱ་གར་ལ་བཙན་བྱོལ་དུ་ཡོང་སྐབས་ལོ་ ༢༤ ཡིན། ལོ་ ༢༥ དང་ ༢༦ དེ་སྐབས་གཞིས་ཆགས་ཁག་ལ་ཕར་ཚུར་མང་པོ་ཕྱིན་པ་ཡིན། ད་ཆ་ལོ་ ༧༦ ལ་སླེབས་ཡོད་ལྷོད་ལྷོད་དུ་སྡོད་རྒྱུ་ཞིག་དགོས་ཀྱང་ལྷོད་ལྷོད་དུ་སྡོད་འཇུག་གི་མི་འདུག ཕར་ཤོག་ཚུར་ཤོག་ཟེར་དུས་བྱ་རྒྱུ་གང་ཡང་མི་འདུག ཕྱིན་ན་ཕྲན་བུ་ཕན་གྱི་ཡོད་པ་ལྟ་བུ་འདུག ང་ཚོའི་འབྲས་དཀར་བསམ་པའི་དོན་གྲུབ་བཞིན་ངས་ཕར་ཕྱིན་ཏེ་གཅིག་བཤད། ཚུར་ཡོང་སྟེ་གཅིག་བཤད་བྱེད་སྐབས་མི་ཚོར་ཕན་གྱི་ཡོད་པ་ལྟ་བུ་འདུག ས་དང་ཆུ་དང་མེ་དང་རླུང༌། །སྨན་དང་དགོན་པའི་ཤིང་བཞིན་དུ། །རྟག་ཏུ་སེམས་ཅན་ཐམས་ཅད་ཀྱིས། །རང་དགར་དགག་མེད་སྤྱད་བྱར་ཤོག །ཅེས་གསུངས་པ་བཞིན་སྨོན་ལམ་འདི་རྒྱག་གི་ཡོད་ལ་ཉམས་ལེན་ཡང་བྱེད་ཀྱི་ཡོད། དེར་བརྟེན་ཕྲན་བུ་ཕན་ས་དེར་འགྲོ་དགོས་ཀྱི་རེད། མ་འཆི་བར་དུ་སོ་སོའི་ལུས་ངག་ཡིད་གསུམ་གྱིས་གཞན་ལ་ཕན་པ་ཞིག་བྱུང་ན་ཆོས་ཀྱི་ཉམས་ལེན་འདི་རེད། གང་ལྟར་ངོས་ཀྱིས་ཞིབ་ཕྲ་ཤོད་དགོས་དོན་མེད། འདས་པའི་ལོ་ ༥༡ ལ་ཕྱི་ལྟས་ཤིག་སློག་པ་ཡིན་ན་ང་ཚོ་བཙན་བྱོལ་དུ་འབྱོར་མ་ཐག་ཤེས་ཡོན་གལ་ཆེན་པོར་བརྩིས་པ་དང༌། པ་ཏ་ནེ་ཧེ་རུས་ཀྱང་ཤེས་ཡོན་གལ་ཆེན་པོ་རེད་ཅེས་མཛུབ་སྟོན་གནང་ཡོད། ནེ་ཧེ་རུ་རང་ཉིད་ཀྱིས་མཛུབ་སྟོན་གནང་བ་བཞིན་རྒྱ་གར་དབུས་གཞུང་གིས་འགན་ཆ་ཚང་བཞེས་ཏེ་འགྲོ་སོང་བཏང་ནས་ང་ཚོའི་སློབ་གྲྭ་དེ་དག་བཙུགས་ཡོད། ད་ལྟ་བར་དུ་ང་ཚོར་གཞི་རྩའི་ཆ་ནས་གྲུབ་འབྲས་ཡག་ཐག་ཆོད་བྱུང་ཡོད། གཞིས་ལུས་རྒྱ་ཆེའི་མི་མང་གི་ཤེས་ཚད་དང་སློབ་གྲྭའི་གནས་སྟངས་ལས་ང་ཚོ་བཙན་བྱོལ་ལ་ཡོད་པ་ཚོ་ཡག་པ་ཆགས་ཡོད། འོན་ཀྱང་ང་ཚོའི་འགན་འདི་མི་རིགས་གཅིག་འགྱེལ་ས་ནས་ལངས་རྒྱུའི་འགན་ཞིག་ཡིན་སྟབས། འགན་དེ་ལ་དཔག་པའི་ང་ཚོའི་སློབ་སྦྱོང་གི་ཚད་གཞི་ལོང་གི་མེད། གཉིས་ནས་འཛམ་གླིང་འདིའི་སྟེང་བོད་པའི་ཆོས་དང་རིག་གཞུང་ཞེས་པ་འདི་སྔ་མོ་ཡིན་ན་ཀློ་པའི་ཆོས་དང་རིག་གཞུང་ལྟ་བུར་མཐོང་གི་ཡོད། འོན་ཀྱང་དེ་རིང་ཁ་སང་དེ་ལྟར་མིན་པར། བོད་ཀྱི་རིག་གཞུང་དང༌། ནང་པ་སངས་རྒྱས་པའི་ཆོས་དང་འབྲེལ་བའི་སེམས་ཁམས་རིག་པའི་རྣམ་གཞག་དང༌། དེ་བཞིན་དངོས་པོའི་གནས་ཚུལ་གྱི་ཡིན་ལུགས་ཇི་ལྟར་ཡིན་མིན་གྱི་ལྟ་གྲུབ་དེ་ཚོར་ཤེས་ཡོན་ཅན་དང༌། ཚན་རིག་པ་ཚོས་དོ་སྣང་བྱེད་དགོས་པ་ཞིག་ཆགས་ཡོད། དེར་བརྟེན་ང་ཚོའི་ཆོས་དང་རིག་གཞུང་འདི་ས་ཁུག་ལུང་ཁུག་གཅིག་གི་གནའ་རབས་ཀྱི་གོམས་གཤིས་ཙམ་མིན་པར། དུས་རབས་ཉེར་གཅིག་པའི་ནང་འཛམ་གླིང་གི་མི་སྤྱིས་བསམ་བློ་གཏོང་རྒྱུར་ཕན་ཐོགས་ཡོད་པ་ཞིག་དང༌། དེ་ལ་ཞབས་འདེགས་བསྒྲུབ་ཐུབ་པའི་རིག་གཞུང་དང་ལྟ་གྲུབ་གཅིག་ཆགས་ཡོད། མི་གཞན་གྱིས་ངོས་འཛིན་དེ་ལྟར་བྱེད་དུས་ང་རང་ཚོ་རང་ཉིད་ཀྱིས་དེ་དག་ཤེས་པ་བྱ་རྒྱུ་གལ་ཆེན་པོ་ཡིན། བོད་ཀྱི་ཆོས་དང༌། རིག་གཞུང༌། ལྟ་གྲུབ་སོགས་གཏིང་ཟབ་ཡོད་པ་དེ་དག་མགོ་སེའི་སར་སློབ་པར་འགྲོ་དགོས་བྱུང་ན་དེ་ནི་ཐབས་སྐྱོ་པོ་ཡིན། ང་ཚོ་བོད་པར་སྐད་ཡིག་གཞན་ཞིག་བརྒྱུད་མ་དགོས་པར་སོ་སོ་རང་ཉིད་ཀྱི་སྐད་ཡིག་ནང་ནས་ཆ་ཚང་སློབ་ཤེས་ཐུབ་པ་ཞིག་ཡོད་སྟབས། དེ་ལ་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་ཡིན་པར་བརྟེན་ང་ཚོའི་སློབ་གྲྭ་ཁག་གི་ཤེས་ཡོན་བར་སྐབས་ནས་ཤེས་ཡོན་སྲིད་བྱུས་སོགས་སྒོ་གང་ས་ནས་ཚགས་ཚུད་ཡོང་བའི་འབད་བརྩོན་བྱེད་ཀྱི་ཡོད། ང་ཚོའི་བོད་ཡིག་དང་བོད་ཡིག་ནང་ཡོད་པའི་ཤེས་ཡོན་དེ་དག་དེང་དུས་ཀྱི་ཤེས་ཡོན་དང་དོ་མཉམ་པ་ཞིག་ཡོང་ཐུབ་པ་བྱ་རྒྱུར་ང་ཚོས་འབད་བརྩོན་བྱེད་བཞིན་ཡོད་པ་འདི་ཧ་ཅང་གལ་ཆེན་པོ་ཡིན། ཤེས་ཡོན་སྐོར་ད་དུང་ཡང་ང་ཚོས་ཡར་རྒྱས་གཏོང་དགོས། སོ་སོས་ཤེས་པ་སོ་སོས་བྱས། སོ་སོའི་མ་ཤེས་པ་རྣམས་མི་གཞན་ལ་སྐད་ཆ་དྲིས། བསླབ་བྱ་ཉན་པ་སོགས་གང་ཡོང་བྱེད་དགོས་པ་ལས་ཆོག་ཤེས་བྱས་ནས་སྡོད་རྒྱུ་མེད། མུ་མཐུད་ནས་ཡར་རྒྱས་ཡོང་ཐབས་བྱ་རྒྱུ་ཧང་ཅང་གལ་ཆེན་པོ་ཡིན། ལོ་གཅིག་ང་ཚོའི་རིགས་གཅིག་རྐང་འཛིན་སྤུས་དག་པོ་ཐོན་དགོས་པ་འདུག་ཅེས་སྐད་ཆ་བྱུང་ཡོད།

       གཉིས་པ་གཞིས་ཆགས་ཀྱི་སྐོར་ཡིན། སྦེལ་ཀོབ་གཞིས་ཆགས་འདི་དང་པོའི་གྲས་རེད། གཞིས་ཆགས་འཛུགས་སྐབས་ང་ཚོས་བོད་པ་ཚོའི་བསམ་བློ་ཐུང་ཐུང་ཡིན་པས་ལོ་ཁ་ཤས་ནང་བོད་ལ་འགྱུར་བ་འགྲོ་གི་རེད་ཟེར་བ་དང༌། བོད་མི་རྣམས་ཧི་མ་ལ་ཡའི་རི་རྒྱུད་ནང་བསྡད་ན་ཡག་ཤོས་ཡིན་པ་དང༌། ལྷོ་ཕྱོགས་མའེ་སོར་ལ་འགྲོ་དགོས་བརྗོད་དུས་སེམས་ཐག་རིང་པོ་བྱེད་པའི་དུས་ཚོད་ཅིག་བྱུང་ཡོད། འོན་ཀྱང་ང་ཚོ་བཙན་བྱོལ་བ་ཆགས་པའི་དཀའ་ངལ་འཕྲད་ས་དེ་སྟོབས་ཆེན་རྒྱལ་ཁབ་གཅིག་དང་ཐུག་ཡོད་སྟབས། དུས་ཡུན་ཐུང་ཐུང་ཞིག་ལ་ཐག་གཅོད་ཐུབ་ཀྱི་རེད་བསམ་པའི་རེ་བ་དེ་དུས་ནས་བརྒྱབ་མེད། རེ་བ་བཟང་ས་ནས་བརྒྱབ། གྲ་སྒྲིག་སྡུག་ས་ནས་བྱེད། ཅེས་བརྗོད་དེ་ང་ཚོ་མི་རབས་ནས་མི་རབས་གཞན་ཡུལ་རང་དབང་ལུང་པར་བསྡད་དེ་བོད་སྤྱི་པའི་དོན་ལ་འཐབ་བརྩོད་བྱེད་དགོས་བྱུང་ན། འཐབ་བརྩོད་བྱེད་མཁན་གྱི་མི་སྡེ་སྲ་ཐག་ཐག་ཡག་པོ་ཞིག་མ་བྱུང་ན་ཡོང་ཐབས་མེད། དེར་བརྟེན་ས་ཆ་ཉེ་རྒྱང་དང༌། ཧི་མ་ལ་ཡའི་རི་རྒྱུད་དང་རྒྱང་ཐག་ཆོད་མ་ཆོད་ལ་ཁྱད་པར་མི་འདུག གང་ལྟར་བོད་མི་རུབ་སྡོད་ཀྱི་གཞིས་ཆགས་ཤིག་དགོས་ཀྱི་འདུག་ཅེས་པ་ཏ་ནེ་ཧེ་རུར་ཞུས་པ་རེད། ནེ་ཧེ་རུས་ཀྱང་དེ་ཡག་པོ་འདུག་གསུངས་ནས་མངའ་སྡེ་མང་པོ་ཞིག་ལ་འབོད་སྐུལ་གནང་ཡོད། སྐབས་དེར་མའེ་སོར་མངའ་སྡེ་ཞེས་བརྗོད་ཀྱི་ཡོད། སྟབས་ལེགས་པ་ཞིག་ལ་མངའ་སྟེའི་བློན་ཆེན་སྐུ་ཞབས་ནི་ཇི་ལིངྒ་པ་རེད། ངོས་དང་སྐུ་ཞབས་ནི་ཇི་ལིངྒ་པ་ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ང་དྲུག་ལོ་ནས་ངོ་ཤེས་ཀྱི་ཡོད། དངོས་གནས་བོད་ཀྱི་དོན་དུ་ཤ་ཚ་དང་སེམས་ཁུར་གནང་མཁན་ཞིག་ཡིན། དེ་འདྲའི་ཐོག་ནས་མངའ་སྡེ་དེའི་ནང་གཞིས་ཆགས་མང་ཤོས་ཚུགས་ཡོད་པ་དང༌། བཙན་བྱོལ་བ་གཞན་དང་བསྡུར་ན་ང་ཚོའི་གཞིས་ཆགས་ཁག་སོ་སོའི་ས་བཟུང་ནས་ཡག་ཐག་ཆོད་ཡོད། ད་ཆ་ས་ཆ་རྒྱ་ཆེ་རུ་གཏོང་ས་མེད་པ་དང༌། མི་འབོར་མང་དུ་འགྲོ་གི་ཡོད། དེས་ན་ང་ཚོར་ས་ཆ་ཕྲན་བུ་ཡོད་པ་དེ་དག་གི་ཐོན་སྐྱེད་ཡར་རྒྱས་གཏོང་ཐབས་བྱེད་དགོས། སྔོན་མ་ང་ལ་དེ་སྐོར་རྨི་ལམ་ལྟ་བུ་བྱུང་མྱོང་བ་སྟེ། ང་ཚོའི་གཞིས་ཆགས་དེ་དག་གླིང་ཁ་ལྟ་བུའི་སྔོ་ལྗང་དང་དེའི་དཀྱིལ་དུ་ཁྱིམ་ཚང་ཁག་ཆགས་ཏེ་ཕྲུ་གུ་ཆུང་ཆུང་ཡོད་པ་རྣམས་ལ་སློབ་གྲྭ་ཡག་པོ་ཞིག་ཚུགས། སོ་ནམ་གྱི་ལས་ཀ་ཡང་དེང་དུས་འཕྲུལ་ལས་ཀྱི་ཐོག་ནས་བྱེད་རྒྱུ་ཞིག་དང༌། ཁྱེད་རང་ཚོ་རྒན་པ་ཁ་ཤས་ཀྱིས་ཤེས་ཀྱི་རེད། ངོས་རང་བཟོ་བཅོས་ཁང་ (Workshop) ལ་དོ་སྣང་ཆེན་པོ་ཡོད། བཟོ་བཅོས་ཁང་དེ་ཡང་རྒྱ་བསྐྱེད་བཏང་སྟེ་དཔག་ཚོད་ཀྱི་བཟོ་ལས་ཆུང་ཆུང་ཞིག་འཛུགས་ཐུབ་ན་བསམ་བྱུང༌། གཞིས་ཆགས་མང་ཆེ་བ་གྲོང་གསེབ་ལ་ཆགས་ཡོད་སྟབས་ང་ཚོར་རོགས་རམ་བྱེད་མཁན་ཡོད་པ་དང་ཆ་རྐྱེན་འཛོམས་ན། ང་ཚོའི་བཟོ་བཅོས་ཁང་དེ་དག་རྒྱ་བསྐྱེད་བྱས་ཏེ་ས་ཁུལ་དེའི་མི་མང་སྤྱི་ལ་ཞབས་འདེགས་བསྒྲུབ་ཐུབ་པ་ཞིག་དང༌། དཔལ་འབྱོར་ཐོག་ནས་ཀྱང་ཕྲན་བུ་ལྟ་རྒྱུ་ཡོད་པའི་བཟོ་ལས་ཁང་ཆུང་ཆུང་འཛུགས་ཐུབ་ན་བསམ་པའི་རེ་བ་བྱུང༌། འོན་ཀྱང་ངོས་ཐེངས་གཅིག་ཡོང་སྐབས་ང་ཚོའི་བཟོ་བཅོས་ཁང་དེ་དག་ཡར་རྒྱས་ཕར་བཞག་དེའི་ནང་ཕུག་རོན་གྱི་ཚང་བསགས་ནས་བསྡད་འདུག དེ་བཞིན་རྨོས་སློག་འཕྲུལ་འཁོར་བེད་མེད་ཁ་ཤས་ང་ཚོ་རྒས་ཡོལ་འགྲོ་ཉེར་ཡོད་ཟེར་བ་ལྟ་བུ་འདུག ཡར་རྒྱས་གང་ཡང་ཕྱིན་མེད། ང་ཚོར་གཞིས་ཆགས་དང་ས་ཆ་ཡོད་པ་དེ་དག་རྒྱ་གར་གཞུང་གི་བཀའ་དྲིན་ཡིན། དེ་དག་གི་ཐོག་ནས་ང་ཚོས་དཔལ་འབྱོར་དང༌། སོ་ནམ། བཟོ་ལས་འདུ་འགོད་སོགས་འདྲ་མིན་བྱེད་རྒྱུ་ཡོད་པ་དེའི་ཐད་ཚད་ཚད་བསྡུར་བསྡུར་གྱིས་གང་ཞིག་བྱས་ན་ཡག་པ་ཡོད་བལྟ་དགོས་པ་ལས། འཆར་ཅན་གྱི་ལས་ཀ་དེ་རང་བྱས་ནས་སྡོད་རྒྱུ་མེད། མུ་མཐུད་ཡར་རྒྱས་ཡོང་ཐབས་བྱེད་དགོས། ཨིཛ་རལ་ (Isreal) ལ་དཔེ་ལྟོས་དང༌། ཁོང་ཚོས་བྱེ་ཐང་སྟེང་འཛུགས་སྐྲུན་ཧ་ལས་དགོས་པ་བྱས་ཡོད། ང་ཚོ་མི་གཅིག་པ་རེད། སོ་སོས་འབད་བརྩོན་བྱས་ན་གང་ཡང་བྱེད་ཐུབ་པ་དང༌། ང་ཚོར་རྒྱབ་སྐྱོར་རོགས་རམ་བྱེད་མཁན་ཡོད། ང་ཚོ་བོད་པའི་ངོས་ནས་འཆར་གཞི་ལག་ལེན་འཁེལ་ངེས་ཀྱི་ཡག་པོ་ཞིག་བཟོས་ནས། རོགས་རམ་བྱེད་མཁན་ཏན་ཏན་ཡོང་གི་རེད། དེར་བརྟེན་གཞིས་ཆགས་ཁག་གི་ལས་ཀ་ཧ་ཅང་གལ་ཆེན་པོ་རེད།

        དེ་ནས་ཆོས་སྒར་གྱི་སྐོར་ཡིན། དང་ཐོག་ཆོས་སྒར་སྦག་སར་ཚུགས་ཤིང༌། རྒྱ་གར་གཞུང་གིས་དགེ་འདུན་པ་གྲངས་ ༣༠༠ ལ་འཚོ་ཕོགས་སྤྲད་ནས་ཆོས་སྒར་འཛུགས་རྒྱུའི་འཆར་གཞི་ཐོག་མ་དེ་རེད། དགེ་འདུན་པ་གྲངས་ ༣༠༠ ཉུང་དྲགས་པས་ ༡༥༠༠ བར་སྤར་བྱ་ཡོང་བ་ཞེས་རྒྱ་གར་གཞུང་ལ་ཨུ་ཚུགས་ཞུས་པ་དེ་ལྟར་བྱུང་ཡོད། འོན་ཀྱང་ས་ཆ་ཁུག་ཀྱོག་དང་འགྲིམ་འགྲུལ་མ་བདེ་བ། ཚ་བ་ཆེ་བ། མཐུན་རྐྱེན་ཞན་པ་བཅས་ཀྱིས་མི་མང་པོ་ནད་པ་ཆགས་ཤིང༌། སྐབས་དེར་སློབ་སྦྱོང་ཡག་པོ་ཡོད་པ་དང་དངོས་གནས་བོད་ཀྱི་སངས་རྒྱས་ཀྱི་ཆོས་དང་ལྟ་གྲུབ་གཏིང་ཟབ་ཤེས་མཁན་མི་དེ་ཚོ་ཡིན་པས། དེ་དག་མཐུན་རྐྱེན་བཟང་སར་གཏོང་དགོས་ཞེས་སྦེལ་ཀོབ་གཞིས་ཆགས་སུ་བཏང་ཡོད། འགོ་སྟོད་མཁན་རིན་པོ་ཆེ་བགྲེས་སོང་ཚོ་ང་ཚོའི་དགོན་པ་གཞིས་ཆགས་སུ་བཏང་ན་གང་འདྲ་ཆགས་ཡོང་ཞེས་ཐུགས་ཁྲལ་གནང་དགོས་པ་བྱུང་ཡོད། འོན་ཀྱང་ཕུགས་རྒྱང་རིང་པོའི་བསམ་བློ་གཏོང་དུས་ང་ཚོས་གཞིས་ཆགས་ཁག་ནང་དགོན་པ་ཚུགས་པ་ཡག་པོ་བྱུང་ཡོད། ལྷག་པར་དུ་ཧི་མ་ལ་ཡའི་རི་རྒྱུད་ནས་སློབ་གཉེར་བ་སྟོང་ཕྲག་ལྔ་དྲུག་ཙམ་སླེབས་ཡོད། དེ་དག་གིས་དགོན་པ་སོ་སོར་ཧ་ཅང་ཕན་ཡོད། ཁོ་ཚོ་ནི་ནུབ་ལ་དྭགས་ནས་ཤར་མོན་བར་གྱི་ས་ཁུལ་དེ་དག་ནས་བོད་མི་བཙན་བྱོལ་བའི་རིས་མེད་ཆོས་སྒར་ཁག་ལ་སློབ་སྦྱོང་བྱེད་པར་ཡོང་བ་དང༌། དེ་ནས་ཐོན་པ་དེ་ཚོ་གྲུང་ཤ་གཞན་དང་མི་འདྲ་བ་ཡོད་པ་དང༌། ཁོ་རང་ཚོ་སོ་སོའི་ས་ཁུལ་ལའང་ཕན་ཐོགས་ཆེན་པོ་བྱེད་ཐུབ་པ་བྱུང་བ་བཅས་གཉིས་ཕན་ཡིན། ང་ཚོའི་ཆོས་སྒར་ཁག་ཚུགས་པ་དེ་ཡག་ཐག་ཆོད་བྱུང་ཡོད། ཡང་སྐབས་རེ་རྒྱས་སྤྲོས་ཆེ་དྲགས་པ་ལྟ་བུ་ཡོང་གི་འདུག་ཀྱང༌། དངུལ་སྦྱིན་བདག་གིས་སྤྲད་པ་ཡིན་སྟབས། ངོས་ལ་བཤད་རྒྱུ་གང་ཡང་མེད། གལ་ཆེ་ཤོས་བསླབ་པ་སློབ་གཉེར་ཡིན་པས། སློབ་གཉེར་ད་ཕན་ཡག་པོ་འདུག དེ་རིང་འདིར་མཁན་པོ་ལས་ཟུར་གྱིས་གཙོས་པའི་དགེ་འདུན་པ་ཁ་ཤས་ཕེབས་ཡོད། ངས་དུས་རྟག་ཏུ་ང་ཚོ་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་ཞེས་བརྗོད་ཀྱི་ཡོད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རྣམས་ལའང་དེ་ལྟར་ཤོད་ཀྱི་ཡོད། དུས་རབས་ཉེར་གཅིག་པའི་ནང་པ་ནི་དེང་དུས་ཀྱི་ཤེས་ཡོན་དང་ཚན་རིག་གི་གནས་ཚུལ་གང་འཚམས་ཤེས་པ་དེའི་ཐོག སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་རིགས་པ་དང་རྒྱུ་མཚན་ལྡན་པའི་ཐོག་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་བཤད་པ་དེ་དག་ལ་ངེས་པ་རྙེད་པ་ཞིག་དགོས། སྐད་ཆ་དྲིས་པ་ཡིན་ན། གང་ཤེས་བཅོམ་ལྡན་འདས་ཀྱིས་གསུངས་པ་རེད་ཅེས་བརྗོད་དགོས་བྱུང་ན་འུ་ཐུག་ཡིན། བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་དེ་དག་སོ་སོས་ཁུངས་སྐྱེལ་ཐུབ་པ་ཞིག་དགོས། ངོས་ཀྱིས་རྟག་པར་ལུང་འདི་འདྲེན་གྱི་ཡོད། རྗེ་རིན་པོ་ཆེས་སྔགས་རིམ་ཆེན་མོའི་དབུ་ལ། དེ་ཕྱིར་ཀྱེ་ཀྱེ་བློ་གྲོས་འདུན་ལྡན་དག །རྣམ་དག་རིགས་པས་བློ་གྲོས་མིག་སྦྱོངས་ལ། །ཕས་ཀྱི་རྒོལ་བས་བསྐྱོད་པར་མི་ནུས་པའི། །བསྟན་པའི་གནད་ལ་ངེས་པ་བརྟན་པོ་ཚོལ། །ཞེས་བསྟན་པའི་གནད་ལ་ངེས་པ་བརྟན་པོ་རྙེད་ཐབས་རིགས་པའི་ལམ་ལ་བརྟེན་ནས་ཕས་ཀྱི་རྒོལ་བས་བསྐྱོད་མི་ནུས་པ་ཞིག་བྱེད་དགོས་གསུངས་ཡོད། རྗེ་རིན་པོ་ཆེས་རྣམ་དག་རིགས་པས་བློ་གྲོས་མིག་སྦྱོངས་ལ། གསུངས་པ་ལས། རྣམ་དག་ལུང་གིས་བློ་གྲོས་མིག་སྦྱོངས་ལ། །ཞེས་གསུངས་མེད། ལུང་བསྒྲུབ་བྱ་དང༌། སྒྲུབ་བྱེད་རིགས་པ་ཡིན། དེར་བརྟེན་རྣམ་དག་རིགས་པས་བློ་གྲོས་མིག་སྦྱོངས་ལ་གསུངས་ཡོད། ལུང་དྲངས་ཏེ་འགྲིག་ན། རྣམ་དག་ལུང་གིས་བློ་གྲོས་མིག་སྦྱོངས་ལ། །གསུང་གི་རེད། འོན་ཀྱང་དེ་ལྟར་གསུངས་མེད། སློབ་དཔོན་ཕྱོགས་གླང་དང༌། ཆོས་གྲགས། ཀླུ་སྒྲུབ་ཡབ་སྲས་སོགས་ཀྱིས་ཆོས་རྣམས་རིགས་པའི་སྒོ་ནས་གཏན་ལ་ཕབ་པ་ལས་ལུང་གི་ཐོག་ནས་གཏན་ལ་ཕབ་པ་མིན། དེར་བརྟེན་ལེགས་སྦྱར་དང་པཱ་ལིའི་ཆོས་བརྒྱུད་བར་གྱི་ཁྱད་པར་ཆེ་ཤོས་ནི། ལེགས་སྦྱར་ཆོས་བརྒྱུད་ཀྱིས་རིགས་པའི་ལམ་ནས་གཞི་ལམ་འབྲས་གསུམ་གཏན་ལ་ཕབ་ཀྱི་ཡོད། པཱ་ལིའི་ཆོས་བརྒྱུད་ངོས་ཀྱིས་ཚོད་དཔག་བྱས་ན་ལུང་ལ་བརྟེན་ནས་སྒྲུབ་ཀྱི་ཡོད་པ་ལྟ་བུ་འདུག ང་རང་ཚོའི་སློབ་གཉེར་ད་ལྟ་ཡག་པོ་འདུག ད་དུང་ཡང་མུ་མཐུད་ཤུགས་རྒྱག་དགོས། དེ་སྔོན་ངས་ཚར་ཁ་ཤས་བརྗོད་མྱོང༌། ཁྱེད་རང་ཚོ་བགྲེས་པ་ཁ་ཤས་ཀྱིས་ངེས་ཀྱི་ཡོད་ཀྱི་རེད། དེ་རིང་གི་རྟགས་གསལ་འདི་ལུང་མ་དྲངས་པར་རིགས་པའི་ཐོག་ནས་གཏོང་དགོས་ཞེས་བརྗོད་མྱོང༌། འདི་ཧ་ཅང་གལ་ཆེན་པོ་ཡིན།

       དེ་ནས་འཕྲོས་བཤད་བརྗོད་རྒྱུར་ཚོགས་བཅར་བ་སྤྱི་ལ་དམིགས་བསལ་འབྲེལ་བ་མེད་ཀྱང༌། དགེ་འདུན་རྣམ་པ་དང་སྤྱི་ཡོངས་ཀྱི་ཐོས་ན་ཡག་པོ་ཡོད། བར་སྐབས་ངོས་ཀྱིས་ཚན་རིག་པ་དང་མཉམ་དུ་འབྲེལ་བ་བྱས་ནས་ལོ་སུམ་ཅུ་ལྷག་ཙམ་འགྲོ་གི་ཡོད། ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱེད་སྐབས་འགོ་སྟོད་དུ་གོ་སྒྲིག་བྱེད་མཁན་ཚོས་ནང་ཆོས་དང་ཚན་རིག་གི་གོ་བསྡུར་ཞེས་བརྗོད་ཀྱི་འདུག ངོས་ཀྱིས་དེ་འདྲ་མ་རེད་ཅེས་བརྗོད་པ་ཡིན། ནང་པ་སངས་རྒྱས་པའི་གཞུང་གི་ནང་བརྗོད་བྱ་གཞི་དངོས་པོའི་གནས་ཚུལ་དང༌། ལམ་བགྲོད་པའི་རིམ་པ། འབྲས་བུ་སྔོན་དུ་བྱ་ཚུལ་བཅས་ཁག་གསུམ་གསུངས་ཡོད། གཞི་དངོས་པོའི་གནས་ཚུལ་གྱིས་བླང་དོར་དང་ཆོས་ཀྱི་སྐད་ཆ་ཤོད་ཀྱི་མེད། དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་ཤོད་ཀྱི་ཡོད་པ་དེ་ནི་ནང་ཆོས་ནས་བཤད་པའི་ཚན་རིག་ཡིན། ཚན་རིག་པ་དང་མཉམ་དུ་སྐད་ཆ་ཤོད་པ་ནི་ནང་ཆོས་དང་བགྲོ་གླེང་བྱེད་པ་ཞིག་མིན་པར། ནང་ཆོས་ཀྱི་ཚན་རིག་དང་རིག་གསར་ཚན་རིག་གཉིས་གོ་བསྡུར་བྱེད་པ་ཞིག་ཡིན་ཞེས་བརྗོད་པ་ཡིན། བར་སྐབས་ནས་ཤི་ཝ་རེ་ཌི་ཁྱུག་ཙམ་ཐུག་ན་དྲན་བྱུང༌། ཁ་སང་གྲྭ་ཚང་མཁན་པོ་དང་དགྲ་འདུལ་ལ་མངགས་པ་ཡིན། སྔ་མོ་ཕྱོགས་གླང་ལ་ཆ་བཞག་ན་ཚད་མ་ཀུན་བཏུས་མཛད་པ་དང༌། སློབ་དཔོན་ཐོགས་མེད་ལ་ཆ་བཞག་ན་མངོན་པ་ཀུན་བཏུས་དང༌། དེ་བཞིན་ཐེག་པ་ཀུན་ལས་བཏུས་པ་མཛད་ཡོད། དེ་དང་དེ་འདྲ་བ་གཞུང་མང་པོ་ནས་བཏུས་ཏེ་མཛད་རྒྱུའི་ཕྱག་སྲོལ་ཞིག་ཡོད། དེ་དང་ཕྱོགས་མཚུངས་པ་ང་ཚོས་ཀྱང་དེང་སང་སངས་རྒྱས་པའི་ཆོས་ཀྱི་ནང་ཡོད་པའི་ཚན་རིག་དང༌། མུ་སྟེགས་པའི་གཞུང་གི་ནང་ཡོད་པའི་ཚན་རིག དེང་སང་རིག་གསར་གྱི་ཚན་རིག་བཅས་དེ་དག་ཀུན་ལས་བཏུས་པའི་ཚན་རིག་ཀུན་བཏུས་གཅིག་བཟོ་གལ་ཆེ་བའི་སྐོར་ཁ་སང་སྐད་ཆ་བྱུང༌། དེ་བཞིན་ལྟ་གྲུབ་ཀུན་བཏུས་གཅིག་ཀྱང་བཟོ་དགོས། དེ་དག་ནང་སྔར་རྒྱ་གར་ལ་ཡོད་པའི་མུ་སྟེགས་པའི་ལྟ་གྲུབ་དང༌། སངས་རྒྱས་པའི་ལྟ་གྲུབ། སངས་རྒྱས་པའི་ལྟ་གྲུབ་ནང་ལའང་གྲུབ་མཐའ་གོང་འོག་གི་ལྟ་གྲུབ་མི་འདྲ་བ་དེ་ཚོ་ཆོས་དང་མ་འདྲེས་པར་སྤྱི་ཡོངས་ཀྱི་ལྟ་གྲུབ་བཤད་དགོས། བདེན་བཞི་ལྟ་བུ་ཡིན་ན་ཕལ་ཆེར་ཆོས་དང་འདྲེས་པ་ལྟ་བུ་ཡོད་པས་མི་དགོས་པ་བྱས། དེ་མིན་གྱི་བདེན་པ་གཉིས་དང༌། སྤྱི་བྱེ་བྲག་གི་རྣམ་གཞག་དང་དགག་སྒྲུབ་ཀྱི་རྣམ་གཞག་ཅེས་པ་དེ་ཚོ་སྤྱི་ཡོངས་ཀྱི་ལྟ་གྲུབ་ཀྱི་རྣམ་གཞག་ཆགས་ཡོད། དེ་བཞིན་ནུབ་ཕྱོགས་པའི་གྷི་རིག་གི་ལྟ་གྲུབ་ནང་ངོས་ཀྱིས་ཤེས་པ་ལྟར་ན་ (Burton Russell) གྱི་ལྟ་གྲུབ་ཡོད་པའི་སྡེ་ཚན་གཅིག་བཅས་ཀྱི་གླེགས་བམ་གཅིག་བཟོ་དགོས། དེ་འདྲ་བྱུང་བ་ཡིན་ན་དཔེ་ཆ་བ་ཚོར་ཕྲན་བུ་ཕན་ཐོགས་ཡོང་རྒྱུ་དང༌། གལ་ཆེ་བ་སློབ་གྲྭ་ཁག་དང་མང་ཚོགས་ནང་ཕན་ཐོགས་ཡོང་གི་རེད་བསམ་གྱི་འདུག དེ་དག་རྒྱ་ཡིག་དང༌། དབྱིན་ཡིག དེ་བཞིན་སྐད་ཡིག་གཞན་བཅས་ཀྱི་ནང་དུ་བསྒྱུར་དགོས། དེ་འདྲ་ཞིག་བྱུང་བ་ཡིན་ན་ནང་པའི་ཡུལ་གྲུ་ཁག་ལ་ཏན་ཏན་བློ་སྐྱེད་གསར་པ་ཡོང་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན། དེ་འདྲའི་སྐབས་སུ་བབས་པའི་ཁུར་འགན་བོད་ཀྱི་ནང་པ་གཅིག་པུར་འཁྲིས་པ་ལས། ནང་པ་གཞན་སུས་ཀྱང་བྱེད་མི་ཐུབ། དཔེར་ན། ཚད་མའི་གཞུང་ལ་ཆ་བཞག་ན་བོད་ལ་ཚད་མའི་གཞུང་བོད་པ་རང་ཉིད་ཀྱིས་དཔེར་ན་ས་པཎ་གྱིས་མཛད་པའི་ཚད་མ་རིགས་གཏེར་དང༌། ཆ་པ་ཆོས་སེང་དང་ཆ་པ་ཡབ་སྲས་ཀྱིས་ཚད་མའི་སྐོར་ཉམས་ཞིབ་གནང་ནས་ཡར་རྒྱས་ཆེན་པོ་བཏང་བ་གནང་ཡོད། དེ་ལྟ་བུ་པཱ་ལིའི་གཞུང་གི་ནང་མེད། ལེགས་སྦྱར་གྱི་གཞུང་འཛིན་མཁན་གཙོ་བོ་རྒྱ་ནག་ཡིན་ཀྱང་རྒྱ་ནག་ནང་ཚད་མའི་གཞུང་དེ་དག་བསྒྱུར་མེད། ཕྱོགས་གླང་དང་ཆོས་གྲགས་ཀྱི་གཞུང་གི་ནང་ནས་ལེ་ཚན་དུམ་བུ་ཁ་ཤས་བསྒྱུར་ཡོད་པ་ལས་གཞན་རྣམས་བསྒྱུར་མེད། དབུ་མར་ཆ་བཞག་ན་དབུ་མ་ཚིག་གསལ་རྒྱ་ཡིག་ནང་ཆ་ཚང་བསྒྱུར་མེད། ཕྱིས་སུ་དུམ་བུ་དུམ་བུ་བསྒྱུར་ཡོད་ན་ལས་གཞན་རྣམས་བསྒྱུར་མེད། ལོ་གཅིག་གི་གོང་དུ་ངོས་ཀྱིས་དབུ་མ་ཚིག་གསལ་ངེས་པར་རྒྱ་ཡིག་ནང་བསྒྱུར་དགོས་ཞེས་བརྗོད་པ་བཞིན་ད་ལྟ་རྒྱ་ཡིག་ནང་བསྒྱུར་འགོ་བརྩམས་ཡོད། དེ་ཚོ་ནི་ང་ཚོ་བོད་པའི་ལས་འགན་ཆགས་ཡོད་ལ་བོད་པ་གཅིག་པུའི་དོན་ཡང་མིན། འཛམ་བུ་གླིང་འདིའི་སྟེང་སངས་རྒྱས་ཀྱི་བསྟན་པ་སྤྱིའི་ཞབས་འདེགས་ཐད་དེ་དག་གལ་ཆེན་པོ་མཐོང་གི་འདུག དེར་བརྟེན་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་པར་དེ་དག་ཆ་ཚང་ཤེས་པ་བྱེད་དགོས། འཛམ་བུ་གླིང་རིལ་རིལ་ཡིན་དང་ལེབ་ལེབ་ཡིན། རི་རྒྱལ་ཡོད་མེད་གང་ཡིན་ཡང་ཁྱད་པར་མེད། བདེན་པ་གཉིས་དང་བདེན་པ་གཉིས་ལ་བརྟེན་པའི་བདེན་པ་བཞི་པོ་དེ་དག་ནི་ཁ་ཡོད་ལག་ཡོད་དང་མིག་མཐོང་ལག་ཟིན་གྱི་སྐད་ཆ་ཤོད་ཀྱི་ཡོད། བདེན་བཞི་བདེན་གཉིས་ཀྱི་རྣམ་གཞག་ཡག་པོ་ཤེས་མཁན་མི་གཅིག་གིས་སྐྱབས་གསུམ་ལ་ཚད་མས་ངེས་པ་རྙེད་པ་ཞིག་ཡིན་ན། འཛམ་གླིང་གི་བཟོ་ལྟ་གང་འདྲ་ཡིན་མིན་ལ་ཁྱད་པར་གང་ཡང་མེད། ང་ཚོར་ད་ལྟ་ཁ་ཡོད་ལག་ཡོད་འབྱུང་བ་ལྔ་ལས་འཛམ་བུ་གླིང་འདི་ཆགས་ཚུལ་དང༌། ཕྱིའི་འབྱུང་བ་ལྔ་དང་ནང་གི་འབྱུང་བ་ལྔ་གསུངས་ཡོད་པ་དེ་དག་ཆ་ཚང་ཤེས་པ་ཡིན་ན། སེམས་ནང་ལ་དམ་བཅའ་བརྟན་པོ་དང་ཡིད་ཆེས་བརྟན་པོ་ཡོང་བ་ལས་ཐེ་ཚོམ་སྐྱེ་གཞི་མེད། དེར་བརྟེན། རྣམ་དག་རིགས་པས་བློ་གྲོས་མིག་སྦྱོངས་ལ། །ཞེས་པ་དེ་ཡིན། ཕས་ཀྱི་རྒོལ་བ་གང་འདྲ་ཞིག་ཐུག་པ་ཡིན་ནའང༌། ཕས་ཀྱི་རྒོལ་བས་བསྐྱོད་པར་མི་ནུས་པའི། །བསྟན་པའི་གནད་ལ་ངེས་པ་བརྟན་པོ་ཚོལ། །ཞེས་པ་དེ་གཙོ་བོ་ཁྱེད་རང་ཚོའི་ལས་འགན་ཡིན།

     དེ་ནས་མང་གཙོའི་སྐོར་ང་རང་སྒེར་ལ་ཆ་བཞག་ན་ཐོག་མར་བོད་ལ་ཡོད་སྐབས་དེ་དུས་ཀྱི་འགྲོ་སྟངས་ཤིག་ཡོད་པ་དེ་ནི་རྒྱལ་པོའི་དབང་འཛིན་ལྟ་བུ་དང༌། དེའི་འོག་གཞུང་ཞབས་ཚོས་དབང་ཆ་བཟུང་བ། དྲང་པོ་དེ་ཙམ་མེད་པ་ངོས་རང་ཆུང་ཆུང་སྐབས་མང་པོ་གོ་མྱོང༌། དེ་དུས་ངོས་ལ་སྐད་ཆ་ཤོད་མཁན་དང་ཚགས་པར་ལྟ་བུ་ནི་གད་པ་ཚོ་རེད། གད་པ་ཚོས་སྐུ་དྲག་ཆེ་གེ་མོ་ཞིག་གིས་རྒྱུ་དངོས་བཟས་པ་རེད། སྐུ་དྲག་ཆེ་གེ་མོ་ཞིག་གིས་དྲང་པོ་མ་བྱས་པ་རེད་ཟེར་བ་ངས་རྟག་པར་ཐོས་ཀྱི་ཡོད། དེ་བཞིན་འཛམ་གླིང་ཕྱིའི་མང་གཙོའི་འགྲོ་སྟངས་ཕྲན་བུ་ཐོས་སྐབས་མང་གཙོ་ཟེར་བ་དེ་དངོས་ནས་ཡང་དག་པ་རེད་བསམས་ནས་དེ་སྔའི་ང་ཚོའི་ཁྲལ་འུ་ལག་གྱི་འགྲོ་སྟངས་དེ་ཚོར་བསྒྱུར་བཅོས་གཏོང་ཆེད་ཕྱི་ལོ་ ༡༩༥༢ ལོར་ལེགས་བཅོས་སྤྱི་ཚོགས་ཤིག་བཙུགས་པ་ཡིན། འོན་ཀྱང་རྒྱ་མི་གུང་ཁྲན་གྱི་ངོས་ནས་དམངས་གཙོའི་བཅོས་བསྒྱུར་ཟེར་བ་ཁོང་ཚོས་བྱེད་དགོས་ཀྱི་ཡོད། དེར་བརྟེན་ང་ཚོ་བོད་པས་བོད་པ་རང་ལ་རན་པའི་བཅོས་བསྒྱུར་ཞིག་ལག་ལེན་ཐུབ་པ་ཡིན་ན། ཁོང་ཚོའི་བཅོས་བསྒྱུར་ལ་འགལ་རྐྱེན་ཡོང་རྒྱུ་རེད་བསམས་ནས་འགོག་རྐྱེན་བཟོས་བྱུང༌། ལེགས་བཅོས་སྤྱི་ཚོགས་ཀྱི་འགོ་ཁྲིད་ང་ཕོད་རེད། ང་ཕོད་བསམ་བློ་གུ་ཡངས་པོ་དང་ཧ་ཅང་ཡག་པོ་ཡོད། དེ་རྗེས་ཐ་མ་ཕྱི་ལོ་ ༡༩༥༩ ལོར་ང་ཚོ་བཙན་བྱོལ་དུ་འབྱོར་ཏེ་རིང་པོར་མ་ཐོགས་པར་སྤྱི་འཐུས་བསྐོ་རྒྱུ་དང། གཞུང་གི་དེ་སྔའི་བཀའ་ཤག་གི་ལམ་ལུགས་ཡིག་ཚང་སོགས་ཡོད་པ་དེ་དག་མ་དགོས་པར་ཆོས་དོན་དང་ཤེས་རིག ནང་སྲིད་སོགས་ལྷན་ཁང་ལ་ལས་བགོས་བརྒྱབ་སྟེ་མ་སུ་རིར་ཡོད་སྐབས་ནས་འགོ་བཙུགས་པ་ཡིན། དེ་ནས་སྤྱི་འཐུས་འཛུགས་རྒྱུ་བཟོས་པ་བཅས། དེ་དུས་ནས་ང་ཚོས་མང་གཙོའི་ལམ་སྲོལ་འགོ་བཙུགས་པ་ཡིན། དེ་རྗེས་ང་ཚོས་བོད་ཀྱི་མ་འོངས་པའི་རྩ་ཁྲིམས་བཟོས་པ་དང༌། རྩ་ཁྲིམས་ཀྱི་སྙིང་བསྡུས་ནང་ྋརྒྱལ་བ་རིན་པོ་ཆེའི་དབང་ཆ་སྤྱི་འཐུས་གསུམ་ཆའི་གཉིས་ཀྱི་མང་མོས་ཐོག་ནས་བསྒྱུར་བཅོས་གཏོང་རྒྱུ་ཟེར་བ་ཞིག་བཀོད་ཡོད། དེ་ལ་སྐབས་དེར་བསམ་འཆར་འགའ་ཤས་བྱུང་ཡོད། དེ་ནས་བཟུང་རིམ་པས་མང་གཙོའི་སྐོར་ལག་ལེན་དང་གཏམ་བཤད་བྱེད་ཀྱིན་བྱེད་ཀྱིན་དུ་བསྒྱུར་བཅོས་བཏང་ཡོད། ཕྱི་ལོ་ ༢༠༠༡ ལོ་ནས་བཟུང་བཀའ་བློན་ཁྲི་པ་མི་མང་མང་མོས་ཀྱིས་འོས་འདེམས་བྱས་པ་འདི་ང་ཚོའི་རྒྱལ་ཁ་ཆེན་པོ་ཞིག་ཡིན། དུས་དེ་ནས་བཟུང་ངོས་ཀྱི་གནས་སྟངས་ནི་ཕྱེད་རྒས་ཡོལ་ཡིན་ཞེས་བརྗོད་ཡོད། དེ་ནི་ངས་བོད་ཀྱི་བསྟན་སྲིད་ཀྱི་དོན་བློས་བཏང་བ་མིན་ལ། ང་སེམས་ཤུགས་ཆག་པའང་མིན། ང་ཚོ་ཁ་ཞེ་གཉིས་མེད་ཀྱིས་མང་གཙོའི་ཐོག་འགྲོ་དགོས་ཤིང༌། ང་ཚོའི་འཛིན་སྐྱོང་གི་ལས་ཀ་ངོས་ཀྱིས་བྱེད་མི་དགོས་པར། མི་གསར་པ་ཐོན་ཡོང་མཁན་ཚོས་ངོས་ལས་ལྷག་པ་བྱེད་ཐུབ་པས་ཁོང་ཚོས་བྱས། ཡང་སྤྱིར་བཏང་བོད་པ་ཚོས་བྱེད་མ་ཐུབ་པའི་ལས་ཀའི་རིགས་ང་ལ་ྋརྒྱལ་བ་རིན་པོ་ཆེའི་མིང་ཞིག་ཡོད་པ་དང༌། ངོ་ཤེས་པ་མང་པོ་ཡོད་པའི་དབང་གིས་ང་ཚོའི་སྤྱི་ཚོགས་ནང་གི་འཇོན་པོ་རྒོད་པོ་ཇི་ཙམ་ཡོད་ཀྱང་དེ་དག་གིས་བྱེད་མ་ཐུབ་པའི་ལས་ཀ་མང་པོ་ཞིག་ངས་བྱས་ན་ཡག་པོ་ཡོད། འདས་པའི་ལོ་སུམ་ཅུའི་གོང་ངོས་ཀྱིས་ྋརྒྱལ་བ་རིན་པོ་ཆེ་མེད་པ་ནང་བཞིན་འགན་ལེན་དགོས་ཞེས་བཤད་ཡོད། ང་ཚོའི་ལས་ཁུངས་ཁག་དང་འགོ་ཁྲིད་ཚོས་འགན་ཆ་ཚང་འཁྱེར་ནས་བྱས་པ་ཡིན་ན། ང་ལ་དུས་ཚོད་ཕྲན་བུ་ལྷག་པ་དེ་དག་ངས་བོད་སྤྱི་པའི་དོན་དག་ལ་བསམ་བློ་བཏང་ནས་སྡོད་པ་ལས་བསམ་བློ་མ་བཏང་བར་སྡོད་ཀྱི་མ་རེད། ཆོས་ཕྱོགས་ནས་བྱས་ན་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་པས་ང་རང་མ་ཤི་བར་བོད་སྤྱི་པའི་ལས་དོན་ལ་བསམ་བློ་གཏོང་གི་རེད། ཡིན་ནའང་ང་ཚོར་སྒྲིག་འཛུགས་ཤིག་ཡོད་པ་དེས་ལས་བགོས་བརྒྱབ་པ་ལྟར་འགན་གཙང་མ་འཁྱེར་དགོས། ང་རང་ཕྱི་ལོ་ ༡༩༧༣ ལོར་ཡུ་རོབ་ཏུ་ཐོག་མར་བསྐྱོད་སྐབས་ནས་ (Global Responsibility) འཛམ་གླིང་སྤྱིའི་འགན་འཁུར་ཞེས་པའི་བསམ་བློ་འཁོར་བ་ལྟར་དེ་སྐོར་སྐད་ཆ་ཤོད་ཀྱི་ཡོད། དེ་དག་ནི་ཐེག་ཆེན་གྱི་ཆོས་ནས་གསུངས་པ་ལྟར་ཡིན། ང་ཚོས་སེམས་ཅན་ཐམས་ཅད་ཅེས་བརྗོད་ཀྱི་ཡོད། སྔོན་ལ་འཛམ་གླིང་གཞན་དང་འབྲེལ་བ་མེད་ནའང་འཛམ་གླིང་ཧྲིལ་པོ་འདིའི་སྟེང་ཡོད་པའི་སྲོག་ཆགས་ཐམས་ཅད་ལ་བརྡབ་གསིག་དང་སྡུག་བསྔལ་ཉུང་ཙམ་ལས་མི་ཡོང་བ་ང་ཚོ་མིས་བསམ་བློ་གཏོང་ཐུབ་ན་ཏན་ཏན་སྲོག་ཆགས་མང་པོར་བརྡབ་གསིག་ཉུང་དུ་འགྲོ་རྒྱུ་ཡིན། སྲོག་ཆགས་གཞན་ལ་སྲོག་ཆགས་ཀྱི་འདུ་ཤེས་མ་བཞག་པར་བརྡབ་གསིག་ཆེན་པོ་གཏོང་གི་འདུག དཔེར་ན། འདིའི་གཡས་གཡོན་ལ་བྱ་གསོ་ཁང་གང་འདྲ་མི་འདུག་གམ། ང་ཚོ་བོད་པའི་གཞིས་ཆགས་ནང་བྱ་གསོ་ཁང་འཛུགས་རྒྱུ་མེད་ཅེས་བརྗོད་དགོས་དོན་ནི་བྱ་དེ་དེ་དག་ལའང་སྲོག་ཡོད་པ་ང་ཚོ་དང་གཅིག་པ་ཡིན། བདེ་བ་འདོད་པ་དང་སྡུག་བསྔལ་མིའདོད་པ། རང་གི་སྲོག་ལ་གཅེས་པ་གཅིག་པ་ཡིན། ང་ཚོས་དེ་དག་ལ་ལག་རྩེད་རྩེས་ཏེ་དེ་ལྟར་བཞག་དུས་སེམས་ཧང་ཅང་སྐྱོ་པོ་བྱུང༌། དེ་དུས་སྦེལ་ཀོབ་ཏུ་ངས་ཁྱེད་ཚོར་དཔལ་འབྱོར་ཐད་གལ་ཆེན་པོ་ཆགས་ཡོད་ན་ང་ལ་བརྗོད་རྒྱུ་གང་ཡང་མེད། དེ་མིན་དཔལ་འབྱོར་ཐད་གལ་ཆེན་པོ་དེ་ཙམ་མེད་ན་བྱ་གསོ་ཁང་གཉེར་རྒྱུ་མེད་ཅེས་བརྗོད་པ་ཡིན། ཁྱིམ་མཚེས་ཚོ་ལ་ལྟོས་དང་བྱ་གསོ་ཁང་དང་ཉ་གསོ་ཁང་བཤས་ར་བཅས་དེ་ཚོ་གང་འདྲ་འདུག མིའི་བསམ་བློའི་ནང་སེམས་ལྡན་གཞན་ཚོ་ལ་སྲོག་ཡོད་པ་རེད་སྙམ་པའི་བརྩེ་བ་མེད་པར་ཟས་ཀྱི་འདུ་ཤེས་བཞག་པ། དཔེར་ན། རྒྱ་ནག་ལ་གཅིག་ལྟོས་དང་གསལ་པོ་ཡོད། མིའི་སེམས་ནང་བརྩེ་སེམས་ཤིག་སླེབས་ན་སྲོག་ཆགས་མང་པོར་བརྡབ་གསིག་ཏན་ཏན་ཉུང་དུ་འགྲོ་རྒྱུ་ཡིན། ང་ཚོ་བོད་པར་ཆ་བཞག་ན་བོད་གངས་ཅན་ལྗོངས་ལ་དེ་སྔ་རི་རྒྱ་རླུང་རྒྱ་བསྡམས་ནས། ཉ་འཛིན་ཆོག་གི་མེད། འོན་ཀྱང་ཡར་འབྲོག་པ་ཚོ་ལ་ཉ་འཛིན་རྒྱུའི་ཆོག་མཆན་ཡོད་སྐོར་བརྗོད་ཀྱི་འདུག དེ་ནི་ཡར་འབྲོག་པ་ཚོ་ཉ་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་པས་ཉ་བཟུང་མ་ཆོག་ན་ཁོ་ཚོར་འཚོ་རྟེན་མེད་པས་དམིགས་བསལ་བཏང་ཡོད། ཡང་དཔེར་ན། མཚོ་འགའ་ཤས་ལ་དབྱར་ཀ་ངང་པ་མང་པོ་ཡོང་སྟེ་སྒོ་ང་གཏོང་གི་ཡོད་པ་དེའི་རིང་ལ་སྒོ་ང་སྲུང་མཁན་རྫོང་གིས་མི་ཞིག་ཆེད་འཛུགས་ཀྱིས་མི་དེར་ཕོགས་སྤྲོད་ཀྱི་ཡོད། ང་ཚོ་བོད་པའི་རི་རྒྱ་རླུང་རྒྱ་བསྡམས་པའི་སྲོལ་དེ་ཚོ་ཧ་ཅང་ཡག་པོ་རེད་འདུག བོད་པས་ཤ་ཟ་གི་ཡོད་ཀྱང༌། སྤྱི་ཡོངས་ཀྱི་ཆ་ནས་གང་ཐུབ་སྲོག་གཅོད་སྤོང་དགོས་པ་དེ་ནི་ང་ཚོས་འཕྲོད་བསྟེན་དང༌། ཁོར་ཡུག་གི་སྐོར་ནས་བཤད་པ་མིན་པར། བརྩེ་བ་ཞེས་པ་གལ་ཆེན་པོ་ཡིན་པའི་སྒོ་ནས་ཤོད་ཀྱི་ཡོད། འཛམ་གླིང་འདིའི་སྟེང་བརྩེ་བས་ཕོངས་ནས་རྙོག་དྲ་མང་པོ་ཡོང་གི་ཡོད། དེ་འདྲ་ཡིན་དུས་བརྩེ་བ་ཡར་རྒྱས་གཏོང་དགོས་པའི་སྐོར་ངོས་ཀྱིས་གང་སར་ཤོད་ཀྱི་ཡོད། མི་མང་པོས་དགའ་མོས་བྱེད་ཀྱི་འདུག་ལ། དེ་རིང་ཁ་སང་ཚན་རིག་པ་ཚོས་ཀྱང་རྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་ཀྱི་འདུག མིའི་ཡ་རབས་བཟང་སྤྱོད་གོང་འཕེལ་གཏོང་ཐབས་བྱེད་ཀྱི་ཡོད།

     དེ་ནས་རིམ་པ་གཉིས་པ་ཆོས་ལུགས་ཁག་མཐུན་སྒྲིལ་ཡོང་ཐབས་བྱེད་ཀྱི་ཡོད། ངོས་རང་ནང་པ་ཡིན། དོན་བཞིན་གཟིགས་ནས་ལེགས་གསུངས་པ། །ཁྱོད་ཀྱི་རྗེས་སུ་སློབ་པ་ལ། །རྒུད་པ་ཐམས་ཅད་རིང་དུ་གྱུར། །ཉེས་ཀུན་རྩ་བ་ལྡོག་ཕྱིར་རོ། །ཁྱོད་ཀྱི་བསྟན་ལས་ཕྱིར་ཕྱོགས་པས། །ཡུན་རིང་ངལ་བ་བསྟེན་བྱས་ཀྱང༌། །ཕྱི་ཕྱིར་སྐྱོན་རྣམས་བོས་པ་བཞིན། །བདག་ཏུ་ལྟ་བ་བརྟན་ཕྱིར་རོ། །ཞེས་གསུངས་པ་རྒྱུ་མཚན་ལྡན་པ་ཡིན་པས་དེ་ལ་ཡིད་ཆེས་བྱེད་ཀྱི་ཡོད། དེ་མིན་འཛམ་གླིང་འདིའི་སྟེང་གི་ཆོས་བརྒྱུད་ཚང་མས་མི་ལ་ཕན་གྱི་ཡོད། དཔེར་ན། བཅོམ་ལྡན་འདས་ཀྱིས་བྱེ་བྲག་སྨྲ་བ་ཁག་གཅིག་ལ་ཆོས་ཀྱི་བདག་མེད་གསུངས་མེད། ཆོས་བདེན་གྲུབ་གསུངས་ཡོད། ཆོས་རང་གི་མཚན་ཉིད་ཀྱིས་གྲུབ་པ་གསུངས་པ་དེ་འགྲིག་པ་ཡིན་ལ། ཡང་གང་ཟག་བདག་མེད་གསུངས་ནས་བློ་འདུལ་བ་དེ་ཡང་འགྲིག་པ་ཡིན། དེ་ལས་ལྷག་པའི་བསམ་བློ་གཏོང་ཐུབ་ཀྱི་མེད། དེ་འདྲ་ཡིན་དུས་འཛམ་གླིང་འདིའི་ཐོག་གི་ཡེ་ཤུ་དང༌། ཁ་ཆེ། ཇིའུ། ཧིན་དུ་སོགས་ཀྱི་ཆོས་པ་གང་འདྲ་ཞིག་ཡིན་ནའང་སོ་སོའི་ཆོས་ལུགས་ནས་གསུངས་པ་དེ་ལ་བསམ་པ་རྣམ་དག་གིས་ཉམས་ལེན་བྱེད་མཁན་དེ་ཚོ་མི་འདྲ་བ་ཞིག་འདུག དངོས་གནས་མི་ལ་བརྩེ་བ་བྱེད་རྒྱུ་དང༌། མི་ལ་ཞབས་འདེགས་བསྒྲུབ་རྒྱུ། སྐབས་རེ་ང་ཚོ་ལས་ལྷག་པའི་འདོད་ཆུང་ཆོག་ཤེས་བྱས་ནས་སྡོད་ཀྱི་འདུག ང་ཚོའི་དགོན་པ་གྲྭ་ཚང་ནང་དགེ་ཕྲུག་གང་འཚམས་སླེབས་པ་དང༌། མཁན་པོའི་མིང་ཞིག་ཐོགས་དུས་བླ་བྲང་བཙུགས། ཁང་པ་ཡག་པོ་ཞིག་བརྒྱབ། དེའི་ནང་འཛིན་ཆས་ཡག་ཐག་ཆོད་བསྒྲིགས་ནས་སྡོད་ཀྱི་ཡོད། ཡེ་ཤུའི་གྲྭ་པ་ཚོ་ཧ་ཅང་སྐྱོ་པོ་བྱས་ནས་སྡོད་པ་དང༌། སྤྱི་ཚོགས་ཀྱི་ཞབས་འདེགས་བསྒྲུབ་རྒྱུ་ང་ཚོ་ལས་ལྷག་པ་མེད་ནའང་ཞན་པ་མེད། དེས་མི་ལ་ཕན་གྱི་ཡོད། ལྟ་བའི་ཆ་ནས་ཆད་ལྟ་དང་རྟག་ལྟ་ཡིན་པ་དེ་ནི་གནས་ཚུལ་ཐ་དད་ཡིན། སྤྱོད་པའི་ཆ་ནས་གཞན་ཕན་གྱི་བྱ་བ་དེ་ཧ་ལས་དགོས་པ་སྒྲུབ་ཀྱི་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་བརྩི་བཀུར་བྱེད་འོས་པ་དེ་ནི་ངོས་ཀྱིས་བསམ་པ་རྣམ་དག་གིས་བརྗོད་པ་ལས་རྫུན་དང་སྤྲེལ་ལད་བཤད་པ་མིན། དེ་ལ་བརྟེན་ནས་ཆོས་པ་མང་པོ་དང་གྲོགས་པོ་ཆགས་ཏེ་ཁོང་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ཡེ་ཤུའི་ཆོས་པ་མང་པོས་ངོས་ཡེ་ཤུའི་ཆོས་པ་རེད་ཅེས་བརྗོད་པ་དང༌། ཁ་ཆེའི་ཆོས་པ་མང་པོས་ཀྱང་ཁ་ཆེའི་ཆོས་པ་རེད་ཅེས་བརྗོད་ཀྱི་འདུག མ་གཞི་ངོས་ནས་ཁ་ཆེའི་ལྷ་ཁང་དུ་འགྲོ་སྐབས་ཁ་ཆེའི་ཞྭ་མོ་དཀར་པོ་གྱོན་པ་དང༌། ཇིའུ་གི་ལྷ་ཁང་དུ་འགྲོ་སྐབས་ཁོང་ཚོའི་ཞྭ་མོ་དམར་པོ་གྱོན་གྱི་ཡོད། ང་ལ་ཁྱད་པར་མེད། བསམ་པ་རྣམ་དག་ཡིན། ཆོས་བརྒྱུད་ཁག་མཐུན་སྒྲིལ་ཡོང་ཐབས་སུ་ངས་དེ་ལྟར་བྱེད་ཀྱི་ཡོད། ལས་ཀ་དེ་གཉིས་དགའ་ལྡན་ཁྲི་པ་དང་བཀའ་བློན་ཁྲི་པ་གཉིས་ཀྱིས་གནང་མི་ཐུབ། ངས་བྱེད་ཐུབ་ཀྱི་ཡོད། ངས་བྱེད་ཐུབ་པ་རྣམས་ང་རང་གི་དམིགས་བསལ་གྱི་འགན་ཡིན། ཡང་བཙན་བྱོལ་གཞུང་གི་སྒྲིག་འཛུགས་ཤིག་ཡོད་པ་འདི་དང༌། བཙན་བྱོལ་སྤྱི་ཚོགས་ཡར་རྒྱས་གཏོང་རྒྱུའི་ལས་ཀ་དེ་རིགས་ཁྱེད་རང་ཚོས་ང་ལས་ལྷག་པ་བྱེད་ཐུབ། དེར་བརྟེན་འདས་པའི་ལོ་སུམ་ཅུའི་གོང་ཁྱེད་ཚོས་ང་མེད་པ་ལྟར་གྱི་ལས་ཀ་བྱེད་དགོས་ཞེས་ངས་བརྗོད་ཡོད། ང་ཕྱེད་རྒས་ཡོལ་ཡིན་ཞེས་བརྗོད་པའི་དགོས་དོན་འདི་ཡིན། ཁྱེད་ཚོས་ང་ལ་དེ་ལྟར་ཡོང་མིན་ཞེས་བཤད་པར་དགོས་པ་ཅང་མེད། ང་རང་འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་བདུན་ཅུ་མ་ཟིན་ཙམ་ཡོད་པའི་ནང་གི་མི་གཅིག་ཡིན། ང་ལ་འགྲོ་བ་མིའི་ཐོབ་ཐང་ཡོད། ངས་བསམ་པ་རྣམ་དག་གིས་ཕྱེད་རྒས་ཡོལ་ཡིན་ཞེས་བརྗོད་པ་ལྟར་བཙན་བྱོལ་གཞུང་གི་ལས་ཀ་གལ་ཆེ་བ་ཚང་མ་བཀའ་བློན་ཁྲི་པས་ཐག་གཅོད་ཀྱི་ཡོད་པ་ལས། ངས་བཀའ་བློན་ཁྲི་པའི་རྒྱབ་ནས་གསང་ཐག་འཐེན་པ་རྩ་བ་ནས་མེད། སྐབས་རེ་ལས་ཀ་རིགས་འགའ་ཤས་ལ་ངོས་ཀྱི་བསམ་ཚུལ་ཡོད་ནའང༌། བཀའ་བློན་ཁྲི་པས་ཕྱོགས་གཞན་ཞིག་ནས་རྒྱུ་མཚན་གཟིགས་ཏེ་བསམ་ཚུལ་མི་མཐུན་པ་ཡོང་སྐབས་བཀའ་བློན་ཁྲི་པ་རང་གིས་ཐག་གཅོད་ཀྱི་ཡོད། ཡིན་ནའང་མང་ཆེ་བ་ངོས་ཀྱི་བསམ་ཚུལ་ཐོག་འགྲོ་གི་ཡོད། བླ་མ་དང་སློབ་མའི་དམ་ཚིག་ཡོད་དུས་ཨུ་ཚུགས་ཕྲན་བུ་རྒྱག་ས་ཡོད། ཕྱེད་རྒས་ཡོལ་ཟེར་བ་འདི་བསམ་པ་རྣམ་དག་དང་ཁ་ཞེ་གཉིས་མེད་ཀྱིས་དགོས་པ་རྒྱུ་མཚན་ཐོག་ནས་ཤོད་ཀྱི་ཡོད། སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ཀྱི་སྐབས་ཕྱི་རྒྱལ་གྱི་སྲིད་འཛིན་ལམ་ལུགས་ལྟར་ཡིག་ཆ་གལ་ཆེ་ཁག་ལ་ངོས་ནས་ས་ཡིག་རྒྱག་རྒྱུ་དེ་མི་དགོས་པ་བྱས་ན་ཡག་པོ་ཡོད་སྐོར་བརྗོད་པ་ཡིན། སྐབས་དེར་ཁྲིམས་ཞིབ་པ་རྣམ་རྒྱལ་ཚེ་རིང་ཡོད། ཁྱེད་རང་ཚོ་མི་གསུམ་དང་ཐུག་ནས་སྤྱི་འཐུས་ཚོགས་རྒྱུ་དང་གྲོལ་རྒྱུ་དེ་ཚོར་ངོས་ཀྱིས་ས་ཡིག་རྒྱ་གི་ཡོད། དེ་བཞིན་ཡིག་ཆ་བསྒྱུར་བཅོས་ཕྱིན་པ་དེ་ཚོར་ངོས་ཀྱི་ས་ཡིག་རྒྱག་གི་ཡོད། དེ་བཞིན་དོན་གཅོད་གལ་ཆེ་བ་ཁག་ལ་ངོས་ཀྱིས་ས་ཡིག་རྒྱག་གི་ཡོད་པ་དེ་དག་མི་དགོས་པ་བྱ་རྒྱུའི་སྐོར་བརྗོད་པ་དང༌། དེ་ཚོའི་རིགས་ཁྲིམས་ཞིབ་པ་དང་བཀའ་བློན་ཁྲི་པ་གཉིས་སུས་བྱས་ན་དགའ་མིན་ལྟ་དགོས་ཚུལ་བརྗོད་པ་ཡིན། སྐབས་དེར་ཁོང་ཚོ་གསུམ་གྱིས་དེ་འདྲ་བྱས་ན་བོད་ནང་གི་བོད་མི་ཚོ་བློ་ཕམ་དང་སེམས་ཤུགས་ཆག་པ་འདྲ་བྱུང་ན་ཡག་པོ་མེད་སྐོར་བརྗོད་བྱུང༌། ངས་དེ་འདྲ་ཡིན་ན་འགྲིག་གི་རེད་ཅེས་བརྗོད་པ་བཞིན་ལོ་འགའ་ཤས་དེ་འདྲ་བྱས་ནས་ཕྱིན་པ་རེད།

     ད་ཆ་རིམ་པས་ཕྱེད་རྒས་ཡོལ་འདི་རྒས་ཡོལ་ཆ་ཚང་ཞུ་རྒྱུའི་བསམ་བློ་གཏོང་གི་ཡོད། ངོས་ནས་རྟག་པར་ང་ལ་འགན་འཁུར་གསུམ་ཡོད་བརྗོད་ཀྱི་ཡོད། འགན་འཁུར་དང་པོ་དང་གཉིས་པ་ནི་འཚེ་མེད་ཞི་བའི་ལྟ་སྤྱོད་ཡར་རྒྱས་གཏོང་རྒྱུ་དང༌། དེ་དང་འབྲེལ་བའི་སྙིང་རྗེ་ཡར་རྒྱས་གཏོང་རྒྱུ་དེ་དག་ང་མ་འཆི་བར་བྱེད་རྒྱུ་དང༌། དེ་བཞིན་ཆོས་ལུགས་ཁག་མཐུན་སྒྲིལ་ཡོང་ཐབས་བྱ་རྒྱུ་དེ་ཡང་ང་མ་འཆི་བར་དུ་བྱེད་རྒྱུ་ཡིན། ང་ཚོ་བོད་ཀྱི་འཐབ་རྩོད་འདི་ཚད་ཡོད་པ་ཞིག་ཡིན་པ་དང༌། ཉི་མ་གཅིག་ང་རྒས་ཡོལ་ཆ་ཚང་བྱེད་རྒྱུའི་དུས་ཚོད་ཅིག་སླེབས་རྒྱུ་ཡིན། གལ་སྲིད་ང་ཚོ་གཞིས་བྱེས་མཉམ་འཛོམས་བྱུང་ན་ངོས་ཀྱི་འགན་གཙང་མ་འཇོག་རྒྱུ་ལས་དམིགས་བསལ་མིང་འཁྱེར་ནས་ལས་ཀ་བྱ་རྒྱུ་མིན། དེ་ནི་ཕྱི་ལོ་ ༡༩༩༢ ལོར་ངས་གསལ་པོ་བརྗོད་ཡོད། དངོས་གནས་བཀའ་གདམས་ཀྱི་བླ་མ་གོང་མ་རྣམས་ཀྱི་གསུང་སྒྲོས་ནང་རི་དྭགས་རྨས་མ་བཞིན་དུ་སྡོད་ཅེས་གསུངས་པ་བཞིན་དེ་ལྟར་སྡོད་འདོད་ཡོད། ཁྱེད་རང་ཚོས་ཕྱེད་རྒས་ཡོལ་ཞེས་པ་འདི་འགྲིག་གི་མི་འདུག་ཅེས་བརྗོད་ཀྱང༌། ངའི་ངོས་ནས་རང་གི་ཐོབ་ཐང་ཤོད་ཀྱི་ཡོད། འདིར་ངས་ཁྱེད་རང་ཚོར་སྐད་ཆ་ཞིག་འདྲི་རྒྱུར་ང་ལ་འགྲོ་མིའི་ཐོབ་ཐང་ཡོད་དམ་མེད། ཅེས་པ་འདི་ཡིན། དེར་གོ་ནོར་ཐེབས་མི་ཉན། ང་སེམས་ཤུགས་ཆག་ནས་བརྗོད་པ་མིན་པར་དགོས་པ་རྒྱུ་མཚན་ཞིག་ལ་བརྟེན་ནས་བརྗོད་ཀྱི་ཡོད། གང་ལྟར་ང་ད་ལྟ་ལོ་ ༧༦ ལ་སླེབས་ཟིན་པ་དང༌། ད་ནས་ལོ་བཅུ་ཕྱིན་ན་ལོ་ ༨༦ ལ་བསླེབ་རྒྱུ་དང༌། ད་དུང་ལོ་བཅུ་ཕྱིན་ན་ལོ་ ༩༦ ལ་བསླེབ་རྒྱུ་ཡིན། ཁྱེད་རང་ཚོས་དགོངས་པ་གནང་རུང་མ་གནང་རུང་ང་འགྲོ་རྒྱུ་རེད། ད་ལྟ་ནས་བང་བསྒྲིགས་ཏེ་ྋརྒྱལ་བ་རིན་པོ་ཆེ་ཡོད་མེད་ལ་མ་ལྟོས་པར་ང་ཚོར་མང་གཙོའི་ལམ་སྲོལ་གྱི་སྒྲིག་འཛུགས་ཤིག་ཡོད་པ་འདིས་འགན་ཆ་ཚང་ཁྱོགས་པ་བྱས་ན་ང་ཡོད་མེད་ལ་ཁྱད་པར་མེད། ད་ལྟ་ཕ་རོལ་རྒྱ་ཕྱོགས་ནས་ཏཱ་ལའི་བླ་མ་འཆི་གི་རེད། ཏཱ་ལའི་བླ་མ་རྒས་འཁོགས་རེད་ཅེས་ཏཱ་ལའི་བླ་མ་ཤི་སྒུག་བརྒྱབ་སྟེ་བསྡད་ཡོད། མི་ཚོས་ཁ་གསངས་ནས་དེ་ལྟར་ཤོད་ཀྱི་ཡོད་དུས་ང་ཚོ་འདི་ཕྱོགས་ནས་ྋརྒྱལ་བ་རིན་པོ་ཆེ་ཡོད་མེད་ཁྱད་པར་མེད་པའི་སྲ་ཐག་ཐག་བྱས་ཏེ་བསྡད་ན་ཁོ་ཚོས་ང་ཤི་སྒུག་བརྒྱབ་སྟེ་སྡོད་ཀྱི་མ་རེད། དེ་རྣམས་མང་གཙོའི་སྐོར་ཡིན།

      དེ་ནས་དེང་སང་བཀའ་བློན་ཁྲི་པ་བྱེད་ཀྱི་མིན་ཞེས་དགོངས་པ་ཞུ་མཁན་དང༌། བཀའ་བློན་ཁྲི་པ་བྱེད་ཀྱི་ཡིན་ཞེས་ཐོན་ཡོང་མཁན་ཡོད་པ་སོགས་དེ་སྐོར་མང་ཚོགས་ནང་སྐད་ཆ་མང་པོ་ཤོད་ཀྱི་ཡོད་པ་ཧ་ཅང་ཡག་པོ་རེད། ཚང་མས་བསམ་བློ་ཡག་པོ་བཏང༌། མི་ལའང་སྐད་ཆ་དྲིས། བརྟག་དཔྱད་ཡག་པོ་བྱེད་དགོས། གང་ལྟར་མང་མོས་འོས་འདེམས་བྱས་པའི་མི་ཞིག་ཐོན་ཡོང་དགོས་དུས་ཧ་ཅང་གལ་ཆེན་པོ་ཡིན། ལྷག་པར་དུས་ཚོད་ཀྱི་ངོས་ནས་བཤད་ན་ང་རང་ལོ་རྒས་འགྲོ་གི་ཡོད། དེར་བརྟེན་ལས་འགན་ཆེན་པོ་ཆགས་ཀྱི་ཡོད། ཁྱེད་རང་ཚོས་གཟབ་གཟབ་བྱས་ནས་བཀའ་བློན་ཁྲི་པ་འདེམས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། མི་འདི་ལ་ྋརྒྱལ་བ་རིན་པོ་ཆེས་རྒྱབ་སྐྱོར་ཡོད་པ་དང༌། མི་འདི་ལ་ྋརྒྱལ་བ་རིན་པོ་ཆེས་རྒྱབ་སྐྱོར་མེད་པ་རེད་ཅེས་ཁ་ཤས་ཀྱིས་ཁུག་ཀྱོག་ཏུ་སྐད་ཆ་དེ་འདྲ་ཤོད་ཀྱི་ཡོད་འདུག ང་ནི་སུ་གཅིག་ལ་རྒྱབ་སྐྱོར་མེད་ལ། མི་འདི་འོས་ཀྱི་རེད་དང་མི་འདི་འོས་ཀྱི་མ་རེད་ཅེས་ངས་ཚིག་གཅིག་བཤད་མེད། དེ་ནི་མི་མང་གི་ཐག་གཅོད་བྱེད་རྒྱུ་ཞིག་ཡིན་པ་ལས། ངས་འདི་འོས་ཀྱི་རེད་ཅེས་བརྗོད་པ་ཡིན་ན་མི་མང་པོ་ཞིག་གིས་ཡང་ྋརྒྱལ་བ་རིན་པོ་ཆེའི་ཡེ་ཤེས་དབྱིངས་དཔྱད་ཟེར་བ་དེའི་ཐོག་འགྲོ་སྲིད་པ་དེ་ནི་ཡག་པོ་མི་འདུག ཁྱེད་རང་ཚོ་རང་གིས་བསམ་བློ་གཏོང་དགོས། མི་སུ་འདྲ་ཞིག་ཡིན་ཡང་ང་ཚོ་བཙན་བྱོལ་རྒྱ་ཆེའི་མི་མང་གི་ཡིད་ཆེས་ཡོད་པའི་མི་ཞིག་སླེབས་སོང་ན་དེ་ལ་ངས་ཡིད་ཆེས་བྱེད་ཆོག་པ་དང༌། འགྲིག་མ་འགྲིག་ལ་གོ་བསྔུར་བྱེད་ཆོག ད་ལྟ་ཁྱེད་རང་ཚོས་དོ་སྣང་ཆེན་པོ་བྱེད་པ་ཧ་ཅང་ཡག་པོ་རེད། དེ་བཞིན་སྤྱི་འཐུས་འོས་འདེམས་བྱེད་རྒྱུར་ཡང་ཚང་མས་གཟབ་གཟབ་བྱེད་དགོས། ལུང་ཚན་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་རྩ་བ་ནས་བྱེད་རྒྱུ་མེད་ཅེས་ངས་སྔོན་མ་ནས་ཐེངས་མང་པོ་བརྗོད་ཡོད། བར་སྐབས་ཞབས་འདྲེན་གྱི་གནས་ཚུལ་ཕྲན་བུ་བྱུང་བ་དེ་ཚོ་རྒྱ་ཕྱོགས་ནས་བེད་སྤྱོད་གང་འདྲ་བྱས་མ་སོང་ངམ། དེར་བརྟེན་གཟབ་གཟབ་མ་བྱས་ན་དགྲ་དགའ་ཉེན་སྡུག་ཟེར་བ་དེ་བྱེད་ཀྱི་ཡོད་པས། ཁྱེད་རང་ཚོས་གཟབ་གཟབ་བྱེད་དགོས།

       དབུ་མའི་ལམ་གྱི་སྐོར་ལ་དམིགས་བསལ་གང་ཡང་བཤད་རྒྱུ་མེད། གང་ལྟར་ྋརྒྱལ་བ་རིན་པོ་ཆེའི་ཡེ་ཤེས་དབྱིངས་དཔྱད་ཟེར་བ་དེ་མི་དགོས་པ་ཞིག་ཡིན། དེ་སྔ་དོལ་རྒྱལ་བཀག་འགོག་བྱེད་སྐབས་རྡ་རམ་ས་ལའིའདི་གར་ཆོས་ཚོགས་ཀྱི་ཚོགས་འདུ་ཞིག་ཚོགས་ཏེ་མཁན་པོ་སོགས་ཚོགས་བཞུགས་རྣམས་ཀྱིས་ཉིན་ཤས་གོ་བསྡུར་གནང་གི་འདུག ང་རང་ཡིག་ཚང་ནས་ཡར་ལོག་སྐབས་ཁོང་ཚོ་གོ་བསྡུར་གནང་ནས་བཞུགས་འདུག་པས་ངས་དེར་སོང་སྟེ་ཞབས་སྟེགས་གཅིག་གི་ཐོག་ལ་བསྡད་ནས་ང་ལ་དམིགས་བསལ་སྐད་ཆ་ཤོད་རྒྱུ་མེད་རུང༌། ཁྱེད་རང་ཚོས་བཀའ་མོལ་གནང་བ་ཉན་འདོད་བྱུང་ཞེས་ཞུས་པ་ཡིན། དེ་དུས་ཁོང་ཚོ་ཁག་གཅིག་གིས་དོལ་རྒྱལ་སྐོར་འདི་ལྟར་བརྗོད་ཀྱི་འདུག་ ྋརྒྱལ་བ་རིན་པོ་ཆེའི་བཀའ་ལ་བརྩི་གི་མི་འདུག་ཅེས་ཧ་ཅང་ནན་པོ་གསུངས་སོང༌། དེར་བརྟེན་ང་རང་བཀའ་མོལ་ཞུ་འདོད་བྱུང༌། ང་ལ་སྐད་ཆ་ཞིག་བཤད་རྒྱུ་ཡོད་ཅེས་བརྗོད་ནས་དོལ་རྒྱལ་གྱི་སྐོར་འདི་ྋརྒྱལ་བ་རིན་པོ་ཆེའི་བཀའ་རེད་ཅེས་བརྗོད་རྒྱུ་ཞིག་མིན། ངོས་ཀྱིས་དམ་དྲག་བྱེད་དགོས་དེོན་ག་རེ་ཡིན་པ་དེ་ལ་བསམ་བློ་གཏོང་དགོས་པ་ལས་ྋརྒྱལ་བ་རིན་པོ་ཆེའི་བཀའ་རེད་ཅེས་བརྗོད་རྒྱུ་ཞིག་མིན། ཞེས་བརྗོད་པ་ཡིན། དེ་ལྟར་དབུ་མའི་ལམ་ཞེས་པ་འདི་ཡང་ྋརྒྱལ་བ་རིན་པོ་ཆེའི་ཡེ་ཤེས་དབྱིངས་དཔྱད་དང་བཀའ་རེད་ཅེས་བརྗོད་རྒྱུ་ཞིག་མིན། ང་ཚོས་ད་ལྟ་བར་དབུ་མའི་ལམ་ཕྱོགས་བཟུང་བར་གྲུབ་འབྲས་ག་རེ་ཐོན་འདུག་དང་དེའི་ཐོག་མའི་དགོས་པ་རྒྱུ་མཚན་གང་རེད། དགོས་པ་རྒྱུ་མཚན་དང་འབྲེལ་ཏེ་ཕྱི་ལོ་ ༡༩༧༤ ལོ་ནས་བཟུང་ཡོངས་གྲགས་ཀྱི་དབུ་མའི་ལམ་འདི་གཞུང་འབྲེལ་ཐོག་ནས་གཏན་འཁེལ་བ་དང༌། གཏན་འཁེལ་བ་ལྟར་དུས་དེ་ནས་ད་ལྟ་བར་དུ་ང་ཚོས་རང་བཙན་རྩོད་ཀྱི་མེད། ཀྲུང་ཧྭ་མི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་ལ་སྡོད་ཀྱི་ཡིན། ང་ཚོས་དེ་སྔ་གྲོས་མཐུན་བཞག་ཡོད་ལ། ང་ཚོར་རང་སྐྱོང་གི་ཐོབ་ཐང་ཆ་ཚང་བ་ཞིག་བྱུང་ན་ང་ཚོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་སྡོད་འདོད་ཡོད་ཅེས་སྐད་ཆ་བཤད་པ་དེ་ལ་ད་ལྟ་བར་གྲུབ་འབྲས་ག་རེ་བྱུང་འདུག་དེ་ཚོར་བསམ་བློ་ཞིག་གཏོང་དགོས། དཔེར་ན། གཞོན་ནུའི་སྒྲིག་འཛུགས་ལ་ཆ་བཞག་ན་མཐའ་གཅིག་ཏུ་རང་བཙན་རྩོད་ཀྱི་ཡོད། ཐོག་མ་ཉིད་ནས་ངས་གཞོན་ནུའི་སྒྲིག་འཛུགས་ལ་བརྗོད་ཡོད། ཁྱེད་རང་ཚོས་བོད་ཀྱི་ཐོབ་ཐང་རྩོད་ཀྱི་ཡོད། རྒྱ་བོད་ཐ་དད་ཅེས་བོད་ཀྱི་ལོ་རྒྱུས་ཐོག་ནས་ང་ཚོར་ཐོབ་ཐང་ཡོད། ཁྱེད་རང་ཚོས་ཐོབ་ཐང་དེ་དྲན་གསོ་དང་དེ་རྩོད་ཀྱི་ཡོད་པ་ནི་འགྲིག་པ་རེད། ཡིན་ནའང་བོད་ནང་གི་གནས་སྟངས་དེ་ཙམ་གྱི་ཛ་དྲག་མེད་ན་ང་ཚོས་ཐོབ་ཐང་དེ་དག་རྩོད་ནས་བསྡད་ན་མ་འགྲིག་པ་མེད། འོན་ཀྱང་གནས་སྟངས་དེ་འདྲ་མ་རེད། བོད་ནང་ལ་ལོ་ཇི་སོང་གིས་བོད་ཀྱི་ཆོས་དང༌། རིག་གཞུང༌། སྐད་ཡིག ཁོར་ཡུག་སོགས་ཉམས་ཆག་ལོ་རེ་ནས་ལོ་རེ་ཇེ་སྡུག་ཇེ་སྡུག་ཏུ་འགྲོ་གི་ཡོད། དེ་འདྲའི་ཛ་དྲག་གི་གནས་སྟངས་འོག་བོད་སྐྱོབ་རྒྱུའི་ཐབས་ཤེས་ཤིག་བྱེད་དགོས་པ་ལས། ཐོབ་ཐང་ཁོ་ན་བཤད་དེ་བསྡད་ན་ལ་དག་ཐབས་མེད། ཉེ་ཆར་གཞོན་ནུ་ཚོ་ཐུག་སྟེ་སྐད་ཆ་བྱུང༌། ད་ལྟ་ང་ཚོས་རྒྱ་ཆེ་ས་ནས་བསམ་བློ་བཏང་སྟེ་དཀའ་ངལ་སེལ་ཐབས་བྱེད་དགོས་པ་ཡིན། དཔེར་ན། ངས་འཛམ་གླིང་ཐོག་འཚེ་མེད་ཞི་བའི་སྐོར་སྐད་ཆ་ཤོད་སྐབས། འཚེ་བའི་ལམ་ལ་བརྟེན་ནས་དཀའ་ངལ་སེལ་ཐབས་བྱེད་མཁན་མང་པོ་ཞིག་ཡོང་གི་འདུག་པ་དེ་ཚོ་ནི་ནོར་འཁྲུལ་རེད་ཅེས་ཤོད་ཀྱི་ཡོད། འདས་པའི་དུས་རབས་ཉི་ཤུ་པ་ནི་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཡིན་པ་དང༌། དུས་རབས་ཉི་ཤུ་རྩ་གཅིག་པ་འདི་འཚེ་བ་མེད་པའི་དུས་རབས་ཤིག་ཡོང་བ་བྱེད་དགོས། འཚེ་བ་མེད་པའི་དུས་རབས་ནང་དཀའ་ངལ་རང་བཞིན་གྱིས་སེལ་མི་ཐུབ་པར་མུ་མཐུད་གནས་རྒྱུ་ཡིན། འཚེ་བ་མེད་པའི་དུས་རབས་ཞེས་པ་ནི་དཀའ་ངལ་ཡོད་པ་དེ་དག་སེལ་ཐབས་འཚེ་བའི་ལམ་ལ་མ་བརྟེན་པར་གྲོས་མོལ་དང་གཉིས་མོས་ཀྱི་ཐོག་ནས་སེལ་ཐབས་བྱེད་དགོས་རྒྱུ་མི་རྣམས་ལ་ཤོད་ཀྱི་ཡོད། དཔེར་ན། ངོས་ཀྱིས་པེ་ལིསི་ཊན་དང༌། ཨིཛ་རལ་ཕྱོགས་གཉིས་ཀས་སོ་སོའི་ལུགས་བཟུང་སྟེ་མཁྲེགས་པོ་བྱས་ནས་སྡོད་པ་དང༌། གཉིས་ཕན་གྱི་བསམ་བློ་ཞིག་མ་བཏང་ན་དཀའ་ངལ་སེལ་ཁག་པོ་རེད་ཅེས་ཤོད་ཀྱི་ཡོད། དེ་བཞིན་ང་ཚོ་བོད་པའི་གནས་སྟངས་ལ་ཆ་བཞག་ནའང་རྒྱ་དང་བོད་ཀྱི་བར་ལ་གཉིས་ཕན་གྱི་ཐབས་ལམ་ཞིག་འཚོལ་དགོས་པ་ལས། སོ་སོའི་ལུགས་བཟུང་སྟེ་རྒྱ་མི་རིགས་ཀྱིས་བོད་འདི་རྒྱ་ནག་གི་ཆ་ཤས་ནས་ནམ་ཡང་གློད་ཀྱི་མིན་ཟེར་བ་དང༌། བོད་མི་རིགས་ཀྱི་ངོས་ནས་ང་ཚོར་རང་བཙན་གཙང་མ་དགོས་ཞེས་བཤད་ནས་བསྡད་ན་གདོང་ཐུག་ཡོང་རྒྱུ་ཡིན། དེས་ན་ང་ཚོས་གྲོས་མོལ་བྱས་ནས་རྙོག་དྲ་སེལ་ཐབས་བྱེད་པའི་རྒྱུ་མཚན་དེ་ཡིན། ཆེ་ས་ནས་བསམ་བློ་བཏང་ན་རྒྱ་ནག་རང་དབང་ལྡན་པ་ཞིག་ཆགས་པ་དང༌། ང་ཚོ་བོད་ལའང་མིང་དོན་མཚུངས་པའི་རང་སྐྱོང་ཞིག་བྱུང་ན་དཔལ་འབྱོར་ཡར་རྒྱས་འགྲོ་རྒྱུར་ང་ཚོར་ཁེ་ཕན་ཡོང་སྲིད། ང་ཚོ་གཅིག་པུར་ཁུངས་འཁྱོལ་ལ་མ་འཁྱོལ་བྱས་ནས་བསྡད་པ་ལས། སྟོབས་ཆེན་རྒྱལ་ཁབ་གཅིག་གི་ནང་བསྡད་ན་དངོས་པོ་ཡར་རྒྱས་འགྲོ་རྒྱུར་ཏན་ཏན་ཁེ་ཕན་ཡོང་སྲིད། གལ་ཆེ་ཤོས་ང་ཚོའི་ཆོས་དང་རིག་གཞུང་དེ་དག་འཛིན་སྐྱོང་ཡག་པོ་ཞིག་བྱེད་ཐུབ་པ་དགོས། དེ་ནི་བོད་མི་རིགས་གཅིག་པུ་མིན་པར་རྒྱ་མི་རིགས་ས་ཡ་མང་པོར་ཕན་ཐོགས་ཡོད་པ་ཞིག་ཡིན་པ་ལྟར་ད་ལྟ་ནས་ཕན་ཐོགས་གང་ཙམ་ཡོང་གི་ཡོད། རྡ་རམ་ས་ལར་ཆ་བཞག་ན་རྒྱ་ནག་གཞུང་གིས་བཀའ་འགོག་བྱེད་ཀྱི་ཡོད་ཀྱང་ཕལ་ཆེར་བདུན་ཕྲག་རེ་རེའི་ནང་རྒྱ་ནག་སྐམ་ས་ཆེན་པོ་ནས་མི་ཡོང་གི་ཡོད། མི་མང་པོ་ཞིག་གིས་མིག་ཆུ་བཏང་ནས་ནང་ཆོས་ལ་དོ་སྣང་བྱེད་ཀྱི་འདུག དེ་ཚོས་དེང་སང་རྒྱ་ནག་སྐམ་ས་ཆེན་པོར་ནང་པ་ས་ཡ་ཉིས་བརྒྱ་ལྷག་ཙམ་ཡོད་ཅེས་བརྗོད་ཀྱི་འདུག དེར་བརྟེན་ང་ཚོས་རྒྱ་ཆེ་ས་ནས་བསམ་བློ་གཏོང་དགོས། ཁ་སྔོན་གཞོན་ནུ་ཚོ་ཐུག་སྐབས་དབུ་མའི་ལམ་གི་ཟབ་སྦྱོང་ལ་ཞུགས་མཁན་ཚོར་ཡང་མཇལ་ཁ་དགོས་བརྗོད་ཀྱི་འདུག་པ་ང་ལ་དུས་ཚོད་མེད་སྟབས་ཁོང་ཚོ་མཉམ་དུ་ཤོག་ཅེས་བརྗོད་པ་ཡིན། ངོས་ཀྱིས་ཁོང་ཚོར་རྩེད་མོ་དང་སྦྲགས་ཁྱེད་རང་ཚོ་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་དང༌། གཞོན་ནུ་ཚོ་རང་བཙན་རྩོད་མཁན་རེད། ཁྱེད་རང་ཚོ་འཛིང་རེས་ཤིག་གཏོང་དང་ཞེས་བརྗོད་པ་ཡིན། དེ་རྗེས་འགྲེལ་བཤད་བརྒྱབ་སྟེ་དེང་སྐབས་སྤྱི་ཚོགས་ནང་ལ་མི་ཕན་ཚུན་བར་ཁོ་རང་བཙན་རྩོད་མཁན་རེད། ཁོ་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་རེད་ཅེས་བརྗོད་ནས་འགལ་ཟླའི་རྣམ་པ་ཞིག་ཡོང་གི་ཡོད་པ་དེ་ནོར་བ་རེད། ང་ཚོ་དབུ་མའི་ལམ་ཤོད་མཁན་ཚོས་བོད་སྤྱི་པའི་དོན་ཤོད་ཀྱི་ཡོད། གང་ལྟར་ང་ཚོས་དཀའ་ངལ་ཉུང་དུ་གཏོང་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད། གཞོན་ནུ་ཚོས་རང་བཙན་ཞེས་བརྗོད་པ་དེ་ང་ཚོའི་ཐོབ་ཐང་ཤོད་ཀྱི་ཡོད། ངོས་ཀྱིས་གསུམ་བཅུའི་དུས་དྲན་གྱི་གསུང་བཤད་ཡོངས་བསྒྲགས་ནང་ཐེངས་མང་བཤད་ཡོད། རྒྱལ་རབས་ལོ་རྒྱུས་བཤད་དགོས་བྱུང་ན་རྒྱ་ནག་གུང་ཁྲན་གཞུང་གི་བཤད་སྟངས་གཅིག་དང༌། གོ་མིང་ཏང་གི་ཤོད་སྟངས་གཅིག རྒྱ་མི་སྒེར་པ་དེ་འདྲའི་ཤོད་སྟངས་གཅིག བོད་པའི་ཤོད་སྟངས་གཅིག ནུབ་ཕྱོགས་པའི་ཁྲིམས་དང་ལོ་རྒྱུས་ཀྱི་མཁས་པ་ཚོའི་ཤོད་སྟངས་གཅིག་བཅས་ཡོད། དེས་ན་རྒྱ་ནག་གཞུང་གིས་བཤད་པ་དེ་གཅིག་པུར་ཆ་འཛིན་བྱེད་ཐབས་མེད་ཅེས་ཡོངས་བསྒྲགས་ཀྱིས་བཤད་ཡོད། དེ་ལྟར་བཤད་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། དེ་སྔའི་བོད་ཀྱི་ལོ་རྒྱུས་དེ་རྒྱ་ཕྱོགས་ནས་བོད་རྒྱ་ཁོངས་ཡིན་ཞེས་བཤད་པ་དེ་ལྟར་མ་ཡིན་པ་ཞིག་ཤོད་ཀྱི་ཡོད། ང་ཚོས་ཀྱང་ཉམས་ཞིབ་བྱེད་ཀྱི་ཡོད། དེ་སྔའི་བོད་རྒྱ་མཆོད་ཡོན་གྱི་འབྲེལ་བ་དེ་ཚོའི་སྐོར་གྱི་ཡིག་ཆ་ཁག་གཅིག་སྔོན་མ་ནས་བཟོས་ཡོད་པ་དང༌། ད་ལྟ་ཡང་དེ་ཚོའི་ཐོག་ཉམས་ཞིབ་བྱེད་ཀྱི་ཡོད། དེ་ཚོའི་གྲས་འདས་པའི་ལོ་རྒྱུས་གནས་ཚུལ་ནས་ཐ་དད་ཡིན་པའི་ཐོབ་ཐང་གི་སྐོར་ཤོད་ཀྱི་ཡོད། ད་ལྟ་ང་ཚོས་དབུ་མའི་ལམ་ཤོད་ཀྱི་ཡོད་པ་དེ་ནི་ཛ་དྲག་གི་གནས་ཚུལ་ལས་སྐྱོབ་ཐབས་ཀྱི་སྐད་ཆ་ཤོད་ཀྱི་ཡོད། དེ་ཡང་ང་ཚོ་གཅིག་པུའི་འཇོན་རྒྱུ་ཁག་པོ་ཡིན་པར་བརྟེན་ང་ཚོར་རྒྱབ་སྐྱོར་དགོས་ཞེས་བརྗོད་ཀྱི་ཡོད། ང་ཚོས་དབུ་མའི་ལམ་ཞེས་བརྗོད་པ་འདི་སྐོར་ཁ་སྔོན་གཞོན་ནུ་ཚོ་ཐུག་དུས་ངས་སྔ་རྗེས་ཀྱི་ལོ་རྒྱུས་བཤད་ཡོད། ང་རང་ལོ་ ༧༦ ལ་སླེབས་པའི་མི་ཞིག་ལ་ཕྱི་ལོ་ ༡༩༤༩ ལོ་ནས་བཟུང་དུས་ཡུན་དེའི་རིང་གི་ཉམས་མྱོང་བྱུང་ཡོད། ཉམས་མྱོང་དེ་དག་ལ་ཕྱོགས་བསྡོམས་བྱེད་དུས་འཛམ་གླིང་འདིའི་ཐོག་དྲང་བདེན་ཞེས་ཚང་མས་ཤོད་ཀྱི་ཡོད་ཀྱང༌། དོན་ངོ་མ་ལག་ལེན་བསྟར་དུས་སྟོབས་དང་ནུས་པ་ཆེ་ཆུང་ཐོག་འགྲོ་བ་ལས་དྲང་བདེན་ལ་བདག་པོ་རྒྱག་མཁན་ཁག་པོ་འདུག ང་ཚོ་བོད་པ་ཡང་འཛམ་གླིང་འདིའི་ཐོག་ཡོད་པར་བརྟེན་དེ་ལུགས་ཀྱི་འགྲོ་རྒྱུ་ལས། དྲང་བདེན་གཅིག་པུ་བཤད་དེ་ཡོང་རྒྱུ་ཁག་པོ་ཡིན། ང་ཚོའི་ངོས་ནས་དྲང་བདེན་བྱེད་ཀྱི་ཡོད་ཀྱང༌། ཕ་རོལ་པོའི་ངོས་ནས་དྲང་བདེན་བྱེད་ཀྱི་མེད། འཛམ་གླིང་གི་ངོས་ནས་ཀྱང་བདེན་པ་ལ་ལམ་སང་རྒྱབ་སྐྱོར་བྱེད་རྒྱུ་ཁག་པོ་ཡོད། ད་ལྟ་ང་ཚོའི་དབུ་མའི་ལམ་ལ་ཨ་རིའི་གཞུང་དང༌། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀས་རྒྱབ་སྐྱོར་བྱེད་ཀྱི་ཡོད། དེ་བཞིན་ཡུ་རོབ་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། རྒྱ་གར་གཞུང་གིས་རྒྱབ་སྐྱོར་ཆ་ཚང་བྱེད་ཀྱི་ཡོད། དེ་དང་དེ་འདྲ་བའི་མང་གཙོའི་རྒྱལ་ཁབ་ཕལ་མོ་ཆེས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཨ་ཧཕི་རི་ཀ་དང་ཨ་རབ་དེ་ཚོར་ང་ཚོས་དམིགས་བསལ་འབྲེལ་བ་བྱེད་ཐུབ་མེད། གལ་ཆེ་ཤོས་འདས་པའི་ལོ་ཉི་ཤུ་སུམ་ཅུའི་རིང་དང༌། ལྷག་པར་འདས་པའི་ལོ་གཉིས་ཀྱི་རིང་རྒྱ་རིགས་ཤེས་ཡོན་ཅན་གྱི་ནང་ནས་ང་ཚོས་རང་བཙན་མི་རྩོད་པར་གཉིས་ཕན་གྱི་ལམ་ནས་དཀའ་ངལ་སེལ་ཐབས་བྱེད་པ་དེར་དོ་སྣང་བྱུང་སྟེ་རྒྱ་ཡིག་ཐོག་རྩོམ་ཡིག་སྟོང་ཕྲག་གཅིག་ལྷག་ཙམ་ཐོན་འདུག དེ་ཚོ་ཚང་མས་ང་ཚོའི་དབུ་མའི་ལམ་ལ་རྒྱབ་སྐྱོར་གཙང་མ་དང༌། རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་ཡོད། ང་ཚོ་རང་བཙན་ཐོག་ལ་ཕྱིན་ན་ང་ཚོའི་ངོ་ཤེས་རྒྱ་མི་གཉིས་གསུམ་ཞིག་ཡོད་པ་ཁོང་ཚོས་རྟག་ཏུ་རང་བཙན་ཤོད་ཀྱི་ཡོད། འོན་ཀྱང་ཁོང་ཚོ་རྒྱ་རིགས་ཤེས་ཡོན་ཅན་གྱི་ཁོངས་མ་ཚུད་པར་བུད་འགྲོ་གི་འདུག དེ་ལྟར་རྒྱ་རིགས་ངོས་ཤེས་རང་བཙན་གཙང་མར་རྒྱབ་སྐྱོར་བྱེད་མཁན་གསུམ་ཡོད་པ་ནས་མི་གཉིས་ད་ལྟ་ཡོད། མི་གཅིག་དེ་སྔ་གནམ་བདེ་སྒོ་མོ་ཆེའི་གནས་ཚུལ་སྐབས་དཀའ་ལས་རྒྱག་མཁན་གཙོ་བོ་ཡིན་ཀྱང་དེང་སང་ཁོང་གི་སྐོར་གོ་རྒྱུ་མི་འདུག དེ་མིན་ངས་ཐུག་མྱོང་བའི་རྒྱ་རིགས་བརྒྱ་ཕྲག་ཁ་ཤས་ཤིག་ཡོད་པ་ཚང་མ་ཁ་གཅིག་གྲགས་ཀྱིས་ང་ཚོའི་དབུ་མའི་ལམ་ལ་རྒྱ་སྐྱོར་བྱེད་ཀྱི་འདུག རྒྱ་རིགས་ནང་ནས་རྒྱབ་སྐྱོར་དགོས་རྒྱུ་འདི་གལ་ཆེན་པོ་ཡིན། ད་བར་དབུ་མའི་ལམ་ལ་ཕྱིན་པ་དེར་འབྲས་བུ་གང་ཞིག་བྱུང་འདུག གལ་སྲིད་ང་ཚོས་དབུ་མའི་ལམ་ལ་བསྒྱུར་བཅོས་བཏང་སྟེ་རང་བཙན་གཙང་མའི་ཐོག་ཕྱིན་ན་སྔོན་ལ་རྒྱ་གར་གཞུང་གིས་རྒྱབ་སྐྱོར་ཇི་ཙམ་བྱེད་དང༌། ཨ་རིའི་གཞུང་གིས་རྒྱབ་སྐྱོར་ཇི་ཙམ་བྱེད། དེ་བཞིན་ཡུ་རོབ་གྲོས་ཚོགས་དང༌། རྒྱ་མི་ཤེས་ཡོན་ཅན་གྱི་ནང་ནས་རྒྱབ་སྐྱོར་ཇི་ཙམ་བྱེད། དེ་ཚོར་བསམ་བློ་གཏོང་དགོས། ཤེས་སོང་ངམ། ད་དུང་དེའི་ནང་གསེས་ལ་རང་བཙན་ཐོག་ཕྱིན་ན། ལོ་རྒྱུས་དང་འབྲེལ་བའི་གནས་ཚུལ་ཤོད་རྒྱུ་ཞིག་དང༌། རང་ཐག་རང་གཅོད་ཀྱི་ཐོག་ནས་ཤོད་རྒྱུ་ཞིག་བཅས་གཉིས་ཡོད། ལོ་རྒྱུས་ཐོག་ཕྱིན་ན་ྋགོང་ས་ལྔ་པ་ཆེན་པོ་ནས་བཟུང་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་ལ་གོ་རྒྱུ་རེད། ཕྱི་ལོ་ ༡༩༥༠ ལོར་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ལ་ཐོག་མའི་སྙན་ཞུ་འབུལ་སྐབས་ ༡༩༥༠ ལོར་འབྲི་ཆུ་བརྒལ་ནས་བཙན་འཛུལ་བྱས་བྱུང་ཞེས་འཁོད་ཡོད། འབྲི་ཆུའི་ནུབ་རྒྱུད་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་ས་ཆ་ལ་ཤོད་ཀྱི་ཡོད། ཕལ་ཆེར་དེ་དག་ང་ཚོ་བོད་པའི་ཁ་རྒྱུན་ལའང་རྒྱ་སྡེ་དང་བོད་སྡེ་ཞེས་ཤོད་ཀྱི་འདུག ལོ་རྒྱུས་ཐོག་ནས་བཤད་དགོས་བྱུང་ན་དེ་དག་གླེང་སློང་ཡོང་རྒྱུ་རེད། ཡང་ན་ཆོས་རྒྱལ་མེས་དབོན་རྣམས་གསུམ་སྐབས་ཀྱི་ལོ་རྒྱུས་བཤད་རྒྱུ་ཡིན། ངོས་ཀྱིས་ཉེ་ཆར་རྒྱ་གར་གྱི་ཚགས་པར་ཞིག་མཐོང་བྱུང༌། དེའི་ནང་རྩེ་ཕོ་བྲང་གི་པར་དང་ལོ་རྒྱུས་བྲིས་འདུག་པ་རོབ་ཙམ་ཀློག་པ་ཡིན། དེའི་ནང་རྩེ་ཕོ་བྲང་དུས་རབས་བདུན་པའི་ནང་རྒྱ་ནག་གོང་མས་བསྐྲུན་པ་རེད་ཅེས་བྲིས་འདུག རྩེ་ཕོ་བྲང་རྒྱ་མི་ལག་རྩལ་པས་བརྒྱབ་པའི་རྣམ་པ་རྩ་བ་ནས་མེད། བོད་པའི་ལག་རྩལ་པས་བརྒྱབ་ཡོད། གཅིག་བྱས་ན་བལ་པོའི་ལག་རྩལ་པ་དེ་འདྲ་ཡོད་ཤས་ཆེ། སྤྱིར་ལྷ་ལྡན་གཙུག་ལག་ཁང་བཞེངས་སྐབས་བལ་པོའི་བཟོ་རྩལ་ཡོད་པ་ཤོད་སྲོལ་ཡོད། རྩེ་ཕོ་བྲང་བོད་པ་རང་གིས་བཞེངས་ཡོད། བར་སྐབས་རྒྱ་གཞུང་གི་ཡིག་ཆའི་ཁོངས་ནས་བསྡུས་སོང་མ་གཏོགས། འགོ་སྟོད་རྒྱ་ཕྱོགས་ཀྱི་ཤོད་ཚུལ་ལ་དུས་རབས་བདུན་པ་ནས་བོད་རྒྱ་ཁོངས་རེད། དེའི་རྒྱུ་མཚན་ནི་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་བཙུན་མོར་བཞེས་པ་དང་དེ་མཉམ་དུ་རྩེ་ཕོ་བྲང་ཡང་བཞེངས་པ་རེད་ཅེས་བཀོད་འདུག ཕྱིས་སུ་དུས་རབས་བདུན་པ་ཞེས་མི་ཤོད་པར་དུས་རབས་བཅུ་གསུམ་པ་ཞེས་ཤོད་ཀྱི་འདུག གང་ལྟར་ལོ་རྒྱུས་ཐོག་འགྲོ་དགོས་བྱུང་ན་རྙོག་དྲ་ཆེན་པོ་ཡོད། དེ་དག་ལ་ཚང་མས་བསམ་བློ་གཏོང་དགོས་པ་ཡིན། ད་ལྟ་ང་ཚོའི་དབུ་མའི་ལམ་ཞེས་པ་འདིའི་རྒྱུ་མཚན་དང་དགོས་པ་ག་རེ་རེད་འདུག རྒྱུ་མཚན་དང་དགོས་པ་དེ་དག་ལ་བརྟེན་ནས་གལ་ཆེ་ཤོས་ད་ལྟ་བར་དུ་རྒྱབ་སྐྱོར་ག་ཚོད་ཐོབ་འདུག ད་ལྟ་བར་དུ་ང་ཚོའི་བྱེད་ཕྱོགས་འདི་ལ་བརྟེན་ནས་འཛམ་གླིང་ཐོག་གི་ཤེས་ལྡན་མི་སྣ་དོ་སྣང་བྱེད་མཁན་ཚང་མས་རྒྱ་ནག་གཞུང་གིས་འགྲིག་མ་སོང་ཞེས་མཛུབ་མོ་ཕར་བཙུགས་པ་ལས། བོད་པས་འགྲིག་མ་སོང་ཞེས་མཛུབ་མོ་ཚུར་འཛུགས་མཁན་སུ་ཡང་མེད། ང་ཚོས་རང་བཙན་ཞེས་བརྗོད་ན་ཁག་པོ་ཡིན། ཕྲན་བུ་ཧམ་པ་ཆེ་འདུག་བརྗོད་མཁན་མང་པོ་ཡོང་རྒྱུ་ཐག་ཆོད། དཔེར་ན། ང་རང་སྒེར་གྱི་ངོས་ནས་ཆ་བཞག་ན་ད་ལྟ་ང་ཚོའི་ལངས་ཕྱོགས་འདི་གཉིས་ཕན་གྱི་ལམ་ཞིག་ཡིན་སྟབས་ཕྱི་རྒྱལ་གྱི་མི་དང་རྒྱ་མི་སུ་ཐུག་ནའང་སྤོབས་པའི་ཐོག་ནས་ཤོད་ཀྱི་ཡོད། གལ་སྲིད་ང་ཚོ་རང་བཙན་གཙང་མའི་ཐོག་ཕྱིན་ན་རྒྱ་མི་ཞིག་ཐུག་དུས་དེ་ཤོད་ཐུབ་རྒྱུ་ཁག་པོ་ཡིན། ལམ་སང་ཁ་རྩོད་ཤོར་རྒྱུ་དང༌། ཡང་ན་ལོ་རྒྱུས་དྲངས་ནས་བཤད་རྒྱུ་ཡིན། དེ་ནི་མཁས་པའི་བགྲོ་གླེང་ཙམ་ལས་ད་ལྟ་ད་ལྟའི་ཆབ་སྲིད་ཀྱི་དཀའ་ངལ་སེལ་མི་ཐུབ། དེ་ཚོའི་གྲས་ནི་རྙོག་དྲ་ཡིན། ད་ལམ་ཁྱེད་རང་ཚོས་སྤྱི་མོས་ཐོག་ནས་ད་ལྟའི་ལངས་ཕྱོགས་འདི་ཡག་པོ་འདུག་ཅེས་བརྗོད་པ་ཧ་ཅང་ཡག་པོ་བྱུང་འདུག གཞེས་ནིང་ལོར་ང་ཚོའི་ཛ་དྲག་ཚོགས་འདུ་འཚོགས་སྐབས་ངས་བཀའ་བློན་ཁྲི་པར་བརྗོད་རྒྱུ་བྱུང༌། ད་རེས་ཀྱི་ཚོགས་འདུ་འདི་རྒྱ་གཞུང་གི་ལུགས་སྲོལ་ལྟར་ཚོགས་འདུ་ཚོགས་པ་ཙམ་ལས་ནང་དོན་སྔོན་ནས་གཏན་འཁེལ་བ་དེ་འདྲ་མིན་པར་ང་ཚོས་བསམ་པ་རྣམ་དག་ཐོག་ནས་ཚོགས་ཏེ་གལ་སྲིད་མང་མོས་ཀྱིས་བསྒྱུར་བཅོས་གཏོང་དགོས་ཞེས་བརྗོད་ན་དེ་ལྟར་འགྲོ་རྒྱུ་ལས་གཞན་བྱ་རྒྱུ་གང་ཡང་མེད། འགན་ཁྱོགས་དང་མ་ཁྱོགས་དེ་ནི་གནས་ཚུལ་ཐ་དད་ཡིན། ངས་མུ་མཐུད་འགན་འཁྱེར་དང་མི་འཁྱེར་རང་ཉིད་ཀྱིས་བསམ་བློ་གཏོང་རྒྱུ་ཡིན། གལ་ཏེ་བསྒྲུབ་མི་ཐུབ་པའི་འགན་ཞིག་འཁྱེར་དགོས་བརྗོད་ན་དེ་ནི་ཁག་པོ་ཡིན། བསྒྲུབ་ཐུབ་པ་ཞིག་ཡོད་ན་ངས་འགན་འཁྱེར་གྱི་རེད། བསྒྲུབ་མི་ཐུབ་པ་ཞིག་གི་འགན་འཁྱེར་ན་དེ་ནི་རྙོག་དྲ་ཡིན། ཞེས་སྐབས་དེར་སྐད་ཆ་བྱུང་བ་བཞིན་དེ་ནི་བོད་སྤྱི་པ་དང་བོད་མི་རིགས་ཀྱི་དོན་དག་ཡིན་པས། མི་མང་གིས་ཐག་གཅོད་རྒྱུ་ལས་ང་མི་གཅིག་དང་ང་ཚོ་མི་ཉུང་ཤས་ཀྱིས་ཐག་གཅོད་བྱེད་རྒྱུ་ཞིག་མིན་ཞེས་ང་ཚོ་སྐད་ཆ་བྱུང༌། ངས་མང་ཚོགས་ལ་སྐད་ཆ་ཤོད་དུས་ཡོངས་བསྒྲགས་ཐོག་ནས་རྒྱ་ནག་གཞུང་ལ་ཡིད་ཆེས་བརླག་འགྲོ་གི་འདུག་ཅེས་བརྗོད་ཡོད། དེ་ནི་དངོས་གནས་ཡིན། ད་དུང་ང་ཚོས་གང་ཕན་ཅི་ཕན་གྱིས་མང་ཚོགས་ལ་གོ་བསྡུར་བྱས་ཏེ་ཐབས་ཤེས་གཞན་ཞིག་རྙེད་ན་དེ་ལྟར་བྱེད་ཆོག་གི་རེད། རང་བཙན་སྒྲུབ་ཀྱི་ཡིན། རྒྱབ་སྐྱོར་འདི་འདྲ་བྱས་ཏེ་འཚོལ་གྱི་ཡིན་ཞེས་བརྗོད་རྒྱུ་ཡོད་ན་འགྲིག་གི་རེད། ངས་སྔོན་མ་ནས་གཞོན་ནུའི་སྒྲིག་འཛུགས་ལ་རང་བཙན་རྩོད་པ་ནི་ཐོབ་ཐང་རྩོད་པ་ཡིན་པས་རྒྱུ་མཚན་ལྡན་པ་རེད། ཡིན་ནའང་སྒྲུབ་ཐབས་དང་བྱེད་སྟངས། རྒྱབ་སྐྱོར་འདི་འདྲ་བྱས་ཏེ་འཚོལ་གྱི་ཡིན། ཐབས་ལམ་འདི་དང་འདི་ཡོད། བྱེད་སྟངས་འདི་འདྲ་བྱས་ནས་སྒྲུབ་ཀྱི་ཡིན། ཞེས་གོ་རིམ་དང་འགྲོ་སྟངས་གསལ་གསལ་ཐིང་ཐིང་ཞིག་བརྗོད་རྒྱུ་ཡོད་ན་བསམ་བློ་གཏོང་གི་རེད། དེ་འདྲའི་སྒྲུབ་ཐབས་ཀྱི་རིམ་དང་རྒྱབ་སྐྱོར་འཚོལ་བའི་ཐབས་བྱུས་གང་ཡང་མེད་པར་ང་ཚོར་རང་བཙན་དགོས་ཞེས་བརྗོད་པ་ཡིན་ན་དེ་ནི་ཐལ་ཆ་ཡིན། དེར་བརྟེན་ད་ལྟའི་དབུ་མའི་ལམ་ཞེས་པ་འདི་རྒྱུ་མཚན་ལྡན་པ་ཡིན། འོན་ཀྱང་ྋརྒྱལ་བ་རིན་པོ་ཆེས་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་བཅད་པ་རེད་ཅེས་བརྗོད་ན་དེ་ནི་ནོར་འཁྲུལ་ཡིན། མང་གཙོའི་སྐད་ཆ་ཆགས་ཀྱི་མེད། དེ་ལ་བསམ་བློ་བཏང་ནས་རྒྱུ་མཚན་འདུག ད་ལྟ་བར་དུ་གྲུབ་འབྲས་འདི་དང་འདི་བྱུང་འདུག དེར་བརྟེན་རྒྱབ་སྐྱོར་ཡོད་ཅེས་བརྗོད་ན་རྒྱུ་མཚན་ལྡན་པ་ཡིན། ཤེས་སོང་ངམ། དེ་བརྗོད་འདོད་བྱུང༌།

       དེ་ནས་དགེ་འདུན་པ་ཚོའི་ལས་འགན་གང་དང་གང་ཡིན་གོང་དུ་ཞུས་ཟིན་པ་ཡིན། འཛམ་གླིང་ཐོག་འདས་པའི་ལོ་ ༥༡ གོང་ང་ཚོ་ཐོག་མར་རྒྱ་གར་ལ་ཡོང་སྐབས་དང༌། དེའི་སྔོན་ང་ཚོ་བོད་ལ་ཡོད་སྐབས་བཅས་སུ་བོད་ཀྱི་སངས་རྒྱས་ཆོས་ལ་བླ་མའི་ཆོས་ཞེས་བརྗོད་མཁན་ཡོད། ཉེ་ཆར་རྒྱ་ནག་ནས་ཡོང་བའི་རྒྱ་མི་ཞིག་ཐུག་བྱུང་དེས་བོད་ཀྱི་ནང་ཆོས་དང་རྒྱ་ནག་གི་ནང་ཆོས་གཉིས་མི་འདྲ་བ་ཡོད། རྒྱ་ནག་གི་ཆོས་ལ་དཀོན་མཆོག་གསུམ་དང༌། བོད་ཀྱི་ཆོས་ལ་བླ་མ་ཐེ་བའི་དཀོན་མཆོག་བཞི་འདུག ཅེས་བརྗོད་ཀྱི་འདུག དེ་ཚོའི་གྲས་ལ་བསམ་བློ་ཡག་པོ་བཏང་ནས་འགྲེལ་བཤད་རྒྱག་དགོས་པ་འདུག སྔོན་མ་འཇར་མན་གྱི་ཨ་མ་ཞིག་ཡོད། ཁོང་ནང་པ་ཡིན་ལ་ནང་ཆོས་ལ་ཧ་ཅང་དགའ་པོ་ཡོད། ཁོང་འབྲུག་ཡུལ་ལ་འགྲོ་སྐབས་དཻར་ཡི་དམ་རྫིག་པོ་དེ་ཚོ་སྒང་ལ་བཞག སངས་རྒྱས་སྟོང་སྐུ་གཤམ་ལ་བཞག་འདུག་དེ་ནི་བདེ་པོ་མི་འདུག ཁྱེད་རང་ཚོས་ཡི་དམ་སངས་རྒྱས་ལས་རྩ་ཆེ་བ་བརྩིས་པ་དེ་གང་འདྲ་ཞིག་ཡིན་ནམ་ཞེས་བརྗོད་ཀྱི་འདུག བོད་ཀྱི་ཆོས་ཞེས་འབག་གྱོན་ནས་འཆམ་བརྒྱབ་པ། དུང་རྒྱ་གླིང་གཏོང་བ། ཁ་སང་ཁུ་ནུར་དེ་འདྲ་འདུག་ལ་དེ་སྔོན་ལ་དྭགས་ལའང་མཐོང་བྱུང༌། ཕལ་ཆེར་འབྲུག་པ་བཀའ་བརྒྱུད་ཡིན་པ་འདྲ། རྒྱ་གླིང་གཏོང་མཁན་གྱིས་ཞྭ་མོ་ཁྱད་མཚར་ཞིག་གྱོན་འདུག ངོས་ཀྱིས་རྩེད་མོ་རྩེས་ནས་ཁྱེད་རང་ཚོ་རྒྱ་གླིང་གཏོང་མཁན་གྱི་ཞྭ་མོ་དེ་པུ་པུ་ཁུ་ཤུད་ཀྱི་མགོ་འདྲ་པོ་འདུག རྒྱ་གླིང་གཏོང་རྒྱུ་ལས་པུ་ཤུད་ཀྱི་སྐད་བརྒྱབ་ན་ཡག་པ་ཡོང་བ་འདུག་ཅེས་རྩེད་མོ་དང་སྦྲགས་ནས་བརྗོད་པ་ཡིན། ང་ཚོ་དེ་ལྟ་བུ་ལ་མགོ་འཁོར་བ་དཔེར་ན། ད་ལྟ་འདིར་ངོས་ཀྱིས་མ་གུས་པ་མིན་ཡང་བརྗོད་ཆོག་ན་འདུ་ཁང་རྫིག་པོ་དང་མཆོད་རྫས་རྫིག་པོ་ཞིག་ཡོད། ངོ་མ་དགོས་རྒྱུ་ན་ནི་བསླབ་པ་སློབ་གཉེར་ཡིན། བསླབ་མ་སློབ་གཉེར་དེ་ཙམ་མེད་ན་དགོན་པ་རྫིག་པོ་ཞིག་བརྒྱབ་ཡོད་ཀྱང་དེ་འདྲ་ཞིག་ཡིན། ང་ཚོ་བོད་པའི་ཁ་རྒྱུན་ལ་གཟི་བརྗིད་ཁོག་སྟོང་ཟེར་ཞིག་ཡོད་དེ་ལྟར་ཆགས་རྒྱུའི་ཉེན་ཁ་ཡོད། ད་ལྟ་བར་སློབ་གཉེར་ཡག་ཐག་ཆོད་རེད། ད་དུང་ཡང་ཤུགས་རྒྱག་དགོས། སློབ་གཉེར་བྱེད་སྟངས་དེ་ཡང་ཡག་པོ་བྱས་ན་རིགས་པ་རང་གི་ཐོག་ནས་འགྲོ་དགོས་པ་ལས། སངས་རྒྱས་ཀྱིས་དཔེ་ཆའི་ནང་ཡས་གསུང་འདུག་མས་གསུང་འདུག་ཟེར་བ་དང༌། ས་བཅུ་ལམ་ལྔ་བླ་མ་མ་ཎི་འདོན་པ་ལྟ་བུ་བྱེད་རྒྱུ་མེད། རང་གི་རྒྱུད་ཐོག་ལ་ས་བཅུ་ལམ་ལྔ་བསྐྱེད་ཐབས་དང༌། རེ་དོགས་ལུ་གུ་བརྒྱུད་ཀྱིས་བཅིངས་པའི་རྒྱུད་མ་དུལ་བ་འདི་གང་འདྲ་བྱས་ནས་ས་ལམ་ལ་བཀྲི་ཐབས་ཐོག་སོ་སོས་བསམ་བློ་བཏང༌། རྩོད་པ་རྩོད་སྐབས་ཀྱང་དེ་འདྲའི་ཐོག་རྩོད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། འདས་པའི་ལོ་ ༥༡ སོང་བའི་དེང་ཀྱི་སྐབས་སུ་བོད་ཀྱི་སངས་རྒྱས་ཀྱི་ཆོས་ཞེས་བརྗོད་དུས་ནང་པའི་ཆོས་ཀྱི་ནང་ནས་སྤུས་དག་ཤོས་དང༌། འགྲེལ་བཤད་ཆ་ཚང་ཤོས་བཅས་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་ནི་ང་ཚོའི་བྱས་རྗེས་ཡིན། གཙོ་བོ་དགེ་འདུན་པ་ཚོ་དང༌། བླ་མ་མཁན་པོ་ཁྱེད་རང་ཚོ་དངོས་གནས་མཛད་རྗེས་ཆེན་པོ་རེད་བསམ་གྱི་འདུག ང་རང་ལ་ཆ་བཞག་ན་དེ་སྔ་བོད་ལ་རྒྱན་དྲུག་མཆོག་གཉིས་ཞེས་པ་ལས་གཞན་གོ་རྒྱུ་མེད། ངོས་ཀྱིས་དཔལ་ནཱ་ལེའི་པཎ་གྲུབ་བཅུ་བདུན་ཞེས་པའི་ཐ་སྙད་གཅིག་བཏགས་ཏེ་བོད་ཀྱི་ཆོས་བརྒྱུད་འདི་སྤྱིར་རྒྱ་གར་འཕགས་པའི་ཡུལ་གྱི་ཆོས་བརྒྱུད་དང༌། ལྷག་པར་དཔལ་ནཱ་ལེའི་ཆོས་བརྒྱུད་ཡིན་ཞེས་བརྗོད་ཀྱི་ཡོད། དེ་གསར་བཟོ་བྱས་པ་གང་ཡང་མིན་ཀྱང་མིང་འདོགས་ཕྱོགས་ཀྱིས་དེ་རིང་ཁ་སང་གསལ་པོ་ཆགས་ཡོད། མི་མང་པོས་དོ་སྣང་བྱེད་པར་མ་ཟད། ཚན་རིག་པ་ཚོས་ཀྱང་དོ་སྣང་བྱེད་ཀྱི་འདུག འདས་པའི་ལོ་ ༥༡ རིང་ང་ཚོའི་ངོས་ནས་སངས་རྒྱས་བསྟན་པའི་ཞབས་འདེགས་གང་ཙམ་སྒྲུབ་ཐུབ་པ་བྱུང་ཡོད། དེ་དང་འབྲེལ་ནས་བོད་ཀྱི་རིག་གཞུང་དང༌། བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང༌། ང་ཚོ་བཙན་བྱོལ་ལ་ཡོད་པའི་བོད་མིའི་བྱེད་སྟངས་བཅས་ཀྱིས་འཛམ་གླིང་འདིའི་ཐོག་བོད་པ་ཞེས་བརྗོད་དུས་མི་དྲང་པོ་དང༌། ཡ་རབས། སེམས་བཟང་བཅས་ལ་རྩི་གི་ཡོད། བོད་མི་སྡུག་ཆགས་བྱེད་མཁན་རེ་ཟུང་ཡོད་ཀྱང་སྤྱི་ཡོངས་ལ་མཐོང་ཚུལ་ཡག་པོ་ཡོད། འོན་ཀྱང་བར་སྐབས་ནས་བོད་མི་མགོ་བདེ་པོ་མང་པོ་སླེབས་སྟབས་བོད་པས་རྫུན་ཤོད་ཀྱི་འདུག་ཟེར་བའི་སྐད་ཆ་ཕྲན་བུ་མང་དུ་འགྲོ་གི་འདུག དཔེར་ན། ལྡི་ལི་ཨ་རིའི་གཞུང་ཚབ་ཁང་སོགས་ཀྱིས་དེ་སྔ་བོད་པ་ཞིག་ཡོང་ན་དགའ་པོ་བྱས་ཏེ་ལམ་སང་ཐོང་མཆན་སྤྲོད་ཀྱི་ཡོད། དེར་བརྟེན་བལ་ཡུལ་གྱི་མི་བོད་པ་མིན་པ་དེ་འདྲས་བོད་པ་ཡིན་ཟེར་བཤད་ནས་ཐོང་མཆན་ཞུ་མཁན་བྱུང་བ་དང༌། ཕྱོགས་མཚུངས་གྲྭ་པ་མིན་པའི་མི་དེ་འདྲས་ཀྱང་གྲྭ་པ་ཡིན་ཟེར་ནས་གྲྭ་ཆས་གྱོན་ཏེ་ཐོང་མཆན་ཞུ་མཁན་བྱུང་ཡོད། དེ་རིང་ཁ་སང་བོད་པའི་ནང་རྫུན་ཤོད་མཁན་ཇེ་མང་དུ་ཕྱིན་པའི་རྐྱེན་གྱིས་ལྡི་ལི་ཨ་རིའི་གཞུང་ཚབ་ཀྱིས་གཞན་ཕར་ཞོག་ང་ཚོའི་ལྡི་ལི་དོན་གཅོད་ཀྱི་ངོས་སྦྱོར་ལ་ཡིད་མ་ཆེས་པ་བྱེད་ཀྱི་འདུག ལོ་འགའ་ཤས་སྔོན་ལྡི་ལི་དོན་གཅོད་ཀྱི་ངོས་སྦྱོར་ཡོད་པར་ཨ་རིའི་གཞུང་ཚབ་ནས་ཐོང་མཆན་སྤྲད་དེ་ཕར་ཕྱིན་ནས་ཚུར་ལོག་མ་ཡོང་མཁན་ཁག་གཅིག་བྱུང་ཡོད། དེས་རྐྱེན་པས་ཕྱི་རྒྱལ་གཞུང་ཚབ་ཁག་གིས་ལྡི་ལི་དོན་གཅོད་ལ་ཡིད་ཆེས་ཆུང་དུ་ཕྱིན་ཡོད། དེ་ཚོ་ནི་བོད་པའི་ཞབས་འདྲེན་ཡིན། དེ་སྔ་ཡིན་ན་བོད་པ་ཞེས་བརྗོད་དུས་མི་རྫུན་མི་ཤོད་མཁན་དང་དྲང་པོ་ཞིག་ལ་རྩི་གི་ཡོད། དེ་རིང་ཁ་སང་དངུལ་ལ་རྔམས་མཁན་མང་དུ་སོང་བ་དེའི་ནང༌། ཁ་ཤས་དཀའ་ངལ་འཕྲད་པའང་ཡོད་ངེས་ཡིན། གང་ལྟར་ཡང་རྫུན་བཤད་དེ་ཁྲིམས་འགལ་ཐོག་འགྲོ་མཁན་མང་པོ་ཡོང་གི་ཡོད། བར་སྐབས་ཨ་རིའི་སློབ་གྲྭ་ཞིག་ལ་རྒྱ་གར་ནས་བོད་པའི་སློབ་ཕྲུག་གཅིག་ཡོད་པ་དེ་ཕྱིར་ལོག་རྒྱུའི་འགན་ལེན་བྱས་ཏེ་ཕར་ཕྱིན་པ་དང༌། དེ་རྗེས་ཚུར་ལོག་རྒྱུའི་དུས་ཚོད་སླེབས་སྐབས་གཙུག་ལག་སློབ་གཉེར་ཁང་དེ་ནས་བྲོས་ཕྱིན་ཡོད། དེར་བརྟེན་སློབ་ཕྲུག་གསར་པ་ཕར་འགྲོ་ཐུབ་ཀྱི་མེད། དེ་ཚོའི་གྲས་ང་ཚོའི་འགན་ཡིན། ང་ཚོའི་མི་རབས་གསར་པའི་ནང་མགོ་བདེ་དྲན་འཕྲུལ་དང༌། རྫུན་ཤོད་མཁན། གཡོ་སྒྱུ་འཁྲབ་མཁན་བཅས་ཀྱི་མི་གཅིག་ཡིན་ནའང་མ་ཡོང་བ་བྱེད་རྒྱུ་ང་ཚོ་སྤྱི་པའི་ལས་འགན་ཡིན་པས་ཚང་མས་གཟབ་གཟབ་བྱེད་དགོས། ད་ལྟ་བོད་པར་མི་གཞན་གྱིས་དགའ་པོ་བྱེད་ཀྱི་ཡོད། ཁ་སང་རང་ང་ལ་རྒྱ་མི་ཤེས་ཡོན་ཅན་ཞིག་ཐུག་བྱུང༌། རྒྱ་ནག་སྐམ་ས་ཆེན་མོ་ནས་ཡིན་བོད་ལ་ཐེངས་གཉིས་ཕྱིན་པ་ཡིན་ཞེས་བརྗོད་བྱུང༌། བོད་པར་ཧ་ཅང་དགའ་པོ་བྱེད་ཀྱི་འདུག བོད་པ་དྲང་པོ་འདུག་བརྗོད་པ་དང༌། ཁོང་ཉེ་ཆར་ལྷ་སའི་ཇོ་ཁང་མདུན་བསྐྱོད་སྐབས། བོད་པ་ཚོས་ལྷག་བསམ་རྣམ་དག་གིས་རྐྱང་ཕྱག་འཚལ་ནས་བསྡད་འདུག དེའི་འཁྲིས་ལ་རྒྱ་མིའི་དམག་མི་དམག་ཆས་གྱོན་པ་དེ་ཚོས་གཅིག་གཉིས་ཞེས་དམག་སྦྱོང་བྱས་ནས་བསྡད་འདུག དེ་ནི་བོད་པའི་མིག་གི་མདུན་ལ་ཀྱག་ཀྱག་བྱེད་མཁན་ལྟ་བུ་འདུག་ཅེས་དང༌། ཡང་ཁོང་བར་སྐོར་ལ་ཕྱིན་ཡིན་བོད་པ་ཚོ་ཆོས་ལ་དད་པ་རྣམ་དག་གིས་བར་སྐོར་ལ་འགྲོ་གི་གི་འདུག རྒྱ་མིའི་དམག་མི་ཚོ་དམག་སྦྱོང་བྱས་ནས་རྒྱུག་སྟེ་གཡོན་སྐོར་ལ་འགྲོ་གི་འདུག དེ་ཚོ་ནི་ཆེད་མངགས་བོད་པའི་སེམས་སྤྲག་པ་ཡིན་པས། དངོས་གནས་མཐུན་སྒྲིལ་གཏོར་བཤིག་གུང་ཁྲན་ཏང་དང་བཅིངས་བཀྲོལ་དམག་གིས་གཏོང་གི་འདུག་ཅེས་བརྗོད་བྱུང༌། ཡང་ང་ལ་མི་གཞན་ཞིག་ཐུག་བྱུང༌། ཁོང་པེ་ཅིང་ནས་ལྷ་ས་བར་མེ་འཁོར་ནང་ཡོང་བ་ཡིན། མི་མང་ཆེ་བ་རྒྱ་མིའི་སློབ་ཕྲུག་དང༌། ཡུལ་སྐོར་སྤྲོ་འཆམ་པ། ཚོང་པ་བཅས་རེད་འདུག དེ་དག་གི་རྣམ་འགྱུར་སྟོན་སྟངས་དང༌། དེ་གར་ཡོད་པའི་བོད་པ་ཁ་ཤས་དེ་ཚོའི་རྣམ་འགྱུར་སྟོན་སྟངས་གཉིས་ལ་ཁྱད་པར་ཆེན་པོ་འདུག བོད་པ་ཚོའི་རྣམ་འགྱུར་ནི་ཞི་ཞིང་དུལ་བ་དང༌། དྲང་པོ། དངོས་གནས་བྱམས་བརྩེ་ལྡན་པ་བཅས་འདུག རྒྱ་མི་དེ་ཚོའི་རྣམ་འགྱུར་གདུག་རྩུབ་ཆེ་ཞིང་མི་གཞན་ལ་མཐོང་ཆུང་བྱེད་པ་བཅས་ཧ་ཅང་སྡུག་ཆགས་འདུག་ཅེས་བརྗོད་བྱུང༌། ཁོང་ནི་ཨ་རིའི་གསར་འགྱུར་འགོད་མཁན་ཞིག་ཡིན་ཞིང་གནས་ཚུལ་དེ་ཚོ་ཚགས་པར་ནང་འགོད་རྒྱུའི་དཔྱད་རྩོམ་ཞིག་བྲིས་པ་ཡིན། འོན་ཀྱང་ཚགས་པར་ལས་ཁུངས་ནས་ཁོང་གི་བྲིས་པ་ཇི་བཞིན་བཀོད་མི་འདུག་ཅེས་བརྗོད་བྱུང༌། ཚགས་པར་ལས་ཁུངས་ཀྱིས་གང་ཅིར་བསམ་བློ་གཏོང་དགོས་དུས་རྒྱ་མིར་ཚིག་རྩུབ་ཡོད་པ་དེ་དག་ཕྱིར་བསྡུ་བྱས་ཡོད་འདུག ཁ་སང་ལྡི་ལིར་ (Lonely Planet) ཞེས་པའི་དཔྱད་རྩོམ་འབྲི་མཁན་དེས་ངོས་དང་ཐུག་སྐབས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག དེ་དག་ནི་ང་ཚོ་བོད་པའི་རིན་ཐང་ཡིན། བོད་པས་ཡ་རབས་སྤྱོད་བཟང་བྱེད་པ་དང༌། རྫུན་མ་བཤད་པར་བརྟེན་བོད་པར་མཐོང་ཞིག་སླེབས་ཀྱི་ཡོད་ལ། བོད་པའི་དགེ་བཤེས་དང་དཔེ་ཆ་བ་ཚོར་ཡང་མཐོང་སླེབས་ཀྱི་ཡོད། གཞན་བོད་པ་སྤྱི་བྱིངས་ལ་ཤེས་ཡོན་དང་རྒྱུ་དངོས་པོ་ཡོད་ནས་མཐོང་སླེབས་པ་མིན། སེམས་བཟང་པོ་དང་སྤྱོད་པ་ཡ་རབས་འདུག་ཅེས་མཐོང་སླེབས་ཀྱི་ཡོད། དེ་དག་བརླག་ན་ང་ཚོའི་རིན་ཐང་བརླགས་པ་ཡིན། དེའི་ཐད་ལྷག་པར་ལུས་ལ་གྲྭ་ཆས་གྱོན་མཁན་ཚོས་དེ་ལུགས་ཀྱི་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ལུས་ལ་གྲྭ་ཆས་གྱོན་ཏེ་སྤྱོད་པ་ཁྱིམ་པ་ལས་སྡུག་ཙམ་བྱས་ན་ཧ་ཅང་ཐབས་སྐྱོ་པོ་ཡིན། གཟབ་གཟབ་བྱས་ན་མ་གཏོགས་བར་སྐབས་ཨ་རིར་འགྲོ་རྒྱུའི་ལག་འཁྱེར་རྫུན་མ་བཟོ་མཁན་ནང་གྲྭ་པ་ཁ་ཤས་ཡོད་པ་གོ་ཐོས་བྱུང༌། དེ་བཞིན་སྟག་ལྤགས་དང་གཟིག་ལྤགས་ཚོང་རྒྱག་མཁན་ཁོངས་གྲྭ་པ་གཅིག་ཡོད་འདུག དེ་ནི་དཔེ་མི་སྲིད་པའི་ཞབས་འདྲེན་ཡིན། ཁྱེད་རང་མཁན་པོ་ཚོས་དེ་རིགས་ཤེས་ན་རྒྱབ་བཤད་བརྒྱབ་ནས་མ་བསྡད་པར་ཞིབ་འཇུག་གིས་གདོང་དང་གདོང་ཐུག་སྟེ་ར་འཕྲོད་པ་བྱུང་ན་ཕྱིར་འབུད་གཏོང་རྒྱུ་ལས་འཇོག་རྒྱུ་མེད། དེ་ཚོར་གཟབ་གཟབ་བྱེད་དགོས། ང་ཚོ་བོད་པའི་མཚན་མཐོང་བརླག་གཞི་ཆགས་ན་ཧ་ཅང་ཐབས་སྡུག་ཡིན༌། རྒྱ་མི་ཤེས་ཡོན་ཅན་ཁ་ཤས་ཀྱིས་ང་ལ་འདི་ལྟར་བརྗོད་ཀྱི་འདུག རྒྱ་ནག་ནང་ཆབ་སྲིད་ཀྱི་འགྱུར་བ་འགྲོ་གི་རེད། འོན་ཀྱང་རྒྱ་ནག་ལ་ལོ་སྟོང་ཕྲག་མང་པོའི་གོང་ནས་ཡོད་པའི་ཕ་མེས་ཀྱི་རིག་གཞུང་བཟང་པོའི་གོམས་གཤིས་ཏེ། ཕ་མ་དང་ཕྲུ་གུའི་བར་གྱི་མཛའ་འབྲེལ་དང་གུས་ཞབས་བྱེད་ལུགས་སོགས་མེད་པ་བཟོས་ཟིན་པ་དེ་དག་སླར་གསོ་བྱ་རྒྱུར་དུས་ཡུན་རིང་པོ་འགོར་རྒྱུ་ཡིན། ཡ་རབས་ཀྱི་ལྟ་སྤྱོད་སླར་གསོ་བྱ་རྒྱུའི་ཐད་ང་ཚོའི་རེ་བ་རྒྱག་ས་བོད་པ་ཚོ་ཡིན། རྒྱ་ནག་ནང་ཡ་རབས་བཟང་སྤྱོད་དར་སྤེལ་ཡོང་རྒྱུ་བོད་པར་རེ་བ་རྒྱག་གི་ཡོད། ཅེས་ངས་རྒྱ་མི་ཤེས་ཡོན་ཅན་ཚོ་ཁག་གཅིག་ཐུག་སྐབས་མི་གཉིས་གསུམ་ཞིག་གིས་མིག་ཆུ་གཏོར་ཞོར་བཤད་བྱུང༌། ཁོང་ཚོས་རྒྱ་ནག་ནང་ཡ་རབས་བཟང་སྤྱོད་ཉམས་ཏེ། ལྐོག་ཟ་རུལ་སུངས་ཀྱིས་ཁེངས་པ་དེ་རིགས་མེད་པ་བཟོ་ཐབས་བོད་པར་རེ་བ་རྒྱག་གི་ཡོད་དུས། རེ་བ་རྒྱག་ས་བོད་པ་རང་ཉིད་ཀྱི་ནང་རྫུན་དང་ཧམ་པ་ཤོད་མཁན་དང༌། མགོ་བདེ་དྲན་འཕྲུལ་བྱེད་མཁན་ཡོད་ན་གང་འདྲ་བྱས་སོང༌། མིས་ང་ཚོར་ཆེ་མཐོང་དེ་ཙམ་བྱེད་དུས་ང་ཚོས་གཟབ་གཟབ་བྱེད་དགོས། ངས་མཁས་པོ་སྙན་པོ་ཤོད་ཤེས་ཀྱི་མེད། ཁ་རི་ཁ་ཐུག་དང་དྲང་པོ་བཤད་ཡོད། ཁྱེད་རང་ཚོའི་རྣ་བར་མ་ཕྱིན་པ་འདྲ་ཡོང་གི་འདུག་ན་དགོངས་དག་ཟེར་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་བ་བཅས་སོ།། །།