སྔ་མོ་དུས་རབས་བདུན་པ་བརྒྱད་པར་ཆོས་རྒྱལ་ཚོའི་སྐབས་ལ་བོད་མི་ས་ཡ་བརྒྱ་ཕྲག་ཡོད་མེད་མི་ཤེས་ཀྱང་ས་ཡ་མང་པོ་ཡོད་འདུག  ལོ་སྟོང་ཕྲག་གཅིག་གོང་འབྲོམ་སྟོན་པའི་སྐབས་མི་རྩིས་ཆེན་པོ་མཛད་དུས་བོད་མི་ས་ཡ་ ༡༠ ཡོད་པ་གསུངས་ཡོད་ཀྱང་། བར་སྐབས་ང་ཚོས་ས་ཡ་དྲུག་བདུན་ཟེར་གྱི་ཡོད། འབྲོམ་སྟོན་པ་བྱུང་ནས་ལོ་ངོ་ ༡༠༠༠ ཡས་མས་ཙམ་གྱི་ནང་བོད་མི་ས་ཡ་བཅུ་ནས་ས་ཡ་དྲུག་ཏུ་མར་ཆགས་པ་རེད། དེའི་རྒྱུ་རྐྱེན་གཅིག་འཕྲོད་བསྟེན་ཡག་པོ་མེད་དང་། དཔལ་འབྱོར་གྱི་དཀའ་ངལ་འཕྲད་ནས་སྔ་མོ་ཞིང་པའི་གྲོང་ཡོད་པ་སྟོང་ནས་གཅིག་ཀྱང་མེད་པ་དེ་འདྲ་ངོས་རང་མཐོང་སོང་། སྟོད་ཁུལ་དུའང་དེ་ལྟ་བུའི་ས་ཆ་འདུག ངོས་ཀྱི་ངོ་ཤེས་ཨ་རིི་བ་ཞིག་པར་རྒྱག་གི་སོང་ནས་དོ་སྣང་བྱུང་འདུག དེ་ནས་ནད་ཡམས་བྱུང་ནས་སྨན་བཅོས་མ་ཐུབ་པ་དང་། སྔོན་འགོག་མ་ཐུབ་པའི་ཐོག་གནས་གྲོང་ཚོ་སྟོང་འགྲོ་བའང་ཕལ་ཆེར་ཡོང་སྲིད་པ་རེད། 
 
གཞན་ཞིག་ནི་རབ་བྱུང་ཕོ་མོ་མང་དྲགས་ནས་སྐྱེས་སྒོ་བཀག་པ་ལྟ་བུ་ཆགས་ནས་སྐྱོན་གཅིག་ཡོང་གི་ཡོད་པ་ལྟ་བུ་རེད། མི་རིགས་ཤིག་གི་ངོས་ནས་བསམ་བློ་བཏང་ན་དེའང་བསམ་བློ་གཏོང་དགོས་པ་ཞིག་རེད། རྒྱ་གར་ལྟ་བུར་མཚོན་ན་རྒྱ་གར་སྤྱི་ཡོངས་ཀྱི་ཆ་ནས་མི་མང་དྲག་པའི་སྐྱོན་ཡོད་པ་རེད། ཉུང་རུ་གཏོང་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེ་ལ་བསམ་བློ་གཏོང་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་བོད་མི་བཙན་བྱོལ་བའི་གཞིས་ཆགས་ལ་མཚོན་ན་མི་ཉུང་དྲག་པ་ལྟ་བུ་རེད། དེ་བཞིན་བོད་ནང་ལའང་ང་ཚོར་མི་ཉུང་དྲག་པའི་སྐྱོན་ཡོད་པ་རེད། དེར་བརྟེན་དེ་ཚོའང་ཕྱོགས་མང་པོ་ནས་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད།  རབ་བྱུང་ཕོ་མོ་ངེས་པར་དུ་དགོས་ཀྱང་སྤུས་དག་ལ་མ་དག་ལ་མང་པོ་ཞིག་ཡོད་ན་སྐྱེས་སྒོ་བཀག་པ་ལྟ་བུ་ཞིག་མ་གཏོགས་ཕན་ཐོགས་མེད་པས་སྤུས་དག་པོ་ཡོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། 
 
ཡང་བོད་ས་ཁུལ་མང་པོའི་ནང་བུ་སྤུན་གཉིས་གསུམ་ལ་མནའ་མ་གཅིག་ལེན་པའི་ལུགས་སྲོལ་དེས་ཀྱང་མི་འབོར་འཕེལ་རྒྱས་ལ་གནོད་ཀྱི་ཡོད་སྟབས། དེའང་བསམ་བློ་གཏོང་དགོས་པ་རེད། ག་ལེར་སྤྱི་ཚོགས་ནང་ལ་སྐྱེས་པ་ཉུང་བ་དང་བུད་མེད་མང་པོ་ཆགས་ཏེ་དཀའ་ངལ་ཡོང་གི་རེད། དེ་བཞིན་མི་རིགས་འདྲེས་པའི་དཀའ་ངལ་ཡང་ཡོང་གི་རེད། ཕྱོགས་གང་ནས་ཀྱང་སངས་རྒྱས་ཀྱི་བསྟན་པ་ཟེར་བ་ནི་མི་གཅིག་གིས་འཛིན་པའི་སྐད་ཆ་མ་རེད། དེ་ནི་སྤྱི་ཚོགས་ཀྱིས་འཛིན་དགོས་པ་ཞིག་རེད། དེར་བརྟེན་ནམ་རྒྱུན་ཐར་བ་བསྒྲུབ་པ་ལ་རྟེན་གང་གིས་སྒྲུབ་པ་དང་། ལམ་གང་གིས་སྒྲུབ་པ་གསུངས་པ་ལྟར། སྔོན་ལ་ཐར་བ་སྒྲུབ་པའི་རྟེན་མི་ལུས་འདི་མི་སྒེར་སོ་སོའི་ཐོག་ནས་གལ་ཆེན་པོ་རེད་ལ་སྤྱི་ཡོངས་ཀྱི་ཆ་ནས་ཀྱང་མི་གྲངས་འདི་གལ་ཆེན་པོ་རེད། ང་ཚོ་བོད་ཀྱི་ས་རྒྱ་ཧ་ཅང་ཆེན་པོ་རེད། རྒྱ་རིགས་གྲོགས་པོ་དག་བོད་ལ་ཡོང་བ་དེ་ས་མཐོ་བའི་རྐྱེན་གྱིས་དཀའ་ངལ་འདུག་གཱ དེ་བས་ང་རང་ཚོ་ས་སྐྱེས་རྡོ་སྐྱེས་ལ་མི་གྲངས་མང་ཙམ་ཡོད་ནས་ས་དེ་དག་བེད་སྤྱོད་གཏོང་ཐུབ་པ་ཡིན་ན་ཧ་ཅང་ཡག་པོ་མ་རེད་དམ།
 
(ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༥ ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་གྲྭར་སྐྱེས་རབས་ཀྱི་གསུང་ཆོས་སྐབས་ཀྱི་བཀའ་སློབ་ལས་ཟུར་འདོན་ཞུས།)