༸གོང་ས་མཆོག་གིས་ཨོ་སི་ཁྲི་ལི་ཡར་མཛད་འཕྲིན་རྒྱ་ཆེར་བསྐྱངས་པ།

མདུན་ངོས། / ༸གོང་ས་མཆོག་གིས་ཨོ་སི་ཁྲི་ལི་ཡར་མཛད་འཕྲིན་རྒྱ་ཆེར་བསྐྱངས་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཁྲི་ལི་ཡའི་Australia  བྷུ་ལོའི་མོན་ཌེན་Blue Mountain གྱི་གྲོང་ཁྱེར་ལེའུ་ར་Leura རུ་ཉིན་ལྔའི་རིང་གི་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་དབང་གསུང་ཆོས་མཇུག་ལེགས་པར་གྲུབ་པ་དང་། ཚེས་ ༡༠ ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནིའི་ Sydney ནང་གི་ལུ་ན་ཕར་ཁུ་Luna Park ཞེས་པའི་སྐྱེད་མོས་ཚལ་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་དང་། སྐབས་དེར་བོད་མི་གཙོས་དད་ལྡན་མང་ཚོགས་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་དང་། ལྷན་ཚོགས་ནང་ཆིབས་སྒྱུར་མ་བསྐྱངས་གོང་ཁུལ་དེར་ཡོད་པའི་རྒྱ་གར་གཞུང་ཚབ་པ་སྐུ་ཞབས་སན་ཇེ་སུ་དིར་ Sunjay Sudhir ལགས་ཀྱི་ནང་མི་ལྷན་རྒྱས་ཀྱིས་མཇལ་ལ་མཇལ་ཁ་གནང་ཡོད་པ་རེད། 
 
  དེ་ཡང་ཐོག་མར་ལས་རིམ་གཙོ་སྐྱོང་བ་སྐུ་ཞབས་རི་ཆར་ཌི་ཕི་ཌི་ལར་ Richard Fidler ལགས་ཀྱིས་མང་ཚོགས་རྣམས་ལ་ངོ་སྤྲོད་ཀྱི་གསུང་བཤད་གནང་བསྟུན། ༧གོང་ས་མཆོག་གིས་མི་གྲངས་ ༡༧༠༠ བརྒལ་བའི་ལྷན་ཚོགས་སུ་བདེ་སྐྱིད་དང་དེའི་རྒྱུ་ Happiness & Its Causes  ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་བ་དང་། ཞི་བདེ་དང་བྱམས་བརྩེ་སོགས་ཀྱི་སྐོར་ལ་བཀའ་འདྲི་ཞུས་ཁག་ལ་བཀའ་ལན་སྩལ། དེ་རྗེས་ལྷན་ཚོགས་སུ་དབང་ཤེས་དང་ཡིད་ཤེས་ལ་བརྟེན་པའི་བདེ་སྐྱིད་གཉིས་མི་འདྲ་བའི་ཁྱད་པར་དང་ནུས་པ་ཆེ་ཆུང་།  དེ་བཞིན་ཚན་རིག་པས་བརྟག་དཔྱད་བྱས་པའི་གྲུབ་དོན་སྐོར་སོགས་ལ་བགྲོ་གླེང་མཛད་པ་དང་། ༸གོང་ས་མཆོག་གིས་དེང་དུས་ཤེས་ཡོན་ལམ་ལུགས་ནང་སེམས་རྒྱུད་དང་འབྲེལ་བའི་རིན་ཐང་ལ་དོ་སྣང་མང་ཙམ་སྤྲོད་དགོས་པའི་བཀའ་སློབ་སྩལ་ཏེ་ལྷན་ཚོགས་ལེགས་པར་གྲུབ་རྗེས་སི་ཌི་ནིའི་གནམ་ཐང་དུ་ཆིབས་སྒྱུར་བསྐྱངས་ནས་ཨོ་སི་ཊོ་ལི་ཡ་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གྱིས་ཉིན་གུང་ལྗགས་སྨིན་ལྷན་བཞེས་མཛད།
 
   སྐབས་དེར་ཡུན་རིང་བོར་༸གོང་ས་མཆོག་དང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་བྷིལ་ཁི་རིའུ་ Rev Bill Crews ལགས་དང་ཕན་ཚུན་བཀའ་མོལ་མཛད་པ་དང་། དེ་རྗེས་༸གོང་ས་མཆོག་གྲོང་ཁྱེར་བྷི་རི་སི་སྦེན་ Brisbane དུ་ཆིབས་སྒྱུར་བསྐྱངས་ནས་ཁུལ་དེར་༸ཞབས་སོར་འཁོད་སྐབས་ས་གནས་བོད་རིགས་ཚོགས་པའི་ཚོགས་མི་དང་བོད་རིགས་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། 
 
   ཚེས་ ༡༡ ཉིན་ཨོ་སི་ཊོ་ལི་ཡའི་བྷི་རི་སི་བྷན་གྲོང་ཁྱེར་གྱི་སི་ཊི་ཕན་ཡི་ཤུའི་མཆོད་ཁང་ St Stephen’s Cathedral དུ་དད་མོས་སྣ་ཚོགས་ཀྱི་ལས་འགུལ་multi-faith event ཞེས་པར་ཆིབས་བསྒྱུར་བསྐྱངས་པ་དང་བསྟུན་ནས་ཁུལ་དེར་གནས་སྡོད་བོད་རིགས་དང་སོག་རིགས། འབྲུག་པ་བཅས་ཁྱོན་མི་གྲངས་ ༣༠༠ ཙམ་ལ་བཀའ་སློབ་སྩལ། 
 
   དེ་ཡང་༧གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།  དེ་རིང་ཨོ་སི་ཊོ་ལི་ཡའི་བྷི་རི་སི་བྷན་ནང་ཡོད་པའི་བོད་རིགས་གཙོ་བོས་ཁྱེད་རང་ཚོ་དང་ལྷན་ཁྱུག་ཙམ་ཟུར་དུ་ཐུག་རྒྱུ་དེ་ཡིན། དེ་དང་ཆབ་གཅིག་འབྲུག་ནས་ཡིན་པ་གང་ཞིག་ས་གནས་འདིར་སློབ་སྦྱོང་བྱེད་བཞིན་པའི་འབྲུག་པ་ཚོགས་ཁག་གཅིག་དང་། དེ་བཞིན་སོག་རིགས་ཚོགས་ཁག་གཅིག་ཀྱང་དེ་རིང་འདིར་བཅར་ཡོད། ལོ་རྒྱུས་ཀྱི་ཐོག་ནས་བོད་སོག་འབྲུག་གསུམ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། འབྲེལ་བ་ཡོང་གཞི་དེ་ཡང་གཙོ་བོ་རྒྱ་གར་ནས་དར་བའི་སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་ནཱ་ལེཎྜའི་ཆོས་བརྒྱུད་ཀྱི་མཁས་པ་མཁན་ཆེན་ཞི་བ་འཚོས་དུས་རབས་བརྒྱད་པའི་ནང་ཁོང་བོད་ཀྱི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་གདན་ཞུས་གནང་། དེ་དང་ཆབས་ཅིག་སློབ་དཔོན་པདྨ་འབྱུང་གནས་གདན་དྲངས། ནམ་རྒྱུན་ང་རང་ཚོས་ཡོངས་གྲགས་བཤད་བཞིན་པའི་མཁན་སློབ་ཆོས་གསུམ་ཞེས་འདི་ནས་དཔལ་ནཱལེཎྜ་ནས་བརྒྱུད་པའི་སངས་རྒྱས་པའི་ཆོས་ལ་ཆོས་དད་ཙམ་མ་ཡིན་པར་རིགས་ལམ་གྱི་རྣམ་གཞག་གཏིང་ཟབ་པོ་ཞིག་ཡོད་པ་དེ་བོད་ལ་བསླེབས་པ་རེད། 
 
  བོད་ཀྱི་ཁྱིམ་མཚེས་ལ་དྭགས་ནས་བཟུང་རྒྱ་གར་གྱི་ཤར་བར་དང་། དེ་བཞིན་འབྲུག་དེ་དག་ང་ཚོ་དང་ཆོས་བརྒྱུད་གཅིག་པ་ཆགས་ཡོད། སྤྱིར་སོག་པོའི་ནང་སངས་རྒྱས་པའི་ཆོས་བསྟན་པ་སྔ་དར་བཟོ་འདྲ་བ་ཞིག་སྔ་ས་ནས་དར་ཡོད་པ་འདྲ། སོག་པོའི་བསྟན་པ་བར་དར་ནི་དུས་རབས་བཅུ་གསུམ་པའི་སྐབས་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་ཆོས་རྗེ་ས་པཎ་གཉིས་ལྷན་དུ་ཕེབས་ནས་སོག་ཡུལ་དུ་ནང་ཆོས་དར་གནང་མཛད་ཡོད། སྐབས་དེར་རྒྱ་ནག་སོག་པོ་ཇིང་གིར་ཁང་གིས་དབང་བསྒྱུར་བའི་དུས་ཚོད་དེ་འཁེལ་ཡོད། བསྟན་པ་ཕྱི་དར་དེ་ཕལ་ཆེར་༸རྒྱལ་དབང་བསོད་ནམ་རྒྱ་མཚོ་མཆོག་སོག་ཡུལ་དུ་ཕེབས་གནང་མཛད་པ་དང་། མཐར་སོག་ཡུལ་དུ་སྐུ་མྱང་ངན་ལས་འདས་པ་རེད། ༸རྒྱལ་དབང་ཡོན་ཏན་རྒྱ་མཚོ་སོག་པོའི་དཔོན་ཁག་གཅིག་གི་སྲས་སུ་འཁྲུངས། དེ་འདྲ་ཡིན་དུས་བོད་སོག་གཉིས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་རེད། ཅེས་དང་། 
 
  དེ་རིང་ཁ་སང་འབྲུག་པ་ཁྱེད་རང་ཚོར་ཆ་བཞག་ན་རང་དབང་ལྡན་པའི་ཆོས་ལྡན་རྒྱལ་ཁབ་ཅིག་ཆགས་ཡོད། སོག་པོར་གསར་རྗེ་བྱུང་རྗེས་སངས་རྒྱས་པའི་ཆོས་ལ་ཧ་ལས་པའི་ཉམས་ཆགས་ཆེན་པོ་བྱུང་ཡོད། སྐུ་མདུན་༸སྐུ་གོང་མའི་ཞལ་གདམས་བཀའ་སློབ་ནང་ལ། ཡང་སྒོས་དམར་པོའི་ལམ་ལུགས་ཆེ་ཆེར་དར་། ཞེས་སོགས་གསུང་འདུག དེ་དུས་ང་ཚོ་བོད་པས་སོག་པོར་གདུང་སེམས་མཉམ་སྐྱེ་བྱས་པ་ཙམ་ལས་ང་རང་ཚོ་ག་རེ་ཡོང་གི་ཡོད་མེད་ཧ་གོ་གི་ཡོད་མ་རེད།   ད་ལྟ་སོག་པོ་ཁྱེད་རང་ཚོ་རང་དབང་ཐོབ་ཡོད། ང་ཚོ་བོད་པ་དཀའ་ངལ་ནང་ལྷག་ཡོད། སོག་ཡུལ་ལ་དམར་པོའི་འགྱུར་བ་ཕྱིན་ཚར་བའི་རྗེས་སུ་ངོས་རང་ཐེངས་གཅིག་དེར་བསླེབས་པ་རེད། དངོས་གནས་དྲང་གནས་ཡུད་ཙམ་ཞིག་གི་ནང་དགོན་པ་དང་ལྷ་ཁང་དེ་འདྲ་བརྒྱབ་པ་དང་ཆོས་དད་བྱེད་མཁན་ཤུགས་ཆེན་པོ་ཞེ་དྲགས་འདུག སངས་རྒྱས་པའི་བསྟན་པ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་མྱུར་པོ་ཞེ་དྲགས་བྱུང་འདུག་ཅེས་སོགས་བཀའ་སློབ་ཟབ་རྒྱས་སྩལ། 
 
  དེ་རྗེས་གོང་བརྗོད་ཡི་ཤུའི་མཆོད་ཁང་དུ་༧ཞབས་སོར་འཁོད་སྐབས་ཡི་ཤུའི་མཆོད་དཔོན་སྐུ་ཞབས་མར་ཁུ་ཀོ་ལི་རི་ཇི་ Reverend Mark Coleridge ལགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་། ༸གོང་ས་མཆོག་གིས་སྤྱིར་ང་ཚོ་ཚང་མ་སྐྱེ་ལུགས་གཅིག་པ་ཡིན་པ་མ་ཟད། མཐར་འཆི་ལུགས་ཀྱང་གཅིག་པ་ཡིན། དེ་རིང་འདིར་འཛམ་གླིང་ཆོས་ལུགས་གཙོ་ཆེ་བ་ཚང་མའི་སྐུ་ཚབ་འཛོམས་ཡོད་པ་ལྟ་བུ་འདུག ངོས་ཀྱིས་འགན་འཁུར་གཉིས་པ་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུའི་དམིགས་ཡུལ་དང་མཐུན་པ་ཞིག་བྱུང་། ཞེས་སོགས་བཀའ་སློབ་གསུང་བཤད་གནང་། དེ་ནས་གྲོང་ཁྱེར་བྷི་རི་སི་བྷན་གྱི་འགྲེམས་སྟོན་བསྟི་གནས་ཁང་ (Brisbane Convention and Exhibition Centre ) ཞེས་པའི་ཚོགས་ཁང་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་དབུ་འཛུགས་མཛད་ཡོད་པ་རེད། 
 
   ཚེས་ ༡༢ ཉིན་བཀའ་ཆོས་མཇུག་སྒྲིལ་མཛད་རྗེས་ཀྱི་ཕྱི་དྲོ་ཚོགས་ཁང་དེ་གའི་ནང་ཆིབས་སྒྱུར་བསྐྱངས་ཏེ་མི་གྲངས་ ༤༠༠༠ བརྒལ་བར་བཀའ་སློབ་སྩལ་ཡོད་པ་དང་།  སྐབས་དེར་བཞད་གད་སྒྱུ་རྩལ་བ་མེ་ཤེལ་ལོ་རི་ Meshel Laurie ལགས་དང་། རྐྱལ་རྩེད་པ་ཨེ་ཡན་ཐོར་པི་ Ian Thorpe ལགས་གཉིས་ཀྱིས་༧གོང་ས་མཆོག་མང་ཚོགས་ལ་ངོ་སྤྲོད་གནང་གྲུབ་བསྟུན། ༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། སྤུན་ཟླ་ཕོ་མོ་རྣམ་པ། ངོས་ཀྱིས་དུས་རྟག་ཏུ་འདི་ལྟར་བཤད་དགོས་དོན་ནི། ང་ཚོ་ཚང་མ་དོན་དམ་གྱི་འགྲོ་བ་མི་རིགས་གཅིག་གི་སྤུན་ཟླ་ཆགས་ཡོད། ང་ཚོ་བྱིས་པ་ཆུང་ཆུང་ཡིན་དུས་ཆོས་ལུགས་དང་རིགས་རུས། རྒྱལ་ཁབ་གང་ནས་ཡིན་མིན་སོགས་ཀྱི་དབྱེ་འབྱེད་བྱེད་ཀྱི་མེད། འོན་ཀྱང་རིམ་བཞིན་ང་ཚོ་ཆེ་རུ་ཕྱིན་པ་དང་སྦྲགས་བསམ་བློ་གུ་ཡངས་པོ་ཡོད་པ་དེ་མེད་པར་འགྱུར་འགྲོ་ཡི་ཡོད། ཅེས་དང་། 
 
   དེ་ནས་མུ་མཐུད་དུ་འཛམ་གླིང་གི་དཀའ་རྙོག་མང་དག་ཅིག་ང་ཚོ་མི་རང་ཉིད་ཀྱིས་བཟོ་བཞིན་པའི་སྐོར་དང་། འབར་མ་དང་། བྷང་ལ་རྡེ་ཞིས། བྱང་ཨ་ཧྥེ་རི་ཁའི་ས་མཚམས་བཅས་སུ་སྐྱབས་བཅོལ་བ་བཀྲེས་སྐོམ་དང་སྡོད་གནས་ཀྱི་དཀའ་ངལ་འཕྲད་བཞིན་པ།  ཆོས་ལུགས་ཚང་མས་བྱམས་བརྩེ་དང་བཟོད་སྲན། སྡོམ་ཁྲིམས་སོགས་བཟང་པོའི་བསླབ་བྱ་སྤེལ་བཞིན་ཡོད་ཀྱང་མི་རེ་ཟུང་གིས་ཆོས་ལུགས་ཁ་ལ་འཁྱེར་ནས་གཅིག་གིས་གཅིག་ལ་གསོད་རེས་བྱེད་བཞིན་པ་ནི་བསམ་ཡུལ་ལས་འདས་པ་ཡིན་སྐོར་སོགས་བཀའ་སློབ་སྩལ་བ་དང་། དེ་བཞིན་གནམ་གཤིས་འགྱུར་ལྡོག་དང་གོ་ལའི་དཔལ་འབྱོར་གནས་སྟངས་ཐོག་ང་ཚོ་ཚང་མས་འགྲོ་བ་མི་གཅིག་མཚུངས་ཀྱི་འདུ་ཤེས་བཟུང་སྟེ་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་།  གལ་སྲིད་ང་ཚོས་ད་ལྟ་ཉིད་ནས་འགྲོ་བ་མི་གཅིག་མཚུངས་ཡིན་པའི་ཚོར་ཤུགས་གོང་སྤེལ་བཏང་ཚེ་འཕྲལ་དུ་ཁྱད་པར་འགྲོ་གི་མེད་ནའང། ལོ་ངོ་བཅུ་ཕྲག་གཅིག་གཉིས་ཀྱི་རྗེས་ཁྱད་པར་ཡོད་ངེས་ཡིན། གལ་ཏེ་འབྱུང་འགྱུར་མི་རབས་ཚོར་འདི་ལྟ་བུའི་སློབ་གསོ་ཡག་པོ་ཞིག་སྤྲད་ཐུབ་ན། ཁོང་ཚོས་འཛམ་གླིང་འདི་བཟང་ཕྱོགས་སུ་འགྱུར་ཐུབ་ངེས་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་བ་དང་། མི་མང་གི་དྲི་བར་བཀའ་ལན་སྩལ་རྗེས་བྷི་རི་སི་བྷན་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཀྱི་ས་གནས་ཨུ་ལུ་རུར་(Uluru) ཆིབས་ཞལ་སྒྱུར། 
 
  ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཁྲི་ལི་ཡའི་བྱང་ཕྱོགས་ས་ཁུལ་གྱི་གདོད་མའི་མི་རིགས་ས་ཁུལ་ཨུ་ལུ་རུ་ཞེས་པར་ཆིབས་སྒྱུར་བསྐྱངས་པ་དང་། སྐབས་དེར་སི་ཌི་ནིར་གྲོང་ཁྱེར་ནས་བཅར་བའི་བོད་མི་ཁག་གཅིག་དང་། ས་གནས་མི་མང་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་། དེ་ནས་བོད་རིགས་ཁག་གཅིག་དང་ལྷན་སྐུ་པར་སྒྲོན་གནང་རྗེས།  ཨུ་ལུ་རུར་གནས་གཟིགས་སུ་ཕེབས། སྐབས་དེར་གསར་འགོད་པས་༧གོང་ས་མཆོག་ཨུ་ལུ་རུར་ཕེབས་དོན་གང་ཡིན་སྐོར་བཀའ་འདྲི་ཞུས་པར་དེ་རིང་ངོས་རང་ས་གནས་འདིར་བཅར་དགོས་དོན་ནི་ཁོང་ཚོའི་རིག་གཞུང་ལ་གུས་ཞབས་མཚོན་བྱེད་དང་རང་གིས་བསམ་ཚུལ་འདོན་ཆེད་ཡིན། འདྲ་རིས་དམར་པོ་ཆེན་པོ་འདིར་ལྟ་བའི་དགོས་དོན་ནི་ང་རང་ཆུང་དུས་སྐབས་ནས་བཟུང་ཡ་མཚན་རིགས་ལ་བལྟ་རྒྱུར་དོ་སྣང་ཆེན་པོ་ཡོད་པའི་རྒྱུ་མཚན་དེ་རང་ཡིན། ཞེས་སོགས་བཀའ་ལན་སྩལ་བ་དང་།  
 
   དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕེབས་ལམ་གཡས་གཡོན་དུ་བཅར་བའི་བོད་རིགས་དང་ཡུལ་མི་མང་དག་གཅིག་ཡོད་ཁོངས་ནས་བོད་རིགས་བགྲེས་སོང་ཞིག་ལ་དམིགས་སུ་བཀར་ནས་ཐུགས་སྤོབས་ཆེན་པོས་བཀའ་སློབ་ཕེབས་དོན། གདོད་མའི་མི་རིགས་ཚོ་དང་བྱས་ན། ང་རང་ཚོ་བོད་པར་ཡི་གེ་ཟུར་དུ་ཡོད་པ་རེད། དངོས་གནས་དྲང་གནས་ང་ཚོའི་མེས་པོ་ཚོས་མཛད་པའི་སོ་སོར་ཁེ་གཙང་གི་སྐད་ཡིག་ཅིག་ཡོད་པ་དེ། རྒྱ་ཡིག་ཏུ་བསྒྱུར་མ་དགོས་པ། རྒྱ་གར་སྐད་ཡིག་ལའང་བསྟུན་མ་དགོས་པ། སྤྱིར་བསྒྱུར་ས་རྒྱ་གར་ནས་རེད་དེ། སྐད་ཡིག་ཁོ་རང་རང་འགོ་ཐོན་པ་ཞིག་ཆགས་ཡོད། དེ་དངོས་གནས་རླབས་ཆེན་རེད་འདུག ཅེས་བཀའ་སློབ་སྩལ་བ་དང་། ཨུ་ལུ་རུར་གནས་གཟིགས་ལེགས་པར་གྲུབ་མཚམས་ཁུལ་དེའི་མུ་ཊི་ཇུ་ལུ་ལྷན་ཚོགས་ (Mutitjulu community) ཞེས་པ་དེས་གོ་སྒྲིག་དང་སྣེ་ལེན་ཞུས་པ་དང་སྦྲགས་ཁུལ་དེའི་མི་གྲངས་ ༣༠༠ ཙམ་དང་ལྷན་མཇལ་འཕྲད་ཀྱིས་ཐོག་མར་ཚོགས་པ་དེའི་སྣེ་ཤན་པ་སེ་མི་ (Semmi) ལགས་ཀྱིས་མི་མང་ཚོར་ངོ་སྤྲོད་གནང་བ་དང་། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་དོན། ངོས་རང་ལོ་མང་གོང་འཛམ་གླིང་གི་གླིང་ཕྲན་དུ་མའི་ནང་དུ་ཡོད་པའི་གདོད་མའི་མི་རིགས་དང་ལྷན་མཇལ་འདོད་ཡོད་པ་དང་། དེ་རིང་ངོས་རང་ཨོ་སི་ཊོ་ལི་ཡའི་གནས་རི་གྲགས་ཅན་དེ་དངོས་སུ་མཐོང་བ་དང་། ཁྱེད་རང་ཚོས་ངོས་ལ་གནས་རི་དེའི་སྐོར་སྒྲུང་མང་པོ་བཤད་པ་སོགས་ལ་བརྟེན་ནས་ངོས་རང་ཧ་ཅང་དགའ་པོ་བྱུང་། ངོས་ཀྱིས་འཛམ་གླིང་ས་ཕྱོགས་འདྲ་མིན་ནང་ཡོད་པའི་གདོད་མིའི་མི་རིགས་ཁག་མང་པོ་ཞིག་དང་ལྷན་ཐུག་མྱོང་། མི་རིགས་དེ་ཚོ་ཚང་མས་སོ་སོའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་ཀྱི་འདུག དེ་དངོས་ཡོད་དང་མཐུན་པ་ཞིག་རེད། ཅེས་སོགས་ཀྱིས་བཀའ་སློབ་སྩལ་བ་དང་། 
 
   དེ་ནས་བརྙན་འཕྲིན་པར་ལེན་པ་ཀར་ལ་གེ་རན་ཊི་ (Karla Grant) ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཅར་འདྲི་ཞུས་པའི་ལེ་ཚན་ནང་། ༧གོང་ས་མཆོག་གིས་གནད་དོན་ཁ་ཤས་ཐོག་བཀའ་ལན་སྩལ་དོན། ཁུལ་དེའི་གདོད་མའི་མི་རིགས་ཚོས་སོ་སོའི་རིག་གཞུང་ལ་དོ་སྣང་དང་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་བཞིན། ང་ཚོ་བོད་ལྟ་བུར་མཚོན་ནའང་ཕྱི་ལོ་ ༡༩༦༠ ལོ་ནས་བོད་ཀྱི་སློབ་གྲྭ་ཟུར་བཙུགས་ཀྱིས་སོ་སོའི་རིན་ཐང་ཆེ་བའི་རིག་གཞུང་སྲུང་སྐྱོབ་བྱ་ཕྱིར་སློབ་སྦྱོང་སྤྲད་ཡོད་པ་དང་། ད་དུང་མུ་མཐུད་ནས་རིག་གཞུང་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། འཛམ་གླིང་འདིའི་ནང་གི་དཀའ་ངལ་དག་མིས་བཟོས་པ་ཤ་སྟག་ཡིན་པ་ལས། དངུལ་དང་ཤེས་ཡོན་གྱིས་མ་འདང་བར་དཀའ་ངལ་བྱུང་བ་ཞིག་རྩ་ནས་མིན། ཡིན་ནའང་མིའི་བཟང་སྤྱོད་ཞན་པ་ལ་བརྟེན་ནས་བྱུང་བ་ཡིན། རྒྱུ་མཚན་གང་ཡིན་ཞེ་ན། དེང་རབས་ཤེས་ཡོན་གྱིས་མི་ལ་བཟང་པོའི་ཡོན་ཏན་འདང་ངེས་ཞིག་བསྐྲུན་ཐུབ་ཀྱི་མེད།  ཅེས་སོགས་ཀྱི་བཀའ་ལན་སྩལ་ཏེ་ཁུལ་དེའི་མཛད་འཕྲིན་ཁག་རེ་ཞིག་ལེགས་པར་མཇུག་གྲུབ་ཡོད་པ་རེད།

ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་པཱར་ཐ་(Perth) ནང་༸ཞབས་སོར་བདེ་བར་འཁོད་པ་དང་།  ཕྱི་དྲོ་ཕར་ཐཱི་རུ་ཨ་རུས་ན་ (Perth Arena) ཞེས་པའི་ཚོགས་ཁང་ནང་ཆིབས་སྒྱུར་བསྐྱངས་ཏེ་མི་མང་ ༤༠༠༠ ལ་གཏོང་ལེན་ཉམས་ལེན་གྱི་རྣམ་དཔྱོད་ཅེས་པའི་བརྗོད་གཞིའི་ཐོག་མི་མང་གསུང་གནང་ཡོད་པ་རེད། 

  དེ་ཡང་ཐོག་མར་༧ཆིབས་ཞལ་བསྒྱུར་སྐབས་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཀྱི་གཞས་སྣ་འཁྲབ་སྟོན་པ་ཁག་གཅིག་གིས་གཞས་སྣ་འཁྲབ་སྟོན་གྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་ཆབས་ཅིག་དེར་འདུས་མང་ཚོགས་ཡོངས་ཀྱིས་ཚོགས་ཁང་ནང་འཚམས་འདྲའི་དགའ་བསུ་ཞུས་པ་དང་།  ༧གོང་ས་མཆོག་༧ཞབས་སོར་འཁོད་རྗེས་བཀའ་སློབ་སྩལ་དོན། སྤུན་ཟླ་ཕོ་མོ་ཚོ། ངོས་རང་དེ་རིང་འདིར་ཡོང་སྟེ་ཁྱེད་རྣམས་དང་ལྷན་ངོས་ཀྱིས་མྱོང་ཚོར་བརྗེ་ལེན་བྱེད་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་སྤོབས་ཆེན་པོ་སྐྱེས་བྱུང་། ངོས་རང་དུས་རྒྱུན་མང་ཚོགས་ལ་གཏམ་བཤད་བྱེད་སྐབས་ངོས་རང་ཡང་ཁྱེད་ཚོ་ནང་བཞིན་འགྲོ་བ་མི་གཅིག་ཡིན་བསམས་པ་དྲན་བཞིན་ཡོད། དེར་བརྟེན་ངོས་ཀྱིས་གང་བཤད་པ་དེ་དག་ཁྱེད་ཚོར་ཕན་ཐོགས་ཡོང་ངེས་རེད། འཛམ་གླིང་འདིའི་སྟེང་མི་ཐེར་འབུམ་བདུན་ཡོད་པ་ཚང་མ་ནང་བསམ་བློའི་སེམས་ཚོར། གཟུགས་པོའི་གྲུབ་སྟངས་བཅས་ང་ཚོ་ཚང་མ་གཅིག་པ་ཆགས་ཡོད། ང་ཚོ་ཚང་མ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན། ང་ཚོར་བདེ་བ་བསྒྲུབ་རྒྱུའི་ཐོབ་ཐང་ཡང་ཡོད། དེར་བརྟེན་ངོས་ཀྱིས་ང་ཚོ་ཚང་མ་གཅིག་པ་རེད་ཅེས་བརྗོད་བཞིན་ཡོད།
 
  ངོས་རང་ལོ་ ༡༦ ཐོག་ངོས་རང་ཉིད་མི་སྒེར་གྱི་རང་དབང་ཤོར་བ་དང། ལོ་ ༢༤ ཐོག་ངོས་ཀྱི་རྒྱལ་ཁབ་ཤོར་བ་རེད། འདས་པའི་ལོ་ངོ་ ༥༦ རིང་ངོས་རང་སྐྱབས་བཅོལ་བའི་གནས་བབ་ཐོག་གནས་ཡོད། འོན་ཀྱང་ངོས་དང་ངོས་ཀྱི་མི་མང་ལ་རྒྱ་གར་གཞུང་ནས་མཐུན་འགྱུར་ཧ་ཅང་ཡག་པོ་གནང་ཡོད། ང་ཚོ་བོད་མི་སྐྱབས་བཅོལ་བ་རྣམས་སྐྱབས་བཅོལ་གཞན་དང་བསྡུར་ན་ང་ཚོའི་གནས་སྟངས་དེ་བཟང་བ་ཡོད། ད་ལྟའི་བོད་ནང་གི་གནས་སྟངས་དེ་མུ་མཐུད་ཡིད་སྐྱོ་བའི་གནས་སུ་གྱར་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་མང་ཚོགས་ཀྱི་དྲི་བར་བཀའ་ལན་སྩལ་ཡོད་པ་དང་། 
 
  དེ་རྗེས་༸གོང་ས་མཆོག་ཨོ་སི་ཊོ་ལི་ཡར་གདན་ཞུ་ཚོགས་ཆུང་ (Dalai Lama in Australia Ltd,) གི་ཚོགས་གཙོ་སྐུ་ཞབས་རོབ་ཀེལ་ཌོ་ལིས་ (Rob Keldoulis) ལགས་ཀྱིས་ཆིབས་སྒྱུར་དང་འབྲེལ་བའི་ལས་བསྡོམས་སྙན་སྒྲོན་དང་། གདན་ཞུ་ཚོགས་ཆུང་གི་འགན་འཛིན་ལྕམ་སྐུ་ལིན་བྷ་ཡེན་ (Lynn Bain) ལགས་ཀྱིས་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག ཨོ་སི་ཊོ་ལི་ཡའི་མང་ཚོགས་ ༢༠༠༠ གིས་འཚམས་འཕྲིན་འཁོད་པའི་དཔེ་དེབ་ཅིག་ཕྱག་རྟགས་སུ་འབུལ་ལམ་ཞུས།   དེ་ཉིན་གྱི་མཛད་སྒོའི་མཐའ་མར་ཨོ་སི་ཊོ་ལི་ཡའི་འཁྲབ་སྟོན་པ་སུ་ཛི་མེ་ཐར་ (Suzie Mather) ལགས་དང་། ཇེ་མ་རིཀ་སི་ (Jemma Rix) ལགས་རྣམ་གཉིས་ཀྱིས་སྣེ་ཁྲིད་དེ་དེར་འདུས་མང་ཚོགས་ཀྱིས་༸གོང་ས་མཆོག་ལ་འཁྲུངས་སྐར་གྱི་འཚམས་འདྲིའི་གླུ་དབྱངས་ཕུལ། 
 
  ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨོ་སི་ཊོ་ལི་ཡའི་ཁུལ་གྱི་མཛད་འཕྲིན་ཉིན་མཐའ་མའི་ཐོག་མར་ཨོ་སི་ཊོ་ལི་ཡའི་ (Seven West Media) ཞེས་པའི་བརྙན་འཕྲིན་ལས་ཁང་གི་གསར་འགོད་པ་མོ་ནི་ཀ་ཀོ་སི་ (Monika Kos) ལགས་ཀྱིས་བཅར་འདྲིར་བཀའ་ལན་སྩལ་གྲུབ་རྗེས། བོད་མི་ཁྱོན་མི་གྲངས་ ༥༠ ཙམ་ལ་མཇལ་ཁ་གནང་སྟེ་ཁྱེད་རང་ཚོར་འཚམས་འདྲི་ཡོད། ང་ཚོ་བོད་པ་ས་ཆ་གང་དུ་ཡོད་ནའང་བོད་རྒྱ་ཆེའི་མང་ཚོགས་ཀྱི་ཚབ་བྱེད་མཁན་ཞིག་ཡིན་བསམས་པ་དེ་ནམ་ཡང་མ་བརྗེད་པ་བྱོས། ང་ཚོའི་ཤ་ཁྲག་འདུ་བྱེད་ཀྱི་ཕུང་པོ་འདི་བོད་ཀྱི་ཤ་ཁྲག་ལས་གྲུབ་པ་ཞིག་རེད། ང་ཚོ་མ་ཤི་བར་ཕུང་པོ་དེ་འགྱུར་རྒྱུ་མེད། ང་ཚོ་བོད་པ་ཡིན་བསམ་པའི་སྤོབས་སེམས་དགོས་པ་ཡིན། སངས་རྒྱས་པའི་ཆོས་ཟེར་བ་དེས་སེམས་འདུལ་དགོས་པ་རེད། སེམས་འདུལ་ཟེར་བ་སྨོན་ལམ་བརྒྱབ་ནས་སེམས་འདུལ་མི་ཐུབ། སེམས་མ་འདུལ་བ་བྱེད་མཁན་དེ་གང་ཡིན་པ་ཤེས་པ་བྱས་ནས་དེའི་ལྡོག་ཟླའི་གཉེན་པོ་གང་ཡིན་པ་ཤེས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཅེས་དང་། 
 
ཡང་། བོད་ཡིག་ལ་དོ་སྣང་ཡོང་བར་ཁྱེད་རང་ཚོའི་ཁྱིམ་ཚང་ནང་བོད་སྐད་རྒྱག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་སྔོན་ཨ་མི་རི་ཀའི་ཁྱིམ་ཚང་འགའ་ཤས་ནང་རང་གི་བུ་ཕྲུག་དེ་འཕྲལ་སེལ་ཨིན་ཡིག་བདེ་པོ་དང་གོམས་པ་ཡག་པོ་ཡོང་ཕྱིར་ཁྱིམ་ཚང་ནང་འཕྲལ་སེལ་ཨིན་སྐད་བརྒྱབ་ནས་ཁ་ཡོད་ལག་ཡོད་ཕན་ཐོགས་ཡོད་རུང་། ཕུགས་རྒྱང་རིང་པོར་བསམས་ན། མི་རིགས་འདི་ནི་བོད་པའི་ཤ་ཁྲག་ལས་གྲུབ་པ་གང་ཞིག་བོད་ཡིག་དེ་མ་ཤེས་པ་བྱས། རིམ་པས་བསམ་བློ་གཏོང་སྟངས་དེ་ཡང་ཕྱི་རྒྱལ་བ་ལྟར་གཙང་མ་ཞིག་མ་ཆགས་པ་དང་། བོད་པ་གཙང་མ་ཞིག་ཆགས་མ་ཐུབ། ཕར་མེད་ཚུར་མེད་བར་ས་དེར་ལྷག་པའི་ཉེན་ཁ་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།
 
དེ་རྗེས་༸གོང་ས་མཆོག་གིས་ University of Western Australia ཞེས་པའི་གཙུག་ལག་སློབ་གཉེར་ཁང་དུ་གཙུག་ལག་སློབ་ལག་ཁང་དང་ས་གནས་སློབ་གྲྭ་ཁག་འདྲ་མིན་ནས་ཁྱོན་སློབ་མ་གྲངས་ ༧༠༠ བརྒལ་བར་ཤེས་ཡོན་དང་སྤྱི་ཚོགས་ཞབས་ཞུ་སྒྲུབ་ཕྱོགས་སྐོར་བཀའ་སློབ་སྩལ་བ་དང་།  དེ་ནས་ཨོ་སི་ཊོ་ལི་ཡ་དང་ཨི་སི་རེལ་ཚོང་ལས་མཐུན་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཉིན་གུང་ལྗགས་སྨིན་ལྷན་བཞེས་དང་སྦྲགས་མི་གྲངས་ ༦༥༠ ཙམ་ལ་བཀའ་སློབ་སྩལ་ཡོད། དེ་ཉིན་གྱི་མཛད་འཕྲིན་མཐའ་མར་ཁུལ་དེར་གནས་སྡོད་འབྲུག་པ་དང་སོག་པོའི་མི་རིགས་ཁྱོན་མི་གྲངས་ ༧༠༠ ཙམ་ལ་བཀའ་སློབ་སྩལ་གྲུབ་མཚམས། ཨོ་སི་ཊོ་ལི་ཡ་ཁུལ་གྱི་མཛད་འཕྲིན་ཁག་ཡོངས་སུ་ལེགས་པར་གྲུབ་སྟེ་སིངྒ་པུར་དུ་མཚན་གཅིག་བཞུགས་བཞག་མཛད་རྗེས་ཕྱི་ཉིན་སྔ་དྲོ་རྒྱ་གར་ཕྱོགས་སུ་ཆིབས་ཞལ་སྒྱུར་ཡོད་པ་དང་།
 
 ཚེས་ ༡༦ ཉིན་གྱི་ཕྱེད་ཡོལ་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ།  དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་དང་བཞུགས་སྒར་ཕོ་བྲང་ཆིབས་སྒྱུར་བསྐྱངས་སྐབས། རྡ་སར་གནས་སྡོད་མི་མང་སོགས་ཀྱིས་ལག་ཏུ་མཇལ་དར་དཀར་གཙང་དང་བདུག་སྤོས་སོགས་ཐོགས་ཏེ་ཕེབས་བསུ་ཞུས་པ་དང་། ཕོ་བྲང་གི་རྒྱལ་སྒོའི་ནང་བརྟན་བཞུགས་ཆེད་ཕེབས་པའི་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་གཙོས་རི་བོ་དགེ་ལུགས་པའི་མཁན་བླ་སྤྲུལ་རྣམས་དང་། ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་གཙོས་ཁྲིམས་ཞིབ་པ་གཞན་གཉིས་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་བཀའ་བློན་རྣམ་པ་བཅས་སོགས་ཕེབས་བསུ་དང་བཅས་༧ཞབས་སོར་བདེ་བར་འཁོད་ཡོད་པ་རེད།