གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།

མདུན་ངོས། / དེ་ལས་མང་། / དགོངས་གཞི། / ནང་ཆོས་དང་ཚན་རིག / གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།

མདོར་ན་ངས་འདིར་བཤད་དགོས་པ་དེ་Modern Science ༼དེང་དུས་ཚན་རིག༽ དང་བོད་ཀྱི་ནང་ཆོས་ཀྱི་Science ༼ཚན་རིག༽ སྡེ་ཚན་དེ་གཉིས་ཧ་ཅང་གི་འབྲེལ་བ་ཞིག་སླེབས་ཀྱི་ཡོད། ང་ཚོ་ལའང་ཚུར་གཟུགས་ཅན་གྱི་སྡེ་ཚན་དེའི་ནང་ནས་སེམས་མེད་བེམ་པོའི་རྣམ་གཞག་དེའི་ནང་ལ་Modern ༼དེང་དུས།༽ རིག་གསར་གྱི་ཚན་རིག་པ་ཚོར་རྙེད་པ་དེ་དང༌། ཚན་རིག་པས་འགྲེལ་བཤད་བརྒྱབ་པ་དེ་ཚོ་ཧ་ལས་པ་རེད། ང་ཚོའི་སངས་རྒྱས་པའི་གཞུང་གི་ནང་ལ་གསུངས་པ་ལས་ཚན་རིག་པས་འགྲེལ་བཤད་བརྒྱབ་པ་དེ་དག་ཧ་ཅང་གི་ཞིབ་ཚགས་པ་དང་ལེགས་པ་Modern Science ༼དེང་དུས་ཚན་རིག༽ དེ་དག་གཏིང་ཟབ་པ་དང་གནས་ཚད་ཧ་ཅང་གི་མཐོ་བ་ཡོད། དྲང་པོ་བཤད་དགོས་ཤིང་ང་ཚོ་ལས་ལྷག་པ་མེད་ཅེས་བརྗོད་རྒྱུ་བསྡད་མི་འདུག

 

རིགས་ཁ་ཤས་དཔེར་ན་སློབ་དཔོན་དབྱིག་གཉེན་གྱིས་མངོན་པ་མཛོད་མཛད་དེ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་མཛོད་ཀྱི་འཇིག་རྟེན་ཁམས་ལེ་ཞེས་ལེའུ་གསུམ་པའི་ནང་འཇིག་རྟེན་གྱི་ཁམས་ཤིག་གསུངས་ཡོད། དེ་ཉིད་སྐབས་རེ་རང་གི་བསམ་བློའི་ནང་ལ་དེ་ལྟར་མ་གསུངས་ན་ཨང་བསམ་པ་དེ་འདྲ་དྲན་གྱི་འདུག མངོན་པ་མཛོད་ལྟར་རྒྱ་གར་མཁས་པ་གཞན་ཞིག་གིས་མཛད་པ་ཞིག་ཡོད་ཅེས་བཤད་ཀྱི་འདུག་ཅིང་དེའི་ནང་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་པའི་དབང་པོ་དང༌། ལས་དང༌། སེམས་སེམས་བྱུང་སོགས་པ་དེ་དག་ཆ་ཚང་ཡོད་ཅིང་འཇིག་རྟེན་ཁམས་ལེ་དེ་མེད་སྐད། འཇིག་རྟེན་ཁམས་ལེ་དེ་ཉིད་དབྱིག་གཉེན་གྱིས་སྣོན་མ་བཅུག་གནང་མཛད་པ་རེད་ཅེས་ཟེར། སྣོན་མ་བཅུག་པ་དེ་ཡག་ཏུ་མ་ཕྱིན་པར་སྡུག་ཏུ་ཕྱིན་པའི་བཟོ་འདྲ་འདུག ཡིན་ན་ཡང་ཐལ་ཆ་གང་ཡང་མི་འདུག གང་ལགས་ཤེ་ན། ནང་པ་སངས་རྒྱས་པའི་གཞུང་གི་ནང་བཅོམ་ལྡན་འདས་རང་ཉིད་ཀྱིས་ང་ཚོར་ཐོབ་ཐང་དང་མཚུངས་པར་གང་ཞིག་གནང་ཡོད་དམ་ཞེ་ན།

དགེ་སློང་དག་གམ་མཁས་རྣམས་ཀྱིས། །

བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །

ལེགས་པར་བརྟག་ལ་ང་ཡི་བཀའ། །

བླང་བར་བྱ་ཡི་གུས་ཕྱིར་མིན། །

 

ཞེས་བཅོམ་ལྡན་འདས་རང་ཉིད་ཀྱིས་ཐུགས་ཐག་བཅད་གྲུབ་པ་རེད། དེ་བཞིན་རྗེ་རིན་པོ་ཆེའི་གྲུབ་མཐའི་བསྟན་བཅོས་ལྟ་བུ་རྗེ་རང་ཉིད་ཀྱིས་རང་རྩོམ་གནང་བའི་བསྟན་བཅོས་རྨད་དུ་བྱུང་བ་ཞིག་ཡོད་པ་དེའི་ནང་གསུངས་པར། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར་རོ་ཞེས་གསུངས་ཡོད། དེས་ན་མངོན་པ་མཛོད་ནས་གསུངས་པ་ལྟར་ང་ཚོས་ཁས་ལེན་བྱས་ན་རིགས་པ་དང་འགལ་བ་ཙམ་དུ་མ་ཟད་མངོན་སུམ་ལ་སྙོན་དགོས་ཤིང་མངོན་སུམ་གྱི་མཐོང་ཆོས་དང་འགལ་གྱི་ཡོད།

 

དེར་བརྟེན་དེ་ཁས་བླངས་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་བ་ལྟ་ཅི་སྨོས། སྤྱིར་ནང་པ་དང་དེའི་ནང་ནས་ཚད་མའི་གཞུང་གཙོ་བོར་བརྩི་བའི་ཐེག་ཆེན་གྱི་གཞུང་ངམ། ལེགས་སྦྱར་གྱི་སྲོལ་རྒྱུན་ནམ་ངས་ཡོངས་གྲགས་བཤད་པའི་ནཱ་ལེཌནའི་ཆོས་རྒྱུད་ཅེས་པ་དེ་རེད། དེ་ཚད་མའི་ལམ་ནས་བརྟག་དཔྱད་བྱས་ཏེ་ར་འཕྲོད་པ་ཞིག་འདུག་ན་ཁས་བླངས་ཤིང༌། ར་མ་འཕྲོད་ན་ཁས་མི་བླངས་ལ། ར་མ་འཕྲོད་པ་ཙམ་མིན་པར་དེའི་འགལ་བ་མཐོང་ན་ཚད་མའི་གཞུང་གི་ནང་མེད་པ་གཅིག་ཐག་གཅོད་རྒྱུ་དེའང་མཐོང་རྒྱུ་ཡོད་པ་ཞིག་ཡིན་ན། དེ་ཡོད་ན་སྣང་དུ་རུང་ཞིང་ཡོད་ན་མཐོང་ཆོག་པ་ཞིག་ཡིན་ཀྱང༌། མཐོང་ཐུབ་ཀྱི་མི་འདུག་ཅེས་བརྗོད་དེ་དེས་མེད་པ་ཞིག་ཐག་གཅོད་ཀྱི་ཡོད།

 

དེས་ན་རི་རབ་ལ་སོགས་པ་དེ་དག་མང་པོ་ཞིག་ཡོད་ན་མཐོང་དགོས། རི་རབ་ཀྱི་གྲིབ་མ་ང་ཚོས་ལོངས་སྤྱོད་ཀྱི་ཡོད་པའི་ཁུལ་རེད། གྲིབ་མ་དེ་ལོངས་སྤྱོད་ཅིང་གྲིབ་མ་ཡོང་སའི་རི་རབ་དེ་ང་ཚོས་མཐོང་རྒྱུ་མེད་ཅེས་བརྗོད་དགོས་བྱུང་ན་ཁག་པོ་རེད། དེར་བརྟེན་གྲིབ་མ་དེ་ང་ཚོས་མཐོང་གི་ཡོད་ལ་དེ་མྱོང་གི་ཡོད། གྲིབ་མ་གང་ནས་ཡོང་བའི་རི་རབ་དེ་སྨྲ་བསམ་བརྗོད་མེད་རེད་ཅེས་བརྗོད་དགོས་བྱུང་ཡང་ཧ་ཅང་ཁག་པོ་རེད། དེས་ན་དེ་མེད་ཅེས་བརྗོད་ན་ཧ་ལས་རྒྱུ་གང་ཡང་མེད།

 

དེ་ཙམ་མ་ཟད་ང་རང་ཚོའི་ཤིན་ལྐོག་སྟོན་པའི་གཞུང་ལ། སྔ་ཕྱི་དངོས་ཤུགས་འགལ་བ་མེད་པ་ཞིག་དགོས་ཤིང༌། གླིང་བཞི་གླིང་ཕྲན་གྱིས་མཚོན་པའི་དེ་དག་ང་རང་ཚོར་ཤིན་ལྐོག་ཆགས་ཀྱི་ཡོད། དེ་ལྟའི་ཤིན་ལྐོག་སྟོན་པའི་གཞུང་ལ་མི་མཐུན་པ་མང་པོ་ཡོད། དེར་བརྟེན་དེས་ཀྱང་ང་ཚོར་རྒྱུ་མཚན་བཤད་རྒྱུ་འདུག་ལ། དེས་ན་ངས་བཤད་དགོས་པ་དེ་དངོས་ཁམས་རིག་པའི་ནང་ལ་ཚན་རིག་གི་འགྲེལ་བཤད་རྒྱབ་པ་དེ་ཧ་ཅང་ཡག་པོ་ཡོད་ཅིང༌། ང་ཚོར་ཚུར་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་རེད།