སྐུའི་འཁྲུངས་སྐར་དང་འབྲེལ་བརྟན་བཞུགས་བསྟར་འབུལ་ཞུས་པ།

ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༡ བོད་ཟླ་ ༥ ཚེས་ ༥ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུས་བོད་མིའི་སྒྲིག་འཛུགས་དང་རི་བོ་དགེ་ལྡན་པ། བོད་ལྗོངས་མདོ་སྨད་ཆོལ་ཁ་བཅས་ཀྱི་གོ་སྒྲིག་ལྟར་དགའ་ལྡན་ཁྲི་རིན་པོ་ཆེ་དབུ་བཞུགས་ཐོག་བདུན་ཕྲག་གཅིག་རིང་སྒྲུབ་ཞག་གིས་༧གོང་ས་ལྔ་བ་ཆེན་པོས་མཛད་པའི་གསང་བ་རྒྱ་ཅན་གྱི་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རིང་ལུགས་དགུང་གྲངས་བརྒྱད་ཅུ་བཞད་པའི་དུས་ཚེས་ཁྱད་པར་ཅན་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད། 

 

དེ་ཡང་ཞོགས་པ་ཆུ་ཚོད་༨།༠༠ཐོག་༧གོང་ས་མཆོག་གཟིམ་ཆུང་ནས་དགའ་ལྡན་ཁྲི་རིན་པོ་ཆེ་དང་།  བཀའ་ཟུར་ཀིརྟི་རིན་པོ་ཆེ།  དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས། རྣམ་གྲྭ་ཕན་བདེ་གླིང་བཅས་ཀྱིས་སྤུས་སྣེས་མདུན་བསུས་ཏེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕེབས་བསུ་ཞུས་པ་དང་། སྐབས་དེར་༧གོང་ས་མཆོག་གིས་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ལགས་ལ་འཚམས་འདྲི་གནང་རྗེས་བཞུགས་ཁྲིར་༧ཞབས་སོར་འཁོད་པ་དང་། བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་མཇལ་ཁ་ཞུས་པ་དང་འབྲེལ་འཁྲུངས་རབས་གསོལ་འདེབས་དང་། པཎ་གྲུབ་བསྟོད་ཆེན་སོགས་ཆོ་ག་གསུང་འདོན་གནང་། དེ་རྗེས་གྲོ་མ་འབྲས་སིལ་འདེགས་འབུལ་རྗེས་བརྟན་བཞུགས་དངོས་གཞི་དབུ་འཛུགས་གནང་ཡོད་པ་དང་། མཐར་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་མཎྚལ་བཤད་པ་གྲུབ་མཚམས་སྐུ་གསུང་ཐུགས་རྟེན་གྱི་འབུལ་མཚོན་བཏེགས་པ་དང་། དགོང་ལོ་བརྒྱད་ཅུ་ཟིན་པའི་བགྲེས་སོང་བཅུ་གྲངས་ཤིག་ལ་མཇལ་ཁ་གནང་བ་སོགས་ཀྱི་རྗེས་སུ་བཀའ་སློབ་སྩལ་དོན། 

 

 དེ་རིང་བརྟན་བཞུགས་འདི་དམིགས་བསལ་བ་ཞིག་ཆགས་ཀྱི་ཡོད། ངོས་རང་མི་ལོ་ཧྲིལ་པོ་བརྒྱད་ཅུ་ཟིན་པ་རེད།  བོད་དུ་འཆར་ཅན་བོད་ལོ་ལྟར་བོད་ཟླ་ ༥ ཚེས་ ༥ བརྩི་གི་ཡོད་པ་རེད། རྒྱ་གར་ལ་སླེབས་ནས་བོད་ལོ་དེ་ཚེས་གྲངས་ཆད་ལྷག་དབང་གིས་སྐབས་ཐོག་སྐབས་ཐོག་ལ་བོད་ཀྱི་ལི་ཐོར་བལྟས་ན་མ་གཏོགས་ཡོང་དཀའ་བ་དང་། སྤྱི་ལོ་དེ་འཛམ་གླིང་ཀུན་ལ་གཅིག་གྱུར་ཆགས་ཡོད་པས་སྐྱེས་སྐར་སྤྱི་ལོ་ལ་བསྟུན་ན་ཞེས་དེ་ལྟར་བྱས་པ་རེད། ངོས་རང་གིས་ངོ་ཤེས་པ་དེ་འདྲས་སྤྱི་ལོའི་སྐྱེས་སྐར་ཨ་རི་ནས་བྱེད་རོགས་ཟེར་བར་འགྲིག་གི་འདུག་ཅེས་ན་ནིང་ནས་གཏན་འཁེལ་བ་རེད། དེར་བརྟེན་འདི་ནས་སྐྱེས་སྐར་གྱི་རྟེན་འབྲེལ་བོད་ཟླ་༥ ཚེས་༥ ལ་བྱེད་ན་ཞེས་སྐྱེས་སྐར་རྟེན་འབྲེལ་དང་བསྟུན་ནས་ང་ཚོའི་བཙན་བྱོལ་གྱི་སྒྲིག་འཛུགས་དང་མདོ་སྨད་ཆོལ་ཁ། དེ་བཞིན་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་བཅས་ཁག་གསུམ་གྱི་ཐོག་ནས་དེ་རིང་བརྟན་བཞུགས་གནང་བ་དེ་ལྟར་རེད། 

 

ངོས་རང་ཚེ་འདིར་ཕ་མ་གཅིག་བྱས་ཏེ་སྤུན་ལྷག་བསྡད་པ་རྒྱལ་ལོ་དོན་གྲུབ་དང་པདྨ། བསྟན་འཛིན་ཆོས་རྒྱལ་ང་ཚོ་ནི་ཕ་གཅིག་མ་གཅིག་ཆགས་བསྡད་ཡོད་པ་རེད། བུ་ཕྲུག་གཉེན་འབྲེལ་བྱས་ཏེ་ཚ་བོ་དང་ཚ་མོ་ཡང་ཚ་སོགས་དེ་རིང་ང་ཚོ་འདིར་འཛོམས་པ་རེད། དུས་ཚོད་འདི་འདྲ་ཞིག་གི་སྐབས་ལ་གཙོ་ཆེ་ཤོས་བདག་ཁྲི་རིན་པོ་ཆེ་དབུ་བཞུགས་ཐོག་ང་ཚོ་གངས་ཅན་གྱི་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཚང་མས་དབུ་འཛིན་ཚོ་འདིར་གདན་འཛོམས་ཏེ་ཞལ་ཞེ་གཉིས་མེད་ཀྱི་ཐོག་ནས་ཐུགས་བསྐྱེད་གནང་བ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་དེ་རིང་འདིར་དགེ་ལུགས་ཀྱི་ཆོས་ཚོགས་དང་སྦྱིན་བདག་གི་གྲས། གདན་ས་ཁག་གི་མཁན་པོ་ལས་ཟུར་སོགས་མང་པོ་ཞིག་ཕེབས་འདུག འདིར་ཁྲི་རིན་པོ་ཆེ་དབུ་བཞུགས་ཀྱི་ཐོག་ནས་སྒྲུབ་ཆོག་བདུན་ཕྲག་གཅིག་རིང་གནང་བ་རེད། ཅེས་དང་།  

 

ཁྱོད་རང་ཚོ་བྱེས་འཁོད་རྒྱ་ཆེའི་མི་མང་ཚོ་དང་། དེ་བཞིན་རྗེས་ལུས་རྒྱ་ཆེའི་མི་མང་། ཕལ་ཆེར་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་སུ་རྫོགས་པའི་ངོས་ལ་ཡིད་ཆེས་དང་བློས་འཁེལ་བྱེད་ཀྱི་ཡོད་པ་རེད། ཚེ་རབས་མང་པོའི་ལས་དང་སྨོན་ལམ་གྱི་འབྲེལ་བ་ཟེར་བ་དེ་སྔོན་ལ་ཕར་བཞག ཚེ་འདིའི་མཐོང་ཆོས་ཀྱི་ཆ་ནས་བཤད་པ་ཡིན་ནའང་ཕལ་ཆེར་ཡོངས་རྫོགས་ཀྱིས་ངོས་ལ་ཡིད་ཆེས་བྱས་ཏེ་བློས་འཁེལ་གྱི་ཡོད་པ་རེད། དེར་བརྟེན་ངོས་རང་ད་ལྟ་ལོ་བརྒྱད་ཅུ་སླེབས་བསྡད་ཡོད་པ་དང་། གཟུགས་པོ་ཧ་ཅང་བདེ་བོ་ཡིན། ཨེམ་རྗེ་ཚོར་བསྟན་དུས་ཁོ་ཚོས་ད་དུང་ལོ་ཉི་ཤུ་རྩ་གྲངས་ལ་སྡོད་རྒྱུར་ཐེ་ཚོམ་མི་འདུག་ཅེས་བཤད་ཀྱི་འདུག བརྒྱད་ཅུ་ནས་ལོ་བཅུ་ཕྱིན་ན་ལོ་དགུ་བཅུ་རེད། ད་ལོ་བརྒྱད་ཅུ་ལོན་པའི་གྱ་སྟོན་ཞེས་ཁྱོད་རང་ཚོས་བཤད་སྡོད་ཀྱི་འདུག རྗེས་ལ་ལོ་དགུ་བཅུ་ལོན་པའི་དུས་སུ་དགུ་སྟོན་ཟེར་བ་དེ་བྱེད་དགོས་པ་རེད། ཅེས་བཤད་ཤོབ་དང་འབྲེལ་བགྲེས་སོང་དགུང་ལོ་བརྒྱད་ཅུ་ཟིན་པ་རྣམས་ལ་གཟིགས་ཏེ། སྤོ་ཁྱོད་རང་ཚོས་རིག་པ་སྒྲིམ་པ་དང་ཨམ་གཙིགས་བསྡམས་ཏེ་༧རྒྱལ་བ་རིན་པོ་ཆེའི་ལོ་དགུ་བཅུའི་དགུ་སྟོན་བར་དུ་བསྡད་ཐུབ་པ་བྱེད་ཀྱི་ཡིན་ཞེས་སེམས་ཤུགས་བསྐྱེད་ཤོག ཅེས་དང་།

 

བོད་གངས་ཅན་གྱི་ལྗོངས་ན་རང་དབང་ཡོད་པ་མ་རེད། དེར་བརྟེན་ས་ཁུག་ལུང་ཁུག་ན་ངོས་ཀྱི་སྐྱེས་སྐར་ལ་ཚང་མས་སྨོན་ལམ་བརྒྱབ་ཏེ་དགའ་དགའ་སྐྱིད་སྐྱིད་བྱེད་ཀྱི་ཡོད་པ་རེད། ས་ཁུལ་མང་པོ་ཞིག་ལ་རང་དབང་ཡོད་པ་མ་རེད། དེ་བྱེད་ཆོག་གི་ཡོད་པ་མ་རེད། སེམས་ནང་དད་པ་དང་འདུན་པ་རྩེ་གཅིག་ཏུ་ཡོད་པའི་རྗེས་ལུས་རྒྱ་ཆེའི་མི་མང་ལ་དམིགས་བསལ་གྱིས་དད་པ་དང་འདུན་པ། དམ་ཚིག་སོགས་ཀྱི་ཚོགས་བསགས་ཤུགས་ཆེན་པོར་ཡོད་བསྡད་པ་ཡིན་པས་ཚང་མར་ཐུགས་རྗེ་ཆེ་ཞུ་གི་ཡིན། ད་ལྟ་བར་དུ་བོད་གངས་ཅན་པ་སྤྱི་བོ་གནམ་བསྟན་ཡོངས་སུ་རྫོགས་པས་ཆོས་ལ་དད་པ་ཡོད་ནའང་རེད། མེད་ནའང་རེད། མི་རིགས་ཀྱི་ཞེན་ཁོགས་དང་། མི་རིགས་ཀྱི་ཐོབ་ཐང་གི་ཐོག་ལ་ཚང་མ་སེམས་དང་འདུན་པ་གཅིག་མཐུན་རེད། ཅེས་དང་། 

 

གཞན་ཡང་། ངོས་རང་གི་ངོ་ཤེས་པ་ཁ་ཤས་ཀྱིས་༧རྒྱལ་བ་རིན་པོ་ཆེའི་འཁྲུངས་སྐར་ཀྱི་ཕྱག་རྟགས་ལ་ག་རེ་དགོས་ཞེས་འདྲི་བཞིན་འདུག ངོས་ལ་ཕྱག་རྟགས་གང་ཡང་དགོས་པ་མི་འདུག ངོས་རང་དགེ་སློང་ཞིག་ལ་གང་ཡང་དགོས་པ་མེད། ངོས་ཀྱིས་རེ་འདུན་སྟོང་སྐད་མིན། ལོ་མང་པོའི་ཉམས་མྱོང་བསགས་ཏེ་ཕྱོགས་བསྡོམས་བྱས་པའི་རེ་འདུན་ཡིན་མ་གཏོགས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པ་ཤོག་ཟེར་བ་དེ་ཚོ་ངོས་རང་ཁ་ཧམ་པ་ཚོ་བོ་རེད་མ་གཏོགས་དེ་དག་ལ་སྟོང་སྐད་ཀྱི་གཡའ་ཅུང་ཙམ་འདུག ཡོང་རྒྱུ་ཧ་ཅང་དཀའ། བསྐལ་ཆེན་ནས་བསྐལ་ཆེན་ཟེར་ནས་བཤད་པ་ཡིན་ན་སེམས་ནང་སྙིང་སྟོབས་ཤིག་སྐྱེས་ཏེ་དངོས་གནས་རེ་བ་རྒྱག་བསམ་པ་ཞིག་འདུག དྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སངྒ་ཏེ་བོ་དྷི་སྭཱ་ཧཱ། ཟེར་དུས་ཐེག་ཆེན་ཚོགས་ལམ་ཐོབ་རྒྱུ་ཕལ་ཆེར་མི་ཡོང་ངམ་བསམ་པ་ཞིག་དང་། ཞི་གནས་ཀྱི་ཉམས་ལེན་ཅུང་ཙམ་བྱུང་བ་ཡིན་ན་སྦྱོར་ལམ་ཐོབ་རྒྱུའི་རེ་བ་བརྒྱབ་བསྡད་ཀྱིན་ཡོད། དེར་བརྟེན་འདི་དག་དངོས་ཡོད་གནས་ཚུལ་རེད། འདི་ནང་བཞིན་བྱས་ཏེ་ང་ཚོ་བོད་ཀྱིས་ལོ་སྟོང་ཕྲག་རིང་བདག་ཉར་བྱས་པའི་ཤེས་ཡོན་གྱིས་འཛམ་གླིང་སྤྱི་ལ་གང་ལ་གང་འཚམ་ཕན་འདོགས་ཐུབ་པའི་ཆ་རྐྱེན་ཏན་ཏན་འདུག དེ་ང་རང་ཚོས་བེད་སྤྱོད་ཡག་པོ་བྱེད་ཐུབ་དང་མི་ཐུབ། བེད་སྤྱོད་བྱེད་སྟངས་དངོས་ཡོད་གནས་ཚུལ་དང་འཚམས་པ་ཞིག་བྱེད་ཐུབ་དང་མི་ཐུབ་ང་རང་ཚོ་ལ་རག་ལས་པ་རེད། དེ་ཁྱོད་རང་ཚོས་དགོངས་པ་བཞེས་ཤིག། ངོས་རང་གང་ལྟར་ལོ་རྒས་འགྲོ་བཞིན་ཡོད། དེར་བརྟེན་གཞོན་སྐྱེས་ངོས་ལ་ཡིད་ཆེས་དང་བློས་འཁེལ་བྱེད་མཁན་ཚོས་མི་དགའ་བོ་དེས་འདི་འདྲ་ཞིག་བཤད་ཀྱི་འདུག་ཅེས་སེམས་ལ་ངེས་པར་བྱས་ཏེ་ཧུར་ཐག་བྱེད་དགོས། དེ་ནི་ངོས་ཀྱི་སྐྱེས་སྐར་རྟེན་འབྲེལ་གྱི་ལག་རྟགས་ཡག་ཤོས་ཡིན། དེ་ལྟར་བྱུང་ན་ངོས་རང་དངོས་གནས་ཡིད་ཚིམས་སོང་། ཞེས་སོགས་བཀའ་སློབ་སྩལ། 

 

ཆུ་ཚོད་༡༠།༤༠ཙམ་ལ་བརྟན་བཞུགས་ཡོངས་སུ་མཇུག་ལེགས་པར་གྲུབ་སྟེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་གྲྭར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོའི་ཐོག་ཆིབས་བསྒྱུར་བསྐྱངས་ཏེ་དབུ་བཞུགས་མཛད་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་དང་། གདན་ཞུས་སྐུ་མགྲོན་རྣམས་ཀྱིས་གསུངས་བཤད་རིམ་པར་གནང་བ་དང་།    ༧གོང་ས་མཆོག་གིས་དཔལ་ན་ལེནྡྲ་ནས་བརྒྱུད་པའི་ཆོས་བརྒྱུད་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་དེ་ཉམས་ལེན་གྱི་མཐིལ་ལ་འཛིན་གྱིན་ཡོད་པ་དང་། ཟབ་པ་ཞེས་པ་ཟབ་མོ་སྟོང་ཉིད་དང་། རྒྱ་ཆེ་བ་བྱང་ཆུབ་ཀྱི་སེམས་རེད། སློབ་གཉེར་དེར་བྱས་པ་ཡིན། ཉམས་ལེན་ཡང་དེར་བྱས་པ་ཡིན། མིའི་རྣམ་དཔྱོད་དེ་ལྷག་བསམ་དང་འབྲེལ་ན་ཕན་ཐོགས་པར་ངེས་པ་རྙེད་ཡོད་ཅེས་དང་། འཛམ་བུ་གླིང་འདིར་འགྲོ་བ་མི་དུང་ཕྱུར་བདུན་ཅུ་ལྷག་ཡོད་རེད། ཚང་མ་བདེ་བ་འདོད་ཀྱང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་ཡང་། སྡུག་བསྔལ་མང་པོ་ཞིག་མི་རང་ཉིད་ཀྱིས་བཟོས་ཡོང་གིན་འདུག འདི་ཡ་མཚན་རེད། ཅེས་དང་། ཡང་། སེམས་ཀྱི་ཞི་བདེ་ནི་ཕྱི་རོལ་གནམ་གཤིས་ཚ་གྲང་གིས་དཀྲུག་པ་མ་རེད། མིའི་རྣམ་འགྱུར་གྱིས་དཀྲུག་པ་མ་རེད། རང་སེམས་ཀྱི་དོགས་པ་དང་རྣམ་རྟོག ཐེ་ཚོམ་སོགས་ཀྱིས་དཀྲུག་པ་རེད། ཅེས་དང་།  གཞན་ཡང་། ཨ་རི་ན་ཅལ་མང་སྡེའི་བློན་ཆེན་ལགས་ཀྱི་གསུང་བཤད་དང་འབྲེལ་ནས་བཀའ་ཕེབས་དོན། ཨ་རི་ན་ཅལ་ལ་ཤོག་ཅེས་གསུངས་ཀྱི་འདུག སྤྱིར་ན་ད་ལོ་འགྲོ་ཡ་ཡིན། ཡིན་ནའང་། ད་ཡང་བླ་རྒན་ལ་ངལ་གསོ་ཅུང་ཙམ་དགོས་ཀྱི་འདུག  ང་ཚོ་བོད་པར་དཔེ་ཅིག་ཡོད་པ་རེད། བོང་བུའི་འགྲོ་བསྡད། བོང་བུ་འཁྱར་འཁྱོར་ངང་འགྲོ་དུས་མ་འགྱེལ་བར་དུ་འགྲོ་བསྡད་པ་ཡིན་ན་ཆོད་མི་འདུག དེར་བརྟེན་ད་ལོ་ཁུ་ནུ་ཁུལ་ལ་འགྲོ་རྒྱུ་གཅིག་ཡོད། དེ་ལའང་དགོངས་པ་ཞུས་ཏེ་ལོ་རྗེས་མར་འགྲོ་རྒྱུ་བྱས་པ་ཡིན། ཨ་རི་ན་ཅལ་དུ་ད་ལོ་འགྲོ་རྒྱུ་བྱས་ཀྱང་དེ་ལའང་དགོངས་པ་ཞུ་གི་ཡིན། ཟླ་ལྔ་བའི་ནང་ལ་འགྲོ་རྒྱུའི་བང་ཞིག་སྒྲིག་གི་ཡོད། ཅེས་སོགས་བཀའ་སློབ་སྩལ་རྗེས་སྐུ་རྩེད་དང་སྦྲགས་མཛད་སྒོ་མཇུག་ལེགས་པར་གྲུབ་ཡོད་པ་རེད།