༸གོང་ས་མཆོག་གི་ལ་དྭགས་ཀྱི་མཛད་འཕྲིན་ལེགས་པར་གྲུབ་པ།

མདུན་ངོས། / ༸གོང་ས་མཆོག་གི་ལ་དྭགས་ཀྱི་མཛད་འཕྲིན་ལེགས་པར་གྲུབ་པ།

༄༅།།ཕྱི་ལོ་༢༠༡༥ཟླ་༧ཚེས་༢༧ཉིན་གྱི་སྔ་དྲོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཕྱོགས་ཇ་མུ་ཀ་ཤི་མིར་མངའ་སྡེའི་ལ་དྭགས་ཀྱི་རྒྱལ་ས་གླེ་རུ་ཡོད་པའི་བ་ཀུ་ལ་རིན་པོ་ཆེའི་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་།སྐབས་དེར་དགའ་ལྡན་ཁྲི་པ་རི་རྫོང་རིན་པོ་ཆེ་མཆོག་གིས་དབུས་པའི་ཁྲིག་སེ་རིན་པོ་ཆེ་མཆོག་དང་།བ་ཀུ་ལའི་ཡང་སྤྲུལ་མཆོགདེ་བཞིན་བླ་ཆེན་ཁག་དང་། ལ་དྭགས་རྫོང་གི་བློན་ཆེན་ཚེ་རིང་རྡོར་རྗེ་ལགས་དང་།  ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་རིག་འཛིན་དཔལ་འབར་ལགས།ཇ་མུ་ཀ་ཤི་མིར་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་རིག་འཛིན་ཇོ་ར་ལགས། དེ་བཞིན་ཁ་ཆེའི་ཆོས་ལུགས་ཀྱི་སྐུ་ཚབ་སྐུ་ཞབས་ཤེ་ཀཱ་ས་ཡེ་བུ་དིན་ Sheikh Syebuddinལགས་དང་སྐུ་ཞབས་ཨ་ཤ་རབ་ཨ་ལི་ and Ashraf Ali ལགས། ཡི་ཤུའི་སྐུ་ཚབ་སྐུ་ཞབས་ཌེ་ཝི་ཌི་གར་གན་ David Gergen ལགས།ལ་དྭགས་དགོན་ཚོགས་ཀྱི་དགེ་བཤེས་བློ་བཟང་བསམ་གཏན་ལགས།ལ་དྭགས་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཚེ་དབང་འཕྲིན་ལས་ལགས།མངའ་སྡེའི་བློན་ཆེན་ཁག་དང་།ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་རྣམ་པ།ས་གནས་གཞོན་ནུ་ཚོགས་པའི་ཚོགས་གཙོ་རིན་ཆེན་རྣམ་རྒྱལ་ལགས།  དེ་བཞིན་ཚོགས་པ་ཆེ་ཕྲ་ཁག་བཅས་ཀྱིས་གནད་ཡོད་མི་སྣ་དང་སྐུ་ཚབ་བཅས་ཆེད་བཅར་ཞུས་ཏེ་འཚམས་འདྲི་དང་བཅས་ཕེབས་བསུ་དང་།  དེ་བཞིན་གནམ་ཐང་ནས་དཔེ་ཐུབ་དགོན་པའི་བར་གྱི་ཕེབས་ལམ་གཡས་གཡོན་དུ་དད་ལྡན་སེར་སྐྱ་མི་གྲངས་སྟོང་ཕྲག་བརྒལ་བས་ལག་ཏུ་མཇལ་དར་དཀར་གཙང་དང་། བདུག་སྤོས། མེ་ཏོག་སྣ་ཚོགས་སོགས་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད། 

 

དེ་ཡང་༧གོང་ས་མཆོག་དཔེ་ཐུབ་དགོན་པར་༸ཞབས་སོར་འཁོད་མཚམས།དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་།བ་ཀུ་ལའི་ཡང་སྤྲུལ་མཆོག་རྣམ་གཉིས་ཀྱིས་ལྷ་ཁང་གསར་པའི་ནང་གདན་ཞུས་ཀྱིས་སྟོན་པ་ཤཱཀྱ་ཐུབ་པ་དང་གནས་བརྟན་བཅུ་དྲུག་གི་སྐུ་བརྙན་ཁག་ལ་གཟིགས་ཞིབ་མཛད་རྗེས་བཞུགས་ཁྲིར་༸ཞབས་སོར་འཁོད་དེ་རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།དེ་རྗེས་༸གོང་ས་མཆོག་གིས་ཕེབས་བསུའི་མཛད་སྒོར་བཀའ་སློབ་སྩལ་དོན།དེ་སྔོན་ངོས་ཀྱིས་བཀའ་བསྟན་དེ་དག་ལ་སློབ་གཉེར་བྱ་དགོས་པ་རེད་ཅེས་སློབ་སྟོན་བྱས་ཡོད་པ་བཞིན་ཁྱེད་རང་ཚོས་སྙིང་ཐག་པ་ནས་དང་ལེན་གནང་སྟེ་ད་ཆ་དཔེ་ཆར་སློབ་གཉེར་གནང་གི་ཡོད་པ་དེར་ཧ་ཅང་དགའ་པོ་བྱུང་།  ཉེ་ལམ་ངོས་ཀྱི་སྐྱེས་སྐར་རྡ་རམ་ས་ལར་སྲུང་བརྩི་ཞུས་པ་དང་།དེ་ནས་ཨིན་ཡུལ་དང་།ཨ་རི།འཇར་མན་བཅས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འགྲོ་དགོས་བྱུང་བར་བརྟེན་ཐང་ཅུང་ཙམ་ཆད་བྱུང་།དེར་བརྟེན་ད་རེས་ཉིན་མ་ཁ་ཤས་ཤིག་ངོས་རང་འདིར་ངལ་གསོ་ལྟ་བུ་བྱས་ཏེ་ཡོང་བ་ཡིན།  ཉིན་ཁ་ཤས་ཤིག་ལས་འདིར་སྡོད་ལོང་མེད།འོན་ཀྱང་ལོ་རྗེས་མའི་ཟླ་བ་བརྒྱད་པའི་ནང་དུས་ཡུན་འདི་ལས་མང་ཙམ་ཞིག་སྡོད་རྒྱུ་ཡོང་གི་རེད།  ད་ལམ་ངོས་རང་དུས་ཐུང་ཞིག་ལས་འདིར་སྡོད་ལོང་མེད་སྟབས་རིན་པོ་ཆེ་མཆོག་དགོངས་པ་མི་ཚོམ་པའི་རེ་བ་བྱེད་ཀྱི་ཡོད།ཅེས་དང་། དེ་ནས་ལ་དྭགས་ནང་སྤྱི་ཡོངས་ཀྱི་གནམ་གཤིས་གནས་བབ་གང་འདྲ་ཡོད་ལུགས་བཀའ་རྩད་དང་། དེ་རྗེས་༧གོང་ས་མཆོག་གིས་ཉེ་ལམ་ཚན་རིག་པས་འཛམ་གླིང་གི་བྱང་སྣེར་(North pole)འཁྱགས་པ་དང་གངས་ཀྱི་འཕེལ་ཚད་ཇེ་མང་དུ་འགྲོ་བཞིན་ཡོད་པ་ཤེས་རྟོགས་བྱུང་འདུགདེར་བརྟེན་ད་ལོ་གནམ་གཤིས་ཏོག་ཙམ་བསིལ་པོ་ཡོང་བའི་མངོན་རྟགས་ཤིག་ཆགས་ཡོད།ཅེས་སོགས་ཀྱི་བཀའ་སློབ་སྩལ་བ་དང་། ཉིན་དེར་དཔེ་ཐུབ་དགོན་པར་བཞུགས་ཞག་མཛད། 

  

ཚེས་༢༨ཉིན་ཐོག་མར་གླེ་རུ་ཡོད་པའི་ཇོ་ཁང་གཙུག་ལག་ཁང་དུ་དགའ་ལྡན་ཁྲི་རིན་པོ་ཆེ་དང་ལྷན་རྒྱས་ཀྱིས་གནས་གཟིགས་མཛད་ཅིང་། དེ་རྗེས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་རྟེན་འབྲེལ་བསྟོད་པ་དང་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་གསུང་འདོན་མཛད་པ་དང་། རྟེན་འབྱུང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།སྐབས་དེར་༸གོང་ས་མཆོག་གིས་གཙུག་ལག་ཁང་དུ་རྒྱལ་བའི་བཀའ་འགྱུར་དང་དེའི་དགོངས་འགྲེལ་བསྟན་འགྱུར་གྱི་གླེགས་བམ་བཞུགས་ཡོད་མེད་བཀའ་རྩད་གནང་བ་དང་།  འབྲེལ་ཡོད་ནས་བསྟན་འགྱུར་བཞུགས་མེད་ཚུལ་སྙན་སྒྲོན་ཞུས་པར་༸གོང་ས་མཆོག་གིས་བསྟན་འགྱུར་གླེགས་བམ་གསོལ་རས་སྩལ་རྒྱུའི་བཀའ་ཕེབས་པ་དང་སྦྲགས།བཀའ་བསྟན་གྱི་གླེགས་བམ་རྣམས་མཆོད་རྫས་ཙམ་ལ་བཞག་ནས་བཀླགས་པ་ཙམ་གྱིས་མི་འགྲིག་པར་ངེས་པར་དུ་སློབ་སྦྱོང་བྱེད་དགོས་པ་དང་།དེ་ཡང་སེར་མོ་བ་ཙམ་དུ་མ་ཟད་སྐྱ་བོ་ཚོས་ཀྱང་སློབ་གཉེར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པའི་སྐོར་སོགས་བཀའ་སྩལ།  དེ་རྗེས་འཇམ་དབྱངས་སློབ་གྲྭར་ཆིབས་སྒྱུར་བསྐྱངས་ཏེ་སློབ་གྲྭའི་བུ་མོའི་ཉལ་ཁང་གསར་རྒྱག་ལེགས་གྲུབ་བྱུང་བར་དབུ་འབྱེད་རབ་གནས་དང་། དེ་ནས་སློབ་གྲྭའི་ཐང་ཆེན་དུ་དགེ་ལས་སློབ་ཕྲུག་དང་ཕ་མ་སོགས་མི་གྲངས་སྟོང་ཕྲག་བརྒལ་བའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་པ་དང་། འཇམ་དབྱངས་སློབ་གྲྭའི་སློབ་མ་རྣམས་ཀྱིས་བདེན་ཚིག་སྨོན་ལམ་གསུང་བཏོན་གནང་།དེ་ནས་སློབ་གྲྭའི་སློབ་སྤྱི་དགེ་བཤེས་བློ་བཟང་བསམ་གཏན་ལགས་ཀྱིས་༸གོང་ས་མཆོག་དགུང་གྲངས་༨༠ཕེབས་པའི་༸སྐུའི་གྱ་སྟོན་ལ་དགའ་བསུའི་འཚམས་འདྲི་དང་འབྲེལ་འདས་པའི་ལོ་གསུམ་རིང་གི་སློབ་གྲྭའི་ལས་བསྡོམས་སྙན་སྒྲོན་ཞུས་པ་དང་། ཏཱ་ལའི་བླ་མའི་ཐེབས་རྩ་གཙོ་བོར་གྱུར་བའི་སློབ་གྲྭའི་སྦྱིན་བདག་ཡོངས་ལ་ཐུགས་རྗེ་ཆེ་ཞུས། 

 

དེ་ནས་༧གོང་ས་མཆོག་གིས་འཇམ་དབྱངས་སློབ་གྲྭ་དང་སློབ་གྲྭ་གཞན་ཁག་ནས་ཡོང་བའི་སློབ་ཕྲུག་བཅས་ཚང་མར་འཚམས་འདྲི་གནང་རྗེས། ནང་ཆོས་དེ་ཆོས་ལུགས་གཞན་ལས་ཡག་པོ་ཡོད་ཅེས་ཁྱབ་སྤེལ་བྱེད་ཀྱི་མེད་པ་དང་། ཆོས་ལུགས་གཙོ་ཆེ་བ་ཚང་མར་ལྟ་གྲུབ་དང་ཆོས་ཉམས་ལེན་བྱ་རྒྱུའི་ཐབས་ལམ་དང་གོམས་སྲོལ་ཡོད།ཆོས་ཉམས་ལེན་བྱ་རྒྱུའི་ཐབས་ལམ་ནི་ཆོས་ལུགས་གཙོ་ཆེ་ཚང་མས་བྱམས་བརྩེ་དང་བཟོད་བསྲན་སོགས་ཉམས་ལེན་གྱི་རྣམ་གཞག་གསུངས་ཡོད་པ་གཅིག་མཚུངས་ལྟ་བུ་རེད།འོན་ཀྱང་ཆོས་ལུགས་དེ་དག་དབར་ལྟ་གྲུབ་དང་གོམས་སྲོལ་མི་འདྲ་བ་ཡོད།ཅེས་དང་།  ལ་དྭགས་ས་ཁུལ་འདིར་ཆོས་ལུགས་འདྲ་མིན་ཡོད།འོན་ཀྱང་ཆོས་ལུགས་དེ་དག་ཕན་ཚུན་འཆམ་མཐུན་ངང་གནས་བཞིན་པ་དེར་ངོས་ཀྱི་བསྔགས་བརྗོད་ཡོད། ཅེས་དང་།ཡང་འཛམ་གླིང་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གཏོང་དགོས་ན་ཁ་ནས་སྨོན་ལམ་བརྒྱབ་པ་ཙམ་གྱིས་འགྱུར་བ་ཡོང་རྒྱུ་ཧ་ཅང་ཁག་པོ་ཡིན་པས་ལག་ལེན་གྱི་ཐོག་ནས་འགྱུར་བ་གཏོང་རྒྱུ་ལས་ཐབས་གཞན་མེད།ང་ཚོས་ལོ་ངོ་བརྒྱ་ཕྲག་རིང་ནས་སྨོན་ལམ་བརྒྱབ་ནས་བསྡད་པ་རེད།དེས་ཕན་འབྲས་དེ་ཙམ་བྱུང་མེད།ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་མཚུངས་ཡིན་བསམ་པའི་འདུ་ཤེས་ཐོག་ནས་འགོ་འཛུགས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།འོན་ཀྱང་ང་ཚོས་འགྲོ་བ་མིའི་རིགས་གཅིག་མཚུངས་ཀྱི་འདུ་ཤེས་དེར་དོ་སྣང་དེ་ཙམ་མ་སྤྲད་པར་རིགས་རུས་དང་རྒྱལ་ཁབ།ཆོས་ལུགས།དེ་བཞིན་དབུལ་ཕྱུག་སོགས་སྤྱི་ཚོགས་ཀྱི་གནས་སྟངས་ཕྲན་བུ་མི་འདྲ་བ་ཡོད་པ་དེ་དག་གཙོར་བཟུང་བྱས་ནས་ང་དང་ཁྱོད།ང་ཚོ་དང་ཁོ་ཚོ།ཞེས་རྙོག་གྲ་ཚང་མ་དེ་ནས་ཡོང་བཞིན་ཡོད།ཅེས་སོགས་བཀའ་སློབ་སྩལ། 

 

 ཚེས་༢༩ཉིན་གྱི་སྔ་དྲོ་༸གོང་ས་མཆོག་གིས་ལ་དྭགས་དཔེ་ཐུབ་དགོན་པའི་དཔལ་མགོན་འཕགས་པ་གནས་བརྟན་བ་ཀུ་ལ་སློབ་གཉེར་ཁང་གི་སྡོད་ཁང་དུ་ཕར་ཕྱིན་དབྱར་ཆོས་ཆེན་མོ་དབུ་འབྱེད་མཛད་པ་དང་སྦྲགས།དཔེ་ཐུབ་དགོན་པའི་དབུ་བླ་བ་ཀུ་ལ་ཆུང་སྲིད་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས།དེ་རྗེས་ལ་དྭགས་མཚན་ཉིད་སློབ་གྲྭའི་དབུ་འཛིན་དགེ་བཤེས་དཀོན་མཆོག་དབང་འདུས་ལགས་ཀྱིས་ཐེངས་འདིའི་ཕར་ཕྱིན་དབྱར་ཆོས་ཆེན་མོ་ནི་དེང་སྐབས་ནང་ཆོས་ཐོག་སློབ་གཉེར་བྱེད་རྒྱུ་དང་།ལ་དྭགས་ནང་ཡོད་པའི་ཆོས་ལུགས་རྣམས་རིས་མེད་མཐུན་སྒྲིལ་གཅིག་ཏུ་གནས་ཕྱིར་བསྔོ་བ་ཞིག་ཡིན།དེ་བཞིན་མཚན་ཉིད་རྩོད་རྒྱུ་དེ་རྣམ་དཔྱོད་ཀྱི་བློ་གྲོས་རྒྱས་ཐབས་ཆེད་ཡིན།  ༸གོང་ས་ཡིད་བཞིན་ནོར་བུ་མཆོག་གིས་ནང་པ་སངས་རྒྱས་པའི་ཆོས་ཞེས་པའི་གོ་དོན་གང་ཡིན་པ་དང་།ཆོས་ཀྱི་དོན་རྟོགས་ཐབས།ནང་པ་སངས་རྒྱས་པའི་ཆོས་དེ་བཞིན་དེང་གི་དུས་ལ་དགོས་མཁོ་གང་འདྲ་ཡོད་པ་དང་།ཉམས་ལེན་ཇི་ལྟར་བྱ་དགོས་པ་བཅས་ཀྱི་ཐོག་ལ་ཐུགས་རེ་དང་ཐུགས་བརྩོན་ཧ་ཅང་མཛད་ཡོད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་ལམ་སྟོན་ཉག་གཅིག་ལ་བརྟེན་ནས་དེང་སྐབས་ནང་ཆོས་སློབ་གཉེར་བྱེད་རྒྱུར་དོ་སྣང་གསར་པ་ཞིག་འགོ་འཛུགས་བཞིན་ཡོད།ཅེས་སོགས་ཐེངས་འདིའི་ཕར་ཕྱིན་དབྱར་ཆོས་ཆེན་མོའི་སྐོར་སྙན་སྒྲོན་ཞུས་པ་དང་། 

 

དེ་རྗེས་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་ཡོངས་འཛིན་དགེ་བཤེས་ཐུབ་བསྟན་རབ་རྒྱས་ལགས་ཀྱིས་ཕར་ཕྱིན་དབྱར་ཆོས་ཆེན་མོ་དེ་བཞིན་ན་ནིང་ལོར་ཀླུ་འཁྱིལ་དགོན་པར་ཚོགས་པ་དེས་དཔེ་སྟོན་ཡག་པོ་ཞིག་ཆགས་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་རྗེས།དཔེ་ཐུབ་དགོན་པའི་དགེ་བཙུན་རྣམས་ཀྱིས་བ་ཀུ་ལ་ཆུང་སྲིད་རིན་པོ་ཆེ་དང་ལྷན་དུ་རྟགས་གསལ་འགོ་འཛུགས་གནང་བ་དང་།རྟགས་གསལ་གྱི་ཐོག་མར་ཆོས་རྣམས་རང་བཞིན་གྱི་གྲུབ་པ་ཡོད་མེད་སྐོར་རྩོད་པ་དང་།  དེ་བཞིན་ཕྱོགས་མཐའ་ཁག་གི་སློབ་ཕྲུག་ཕོ་མོ་ཚོས་ཀྱང་བདེན་བཞིའི་རྣམ་གཞག་སྐོར་རྟགས་གསལ་བཏང་སྟེ་༸གོང་ས་མཆོག་ལ་སྤྱན་བསྟར་ཞུས།

 

དབྱར་ཆོས་དབུ་འཛུགས་ཀྱི་རྟགས་གསལ་གྲུབ་མཚམས་ཇ་མུ་ཀ་ཤི་མིར་མངའ་སྡེའི་བློན་ཆེན་ཚེ་རིང་རྡོ་རྗེ་ལགས་ཀྱིས་༸གོང་ས་ཡིད་བཞིན་ནོར་བུ་མཆོག་གི་ཐུགས་རྗེའི་ལམ་སྟོན་ཁོ་ནར་བརྟེན་ནས་ལ་དྭགས་ཀྱི་དགོན་པ་ཁག་གི་ནང་དེང་སྐབས་ནང་ཆོས་དང་མཚན་ཉིད་ཀྱི་སློབ་སྦྱོང་ངོ་སྤྲོད་ཧ་ཅང་ཡག་པོ་བྱུང་ཡོད་པའི་སྐོར་གསུང་བཤད་གནང་བ་དང་། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་གཙོ་འཛིན་རིག་འཛིན་དཔལ་འབར་ལགས་ཀྱིས་ཀྱང་དེང་གི་འཆར་ལ་དྭགས་ཁུལ་གྱི་གཞོན་སྐྱེས་ཁག་གཅིག་རང་གི་རིག་གཞུང་དེ་གང་འདྲ་ཡིན་ནམ་སྙམ་པའི་ཐེ་ཚོམ་དང་དོ་སྣང་བྱེད་བཞིན་ཡོད།སྔ་མོ་ཡིན་ན་ཕ་མ་ཚོས་རང་གི་བུ་ཕྲུག་རྣམས་ལ་རིག་གཞུང་སྐོར་ངོ་སྤྲོད་བྱེད་ཀྱི་ཡོད།འོན་ཀྱང་བར་སྐབས་ཤིག་ནས་ཕ་མ་ཚོས་སོ་སོའི་བུ་ཕྲུག་ལ་གོམས་གཤིས་སོགས་ངོ་སྤྲོད་བྱ་རྒྱུ་ལྟ་ཅི།ཕ་མ་རང་ཉིད་ཀྱིས་རིག་གཞུང་ཐོག་དོ་སྣང་དེ་ཙམ་བྱེད་ཀྱི་མེད།འོན་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་ལམ་སྟོན་ཉག་ཅིག་ལ་བརྟེན་ནས་ལ་དྭགས་སུ་ནང་ཆོས་སློབ་གཉེར་བྱ་རྒྱུ་དང་།རང་གི་རིག་གཞུང་ཐོག་དོ་སྣང་དང་རིན་ཐང་ཡོད་པ་རྟོགས་ཐུབ་པ་བྱུང་ཡོད།ཅེས་སོགས་ཀྱི་གསུང་བཤད་གནང་། 

 

དེ་རྗེས་དགའ་ལྡན་ཁྲི་པ་རི་རྫོང་རིན་པོ་ཆེ་མཆོག་གིས། དེང་སྐབས་སྤྱི་ཚོགས་ཀྱི་གནས་སྟངས་ཀྱི་ཤུགས་རྐྱེན་འོག་གཞོན་སྐྱེས་ཚོས་དགོན་པ་དང་ལྷ་ཁང་སོགས་ཕྱག་མཆོད་འབུལ་བྱེད་སའི་བསྟི་གནས་ཁང་ཁག་ལ་དེ་ཙམ་དོ་སྣང་བྱེད་ཀྱི་མེད།དེར་བརྟེན་ལ་དྭགས་ཁུལ་དུ་ནང་པ་སངས་རྒྱས་པའི་རིག་གཞུང་སླར་གསོའི་ཐོག་དོ་སྣང་དེ་ཙམ་བྱེད་ཀྱི་མེད།འོན་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་དེང་སྐབས་ནང་པ་སངས་རྒྱས་པའི་ཆོས་ཚུལ་གང་འདྲ་ཡིན་པ་དང་།ནང་ཆོས་ཐོག་སློབ་གཉེར་བྱ་རྒྱུར་དོ་སྣང་སླར་གསོ་ཐུབ་པ་བྱུང་ཡོད།ནང་ཆོས་དང་འབྲེལ་བའི་རིག་གཞུང་དེ་དག་རྒྱུ་མཚན་ལ་གཞི་བཅོལ་བ་ལས་རྨོངས་དད་ཙམ་མིན།རྟེན་ཅིང་འབྲེལ་བར་འབྱུང་བའི་རྣམ་གཞག་སྐོར་གཏིང་ཟབ་མོ་གསུང་མཁན་ནང་ཆོས་ཁོ་ན་ཆགས་ཡོད།ཅེས་སོགས་གསུང་བཤད་གནང་།

 

དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།ལ་དྭགས་ཀྱི་ལྗོངས་འདིར་དེ་སྔ་བྱུང་དཀོན་པའི་གནས་ཚུལ་ཞིག་ནི་དེང་སྐབས་རང་སྲོག་བཅད་མཁན་མང་པོ་ཡོང་གི་ཡོད་པའི་གནས་ཚུལ་དེ་རེད། དེས་ཅི་ཞིག་སྟོན་གྱི་ཡོད་དམ་ཞེ་ན། མིའི་བསམ་བློའི་ནང་མ་སྐྱིད་པ་ཞིག་ཡོད་པ་གསལ་པོར་མཚོན་ནུས།འཛམ་གླིང་ནང་གི་རྙོག་གྲ་མང་པོ་ཞིག་མིས་བཟོས་པ་རེད།དཀའ་ངལ་དེ་དག་ང་ཚོས་སྨོན་ལམ་བརྒྱབ་ནས་སེལ་རྒྱུ་རེད་དམ། དཀའ་ངལ་ལས་ཐར་ཐབས་ངོ་མ་དེ་ང་རང་ཚོ་སོ་སོའི་རྒྱུད་ལ་ཡོད་པ་ཤེས་དགོས། འདིར་འཛོམས་པའི་ལོ་ན་བགྲེས་པ་ཚོ་དུས་རབས་ཉི་ཤུ་པར་དབང་བའི་མི་རབས་ཤིག་ཆགས་ཡོད། དུས་ཚོད་དེ་དམག་འཁྲུག་གི་དུས་རབས་ཤིག་ཆགས་ཡོད། ད་ཆ་དུས་རབས་ཉི་ཤུ་རྩ་གཅིག་པ་འདི་ཇི་འདྲ་འབྱུང་མིན་ད་ལྟའི་གཞོན་སྐྱེས་ཚོར་རག་ལས་ཡོད། གཞོན་སྐྱེས་ཁྱེད་རང་ཚོས་འབད་བརྩོན་བྱས་ཏེ་དུས་རབས་འདི་བདེ་སྐྱིད་ལྡན་པ་ཞིག་གམ། ཡང་ན། འདོད་རྔམས་དང་ཁོང་ཁྲོ་ཅན་གྱི་དུས་རབས་དཀའ་རྙོག་ཅན་གང་འདྲ་ཞིག་ཏུ་བཟོ་བ་ནི། ཡོད་ཚད་གཞོན་སྐྱེས་ཚོའི་བྱེད་ཕྱོགས་ལ་རག་ལུས་ཡོད། རྒྱ་གར་ཨིན་ཇིའི་བཙན་འོག་ཏུ་ཡོད་སྐབས་ཨིན་ཇིས་ཤེས་ཡོན་གྱི་རིན་ཐང་ལ་བརྩི་འཇོག་བྱས་ཏེ་བཟང་ཕྱོགས་ཀྱི་བྱེད་ཕྱོགས་ཤིག་ལག་བསྟར་བྱས་ཡོད།དེ་དེང་སྐབས་ང་ཚོས་བདག་གཅེས་བྱ་དགོས་པ་རེད།ཡིན་ནའང་།དེང་དུས་ཀྱི་ཤེས་ཡོན་རིན་ཐང་དང་ལྷན་དུ་ནང་སེམས་ཀྱི་བཟང་པོའི་ཡོན་ཏན་ཟུང་འབྲེལ་ཐོག་གཅེས་སྐྱོང་དང་དོན་གཉེར་བྱ་དགོས།རྟགས་གསལ་གཏོང་རྒྱུའི་ལམ་སྲོལ་ནང་རང་རྒྱལ་གཞན་ཕམ་གྱི་བསམ་བློ་མིན་པར་ཕྱོགས་གཉིས་ཀར་རྒྱལ་ཁ་ཐོབ་པ་ཞིག་ཡོང་རྒྱུའི་བསམ་བློ་བཏང་བ་ཡིན་ན།རྟགས་གསལ་དེ་དོན་སྙིང་ལྡན་པ་ཞིག་ཡོང་རྒྱུ་རེད།ཅེས་དང་། གང་ལྟར་རིགས་ལམ་གྱི་ཐོག་ནས་སློབ་སྦྱོང་བྱ་རྒྱུ་དེ་ང་ཚོས་རིམ་བཞིན་ཡར་རྒྱས་གཏོང་དགོས།ཐོག་མར་སློབ་ཚན་འདེམས་བསྒྲུག་བྱས་ནས་འགྲོ་རྒྱུ་དང་དེ་ནས་རིམ་བཞིན་ཤེར་ཕྱིན་གྱི་གཞུང་སོགས་ལ་སློབ་སྦྱོང་བྱེད་ཐུབ་པ་དགོས།ཞེས་བཀའ་སློབ་སྩལ་ཏེ་ཕར་ཕྱིན་དབྱར་ཆོས་ཆེན་མོའི་མཛད་སྒོ་ལེགས་པར་གྲུབ་པ་དང་། 

 

དེ་རྗེས་ལ་དྭགས་ཀྱི་གྲོང་ཁྱེར་གླེ་ཡི་ཉེ་འཁྲིས་སུ་ཡོད་པའི་ལ་དྭགས་སིན་དི་སན་ཀིར་ཏི་ Ladakh Sindh Sanskrit ཚོགས་ཁང་ཆེན་མོའི་ནང་ཆིབས་སྒྱུར་བསྐྱངས་ཏེ་གནད་ཡོད་མི་སྣ་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ།  དེ་ཡང་༧གོང་ས་མཆོག་གིས་ངོས་རང་ལོ་རྒན་བརྒྱད་ཅུར་བསླེབས་ཡོད།ཡིན་ནའང།ས་ཆ་གང་དུ་ཕྱིན་ཡང་སློབ་སྦྱོང་བྱེད་བཞིན་ཡོད།ངོས་ཀྱི་ནང་པ་ཚོར་དེ་ལྟར་ཤོད་ཀྱི་ཡོད།གལ་སྲིད་ཁྱེད་རང་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་ཞིག་བྱེད་འདོད་ན།ངག་ནས་སངས་རྒྱས་དང་།ཆོས་དང་།དགེ་འདུན་བཅས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།།ཞེས་བཏོན་པ་ལས་ལྷག་པའི་སངས་རྒྱས་པའི་ཆོས་ཟེར་ན་གང་ཡིན་པ་ངོ་འཕྲོད་པ་ཞིག་དགོས་པ་དེ་གལ་ཆེ་བ་རེད།ན་ནིང་ལོར་ལྡི་ལིར་རྒྱལ་སྤྱི་ཧིན་རྡུ་ལྷན་ཚོགས་ཀྱི་ཚོགས་འདུར་ངོས་ཀྱིས།དེང་དུས་སྤྱི་ཚོགས་ཡར་རྒྱས་དང་ལྷན་སྲོལ་རྒྱུན་ཡ་རབས་ཀྱི་རིན་ཐང་གཉིས་ཟུང་འབྲེལ་ཐོག་འགྲོ་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་བཤད་པ་ཡིན།ངོས་རང་ལ་དྭགས་སུ་ཐོག་མར་ཕྱི་ལོ་༡༩༦༦ལོར་བསླེབས་པ་རེད།དེ་ནས་བཟུང་སྟེ་ད་བར་ཕྱིའི་འཛུགས་བསྐྲུན་དང་ནང་གི་ཤེས་ཡོན་སོགས་ཀྱི་ཐོག་ཡར་རྒྱས་ཤུགས་ཆེ་ཕྱིན་འདུགད་དུང་ལོ་བཅུའི་རིང་མུ་མཐུད་ངོས་རང་ལ་དྭགས་སུ་བསླེབ་ཐུབ་རྒྱུའི་རེ་བ་ཡོད།ངོས་རང་ལོ་དགུ་ཅུའི་སྐབས་ལ་དྭགས་སུ་སླེབ་ཐུབ་མིན་ངོས་ཀྱི་བཤད་མི་ཤེས།ཅེས་སོགས་བཀའ་སློབ་སྩལ།

 

དེ་རྗེས་རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་གི་གསར་འགོད་པའི་དྲི་བར་བཀའ་ལན་སྩལ་ཡོད་པ་དང་། དེ་ཡང་གསར་འགོད་པས་ཉེ་ལམ་འདས་གྲོངས་སུ་གྱུར་བའི་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨབ་དུལ་ཀ་ལམ་མཆོག་གི་སྐོར་དགོངས་ཚུལ་ཇི་ཡོད་ཅེས་བཀའ་འདྲི་ཞུས་པར་བཀའ་ལན་སྩལ་དོན།དམ་པ་ཁོང་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོས་སྐབས་ངོས་རང་ཧ་ཅང་བློ་ཕམ་བྱུང་།ཁོང་ནི་མི་བཟང་པོ་ཞིག་དང་།གང་ཟག་དམིགས་བསལ་བ་ཞིག་ཡིན།ཁོང་གི་ཡོན་ཏན་དང་།མི་བཟང་པོ་ཡིན་པ་དེར་ངོས་ཀྱིས་བསྔགས་བརྗོད་ཞུ་གིན་ཡོད།དམ་པ་ཁོང་ཆོས་ལུགས་ཁ་ཆེ་ཡིན་པ་དང་།སྙན་གྲགས་ཅན་གྱི་ཚན་རིག་པ།དེ་བཞིན་རྒྱལ་ཁབ་ཀྱི་སྲིད་འཛིན་སྙན་གྲགས་ཅན་ཞིག་ཆགས་ཡོད།ལྷག་པར་ཁོང་གི་རང་གཤིས་བཟང་པོ་དེར་འགྱུར་བ་མེད་པ་མ་ཟད།དམ་པ་ཁོང་ནང་ཆོས་ནས་གསུངས་པའི་བྱམས་བརྩེའི་ཉམས་ལེན་སྐོར་ལ་ཐུགས་སྣང་ཆེན་པོ་གནང་མཁན་ཞིག་ཡིན།ཁོང་ནི་ངོས་རང་མ་འཆི་བར་དུ་བརྗེད་ཐབས་མེད་པའི་གྲོགས་པོ་ཞིག་ཡིན།ད་ལམ་ངོས་ནས་དམ་པ་ཁོང་གི་ཤུལ་ལུས་ནང་མིར་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད།ངོས་ཀྱི་གོ་ཐོས་ལྟར་ན།དམ་པ་ཁོང་ལ་དགུང་ལོ་དགུ་བཅུ་གོ་དགུར་ཕེབས་པའི་གཅེན་པོ་ཞིག་ཡོད་པ་ཐོས་བྱུང་།རེ་བར་ངོས་རང་ཡང་ཁོང་དང་འདྲ་བར་ལོ་དགུ་བཅུ་བར་འཚོ་གནས་ཐུབ་རྒྱུའི་རེ་བ་ཡོད།ཅེས་བཀའ་ལན་སྩལ།

 

 ཚེས་༣༠ཉིན་གྱི་སྔ་དྲོ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་།བ་ཀུ་ལ་ཆུང་སྲིད་རིན་པོ་ཆེ་མཆོགཁྲིག་སེ་རིན་པོ་ཆེ་མཆོག་བཅས་ཀྱིས་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་ལ་དྭགས་རྒྱལ་ས་གླེའི་ཕོ་བྲང་ཞི་བའི་ཚལ་གྱི་གསུང་ཆོས་ར་བར་༸ཞབས་སོར་འཁོད་བསྟུན།དད་ལྡན་མང་ཚོགས་༥༠༠༠༠བརྒལ་བས་༸གོང་ས་མཆོག་དགུང་གྲངས་༨༠ཕེབས་པའི་༸སྐུའི་གྱ་སྟོན་སྲུང་བརྩི་ཞུས་པ་དང་། སྐབས་དེར་༧གོང་ས་མཆོག་གིས་དད་ལྡན་སེར་སྐྱ་མང་ཚོགས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་ཚེ་དབང་སྩལ་རྗེས་༧གོང་ས་མཆོག་སྐུ་ཚེ་ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་ཆེད་བརྟན་བཞུགས་བསྟར་འབུལ་ཡང་ཞུས་རྗེས་༸གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་སྩལ།  

 

དེ་ཡང་༧གོང་ས་མཆོག་གིས་བཀའ་སྩལ་དོན། དེ་རིང་འདིར་ང་ཚོ་སྤྲོ་སྐྱིད་གཏོང་བར་ཡོང་བ་ཞིག་མ་རེད།འོན་ཀྱང་ང་རང་ཚོས་སེམས་བག་ཕེབས་གང་འདྲ་ཞིག་བྱེད་དགོས་པ་དང་།སེམས་ཀྱི་བདེ་སྐྱིད་ཇི་ལྟར་སྐྲུན་ཐུབ་ཆེད་འདིར་འཛོམས་པ་ཞིག་ཡིན།འཛམ་གླིང་ནང་ད་ལྟ་འཚོ་གནས་བྱེད་བཞིན་པའི་འགྲོ་བ་མི་དུང་ཕྱུར་བདུན་ཅུ་ཡོད་པ་ཚང་མས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་མ་ཟད།  ང་ཚོ་ཚང་མར་མིའི་ཀླད་པ་ཡོད་པ་གཅིག་མཚུངས་ཡིན།ང་ཚོའི་ཀླད་པའི་རྒྱབ་ངོས་སུ་མྱོང་ཚོར་ཤེས་མཁན་གྱི་དབང་རྩ་ཡོད།ཉེ་ལམ་ཚན་རིག་པ་ཁག་གཅིག་གིས་ཀླད་རྫས་ལ་འཕེལ་རྒྱས་གཏོང་རྒྱུ་ཡོད་པ་གསར་རྙེད་བྱུང་འདུག  བྱས་ཙང་ང་ཚོས་གང་བྱེད་ཀྱི་ཡོད་པ་དེའི་ཐོག་གཟབ་གཟབ་བྱས་ཏེ་བསམ་བློ་གཏོང་དགོས།མིའི་རིགས་ལ་ལེགས་ཉེས་དབྱེ་འབྱེད་ནུས་པའི་རྣམ་དཔྱོད་དམིགས་བསལ་བ་ཞིག་ཡོད།ང་ཚོར་རྣམ་དཔྱོད་དམིགས་བསལ་ཡོད་པ་དེ་ལ་བརྟེན་ནས་འཛམ་གླིང་ནང་གི་ཕྱི་དངོས་པོའི་ཡར་རྒྱས་དེ་དག་མིས་བསྐྲུན་པ་ཞིག་ལས་སེམས་ཅན་གཞན་གྱིས་དེ་དག་བསྐྲུན་མི་ཐུབ།  ཕྱི་དངོས་པོའི་ཡར་རྒྱས་དང་དེང་དུས་ཀྱི་འཕྲུལ་ཆས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་མི་རྣམས་འཕྲོད་བསྟེན་ལེགས་པ་དང་།    རྒྱུན་རིང་འཚོ་གནས་ཐུབ་པ་བཅས་ཀྱིས་ང་ཚོའི་ལུས་པོ་བདེ་ཐང་ཡོང་གི་ཡོད།འོན་ཀྱང་།རང་ཉིད་ལ་དྲི་བ་ཞིག་གཏོང་དགོས་པ་ནི།ཕྱི་དངོས་པོའི་ཡར་རྒྱས་གཅིག་པུས་གཏན་གྱི་བདེ་སྐྱིད་བསྐྲུན་ཐུབ་བམ།   ཚད་མཐོ་བའི་ཡར་ཐོན་རྒྱལ་ཁབ་གྱི་མི་རྣམས་བདེ་སྐྱིད་ངོ་མར་སྤྱོད་ཐུབ་བམ།  འོན་ཀྱང་དེ་འདྲ་མེད།ང་ཚོ་མི་ལ་འདས་མ་འོངས་ཐོག་བསམ་བློ་གཏོང་རྒྱུའི་ནུས་པ་ཡོད།ཅེས་དང་། 

 

གཞན་ཡང་། འཛམ་གླིང་ནང་དེང་སྐབས་ཕྱི་དངོས་པོའི་ཡར་རྒྱས་ཚད་མཐོར་བསླེབས་ཡོད་ཀྱང་ད་དུང་དབུལ་ཕྱུག་གི་བར་ཁྱད་ཧ་ཅང་ཆེན་པོ་ཡོད།དེ་ནི་ང་ཚོའི་བསམ་བློ་གཏོང་སྟངས་དང་བྱེད་ཕྱོགས་གཉིས་ཀ་ནོར་བ་ལས་བྱུང་ཞིང་།སྤྱི་ཚོགས་ནང་བྱམས་བརྩེའི་བསམ་བློ་མ་འདང་པའི་དབང་གིས་ཡིན།དེ་ནི་ནོར་འཁྲུལ་རེད།ཆགས་སྡང་སོགས་ཉོན་མོངས་པའི་བློ་མ་རུང་པ་དེ་དག་གིས་ང་ཚོའི་ལུས་ལ་ནད་སྔོན་འགོག་བྱ་རྒྱུའི་ནུས་པ་ (Immune System) ཉམས་རྒུད་གཏོང་བཞིན་ཡོད།བྱམས་བརྩེ་དང་གཞན་ཕན་གྱི་བསམ་བློ་ཇི་ཙམ་ཡོད་པ་དེའི་ཚོད་ཀྱིས་ལུས་པོའི་འཕྲོད་བསྟེན་ཡང་བཟང་བ་ཡོོང་གི་ཡོད་སྐོར་ཚན་རིག་པས་བརྟག་དཔྱད་ཀྱི་ལམ་ནས་ར་སྤྲོད་བྱས་ཡོད། ཅེས་སོགས་བཀའ་གནང་བ་དང་།    ད་རེས་བོད་པ་ཚོ་ཟུར་དུ་ཐུགས་རྒྱུའི་གོ་སྐབས་བྱུང་མེད།  དགོངས་དག་ཞུ་རྒྱུ་ཡིན།  ངོས་རང་འདིར་ཁྱུག་ཙམ་ལས་སྡོད་ལོང་མེད།  གཞི་རྩའི་ངོས་ཀྱིས་ཕྱི་ལོ་༢༠༡༡ནས་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་རྒྱུ་མཚམས་འཇོག་བྱས་ནས་རྒན་ཡོལ་གཙང་མ་ཞུས་ཟིན་པ་ཡིན།དེ་ནི་ངོས་རང་བོད་དོན་ཐོག་སེམས་ཤུགས་ཆག་པ་དེ་འདྲ་རྩ་ནས་མ་རེད།བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་ངོས་ལ་ཡིད་ཆེས་བློ་གཏད་བྱས་ནས་རེ་བ་ཞིག་རྒྱག་བཞིན་ཡོད་པ་དེ་ངོས་ཀྱིས་བློས་གཏོང་བྱེད་ཀྱི་མ་རེད།བོད་ཀྱི་སྐད་ཡིག་གསོན་གནས་རྒྱུན་སྐྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།ནང་ཆོས་ལ་སློབ་གཉེར་མཐིལ་ཕྱིན་པ་ཞིག་བྱ་དགོས་ན་བོད་ཡིག་ནང་ཆ་ཚང་ཤོས་དང་།སྤུས་དག་ཤོས་ཆགས་ཡོད།  རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིན་གྱིས་སྐབས་ཤིག་ལ་དེང་སྐབས་རྒྱ་ནག་ནང་དུ་ནང་པ་ཇེ་མང་དུ་འགྲོ་བཞིན་ཡོད་པ་བརྗོད་ཡོད།དེར་བརྟེན་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་བྱ་རྒྱུ་དེ་བས་གལ་ཆེ་བ་ཆགས་ཡོད།ཅེས་དང་། ཡང་། ཆང་རག་འཐུང་རྒྱུ་དེ་རང་གཞན་གཉིས་ཕུང་ཞིག་མ་གཏོགས་ཕན་ཐོགས་གང་ཡང་མེད།ཅེས་དང་།དེ་བཞིན་༸གོང་ས་མཆོག་གིས་ལ་དྭགས་མང་ཚོགས་ལ་བཀའ་སློབ་སྩལ་དོན།ཁྱེད་རང་ཚོས་ཤེས་ཡོན་ཐོག་ཡར་རྒྱས་ཀྱི་གོམས་པ་མདུན་སྤོས་བྱེད་བཞིན་པ་ལྟར།ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་ཤེས་ཡོན་ཐོག་འབད་བརྩོན་བྱ་དགོས་པ་ཡིན་ཞེས་བཀའ་སློབ་སྩལ་རྗེས་བླ་ཆེན་ཁག་དང་།གནད་ཡོད་མི་སྣ་དང་ལྷན་ཉིན་དགུང་ལྗགས་སྨིན་གནང་བ་དང་། ཚེས་ ༣༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་ཐོན་གནང་བ་དང་། ཚེས་༢ ཉིན་བཞུགས་སྒར་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་༧ཞབས་སོར་བདེ་བར་འཁོད་ཡོད་པ་བཅས།། །།