༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་ཁོང་གི་སྐུ་ཚེའི་ནང་གཡོལ་ཐབས་མེད་པའི་འགན་ཁུར་གསུམ་མམ་ལྷག་བསམ་སེམས་སྐྱེད་གསུམ་ཡོད་པར་བཞེད་དེ།

དང་པོ། ཁོང་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དེ་ཡིན་ཞིང༌། དེ་ནི་མི་སྒེར་དང༌། ཁྱིམ་ཚང༌། སྤྱི་ཚོགས་བཅས་སུ་བདེ་སྐྱེད་འབྱུང་བའི་གཞི་རྩ་ཡིན་པར་བཞེད།

གཉིས་པ། ཁོང་ཉིད་ཆོས་པ་ཞིག་ཡིན་པའི་ཆ་ནས། ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་དེ་ཡིན་ཞིང༌། ཆོས་ལུགས་འདྲ་མིན་ལ་ལྟ་བ་དང་གྲུབ་མཐའ་འདྲ་མིན་ཡོད་ཀྱང༌། བྱམས་པ་དང༌། བརྩེ་བ། བཟོད་སྒོམ། ཆོག་ཤེས། ཚུལ་ཁྲིམས་བཅས་ཀྱི་བསླབ་བྱ་ཉམས་སུ་ལེན་པར་ཆོས་ལུགས་ཚང་མ་གཅིག་མཚུངས་ཡིན་པ་མ་ཟད། མི་ཚེ་བདེ་སྐྱེད་ཀྱི་ལམ་དུ་འཁྲིད་པའི་ནུས་པའང་གཅིག་མཚུངས་ཡིན་པར་བཞེད།

གསུམ་པ། ཁོང་ཉིད་བོད་མི་ཞིག་ཡིན་པ་དང་ཏཱ་ལའི་བླ་མའི་མཚན་གནས་ཡོད་པ། ལྷག་པར་དུ་བོད་ཕྱི་ནང་དུ་ཡོད་པའི་བོད་མི་སེར་སྐྱ་ཡོངས་ཀྱིས་ཡིད་ཆེས་བློ་གཏད་ཆེན་པོ་བྱེད་བཞིན་ཡོད་པའི་ཆ་ནས། བོད་ཀྱི་རྩ་དོན་ལ་ཐུགས་ཁུར་དང༌། བཙན་འོག་ལ་གནས་པའི་བོད་མི་ཚོའི་རང་དབང་གི་མགྲིན་ཚབ་པ་ཞིག་གནང་རྒྱུ་དེའང་ཁོང་གི་འགན་ཁུར་ཡིན་པར་བཞེད༎