ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བར་གསུང་ཆོས་དབུ་འཛུགས།

མདུན་ངོས། / ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བར་གསུང་ཆོས་དབུ་འཛུགས།

༄༅།།ཕྱི་ལོ་༢༠༡༥ཟླ་ ༩ ཚེས་༧ནས་༡༠བར་ཨིན་ཌོ་ནེ་ཤི་ཡ་དང་ཀོ་རི་ཡ།མ་ལེ་ཤི་ཡ།  སིངྒ་པུར།  ཐའེ་ལན་ཌི།  ཝི་དི་ནམ་བཅས་ལྷོ་ཤར་ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་དཔོན་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་པའིི་སྤྱོད་པ་ལ་འཇུག་པའི་ལེའུ་༡༠པ་དང་།  སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ།   དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་༡དང་།  རྒྱས་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ་བཅས་ཉིན་གྲངས་བཞིའི་རིང་གི་གསུང་ཆོས་དབུ་འཛུགས་མཛད་ཡོད་པ་རེད། 

 

དེ་ཡང་ཞོགས་པ་ཆུ་ཚོད་བརྒྱད་པ་ལ་བཞུགས་སྒར་ཕོ་བྲང་ནས་གདན་ཞུས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ལ་ཆིབས་བསྒྱུར་བསྐྱངས་པ་དང་། བཞུགས་ཁྲིར་༧ཞབ་སོར་འཁོད་འཚམས་པ་ལིའི་ཆོས་བརྒྱུད་ཀྱི་ནང་པའི་དགེ་སློང་བཞི་སྡེ་ཡིས་བཀྲ་ཤིས་པའི་མདོ་གསུང་འདོན་གནང་བ་དང་། དེ་ནས་ཝེ་དི་ནམ་གྱི་དགེ་སློང་བཞི་སྡེ་ཡིས་ཝི་ཏི་ནམ་གྱི་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་།  དེ་རྗེས་སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན་ཞེས་སོགས་བོད་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་གྲུབ་རྗེས།  སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྔོན་འགྲོའི་གསུང་བཤད་གནང་དོན། དེ་རིང་འདིར་ཡུལ་ལུང་ཁག་ཤས་ནས་ཕེབས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ངམ་སངས་རྒྱས་པའི་ཆོས་གྲོགས་ཚང་མར་ཞུ་རྒྱུར། ཁྱོད་ཚོ་དོན་གཉེར་ཆེན་པོ་བྱས་ཏེ་ཕེབས་པ་རེད། ཚང་མར་དགའ་བསུ་ཞུ་ཡི་ཡོད། ནམ་རྒྱུན་ཀོ་རུ་ཡ་དང་ཝི་དི་ནམ། ལྷོ་ཤར་ཨེ་ཤ་ཡའི་ཡུལ་གྲུ་གཞན་དག་ནས་ཕེབས་པ་ཚོ་ལ་སོ་སོར་ཉིན་གཉིས་གསུམ་རིང་ཆོས་འབྲེལ་བྱེད་ཀྱི་ཡོད་པ་རེད། ཐེངས་འདིར་ཡུལ་ལུང་སོ་སོར་ཉིན་གཉིས་གསུམ་རིང་གི་ཆོས་འབྲེལ་ཏེ་ཚང་མ་སྟབས་བདེ་བོ་བྱུང་ན་དཀྱུས་གཅིག་ཏུ་ཉིན་བཞིའི་རིང་ཆོས་འབྲེལ་བྱས་ན་ག་འདྲ་འདུག་ཅེས་ངོས་ཀྱིས་རེ་འདུན་བྱས་པར་ཁྱོད་རང་ཚོས་ཀྱང་འགྲིག་གི་འདུག་ཅེས་དེ་རིང་འདིར་ཚང་མ་ལྷན་དུ་འཛོམས་ཏེ་ཆོས་འབྲེལ་བྱ་རྒྱུ་བྱུང་བ་རེད། ཁྱོད་ཚོ་ཚང་མས་མཉམ་དུ་ཆོས་འབྲེལ་བྱེད་རྒྱུར་མོས་མཐུན་གནང་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། 

 

སྟོན་པ་བཅོམ་ལྡན་འདས་རང་ཉིད་ཀྱང་དགུང་ལོ་བརྒྱད་ཅུ་གྱ་གྲངས་ཤིག་ལ་བཞུགས་པ་རེད། ངོས་རང་བརྒྱད་ཅུ་ཐམ་པ་ལོན་བསྡད་ཡོད། ད་བླ་རྒན་ཆགས་ཡོང་གི་ཡོད་པ་རེད། ཧ་ཅང་བྲེལ་བ་འཚུབ་འཚུབ་བྱས་པ་ཡིན་ན་དཀའ་ངལ་ཅུང་ཙམ་འཕྲད་ཡོང་གི་འདུག དེར་བརྟེན་ཁྱོད་ཚོར་མཉམ་དུ་ཆོས་འབྲེལ་བྱེད་རྒྱུ་དང་།   ཐེངས་འདིར་ངོས་ཀྱིས་ཉིན་རེར་ཆུ་ཚོད་ ༨ ནས་ ༡༡།༣༠ བར་ཆུ་ཚོད་གསུམ་དང་ཕྱེད་ཀ་ཙམ་འགྲེལ་བཤད་རྒྱག་རྒྱུ་ཡིན། ཕྱི་དྲོ་དོན་གཉེར་ཡོད་མཁན་དང་དུས་ཚོད་ཡོད་མཁན་ཚོས་ས་ཆ་ཁག་ཆ་བགོས་བྱས་ཏེ་ནང་སྦྱོང་འཛིན་གྲྭ་ལྟ་བུ་འཚོགས་ཏེ་བླ་མ་དགེ་བཤེས་ཁ་ཤས་དང་མཉམ་བགྲོ་གླེང་རང་བྱས་ཏེ་ངོས་ཀྱིས་ཞོགས་པ་བཤད་པ་དེ་དག་བསྐྱར་ཟློས་བྱས་ཏེ་འགྲོ་མ་དགོས་པར་ཁྱེད་རང་ཚོས་གསལ་བཤད་དགོས་རིགས་རྣམས་དྲི་བ་དྲིས་ཏེ་གསལ་པོ་བཟོ་རྒྱུ་དང་། དོགས་གཅོད་བྱེད་རྒྱུ་དེ་དག་གི་ཐོག་བགྲོ་གླེང་སོགས་བྱེད་རྒྱུ་ཡོད། གང་ལྟར་འདིར་ཉིན་གྲངས་བཞི་རིང་ཆོས་འབྲེལ་བྱེད་རྒྱུ་རེད། 

 

སྤྱིར་སངས་རྒྱས་པའི་ཆོས་ཞེས་པ་ནི་བསམ་བློ་གཏོང་རྒྱུ་ཞིང་རེད། བྱིན་རླབས་ཞུ་རྒྱུའི་སྐད་ཆ་མ་རེད། བྱིན་རླབས་ཞུ་རྒྱུ་ཟེར་བ་དེ་ཡོད་ཀྱང་གཙོ་བོ་བྱིན་རླབས་ནང་ནས་ཡོང་དགོས་ཀྱི་རེད་མ་གཏོགས་བྱིན་རླབས་ཕྱི་ནས་ཡོང་རྒྱུ་མེད། དེར་བརྟེན་སྔོན་དུ་སོ་སོ་རང་ཉིད་ཀྱིས་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དེ་ཤེས་པར་བྱས་ཏེ་བསམ་བློ་སྦྱོང་བརྡར་བྱས་ནས་བློ་མ་དུལ་བ་རྣམས་དུལ་བ་དང་མ་ཞི་བ་ཞི་བར་བྱེད་དགོས། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དང་། དེ་བཞིན་བྱམས་བརྩེའི་བློ་བཟང་པོའི་ཡོན་ཏན་དེ་གཉིས་པོ་གོང་ནས་གོང་དུ་སྤེལ་བའི་ཐོག་ནས་རང་རྒྱུད་ལ་ཡོད་པའི་རང་ཕོངས་པར་བྱེད་མཁན་གྱི་བློའི་སྐྱོན་དེ་དག་རིམ་གྱིས་སེལ་བར་བྱས་ཏེ་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་བྱེད་རྒྱུ་ཞིག་དགོས་ཀྱི་ཡོད། དེ་ལྟ་བུའི་ཉམས་ལེན་བྱེད་པར་བྱེད་སྟངས་དེ་ཤེས་དགོས་ཀྱི་ཡོད། དེ་ཤེས་པ་ལ་ཐོས་དགོས། དེར་བརྟེན་དེ་རིང་ང་ཚོ་འདིར་མཉམ་དུ་འཛོམས་པ་ནི་སློབ་སྦྱོང་ཡིན་བསམ་པའི་འདུ་ཤེས་འཛིན་དགོས། དེ་རིང་འདིར་བྱིན་རླབས་ཞུ་རྒྱུ་ཡིན་བསམ་པའི་སྐད་ཆ་དེ་མ་ཡིན་པར་སློབ་སྦྱོང་བྱེད་དུ་ཡོང་བ་ཡིན་བསམ་དགོས། ཕྱི་དྲོ་སློབ་གྲྭའི་འཛིན་གྲྭ་ཚོགས་པ་ལྟ་བུ་གནང་ཤོག ཅེས་དང་། 

 

དེ་རིང་ཆོས་འབྲེལ་བྱ་རྒྱུའི་སློབ་དེབ་ལྟ་བུ་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིགས་ཚོགས་དྲུག་གི་ནང་ཚན་སྟོང་ཉིད་ཀྱི་ལྟ་བའང་སྟོན་གྱི་ཡོད་ལ་ལུགས་ཀྱི་བསླབ་བྱའང་ཡིན་པའི་དབུ་མ་རིན་ཆེན་ཕྲེང་བ་ཡིན། དེའི་ལེའུ་ཆ་ཚང་མ་ཡིན་པར་ལེའུ་དང་པོ་ཡིན། དེའི་གནད་འགག་གཅིག་ནི་ལེའུ་དང་པོའི་ནང་དུ་མངོན་འདོད་སྒྲུབ་པའི་ཐབས་དང་ངེས་ལེགས་སྒྲུབ་པའི་ཐབས་གསུངས་ཡོད་པ་རེད། དེར་བརྟེན་རིན་ཆེན་ཕྲེང་བ་ལེའུ་དང་པོ་འདོན་རྒྱུ་དང་། དེ་ནས་མཁན་ཆེན་ཞི་བ་འཚོའི་དགེ་ཕྲུག་སློབ་དཔོན་ཀ་མ་ལ་ཤི་ལ་བོད་ལ་ཕེབས་ནས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་སྐུལ་བ་ལྟར་ཁོང་གིས་མཛད་པའི་སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་ནང་ནས་སྒོམ་རིམ་བར་བ་དེ་འདུས་ཆེན་པོ་འདུག དེར་སངས་རྒྱས་པའི་ཆོས་ནི་བྱིན་རླབས་ཞུས་ཏེ་མིན་པར་སོ་སོ་རང་ཉིད་ད་ལྟ་རྒྱུད་མ་བཏུལ་བར་ཡོད་པའི་ཐ་མལ་བའི་སེམས་ཅན་གཅིག་ག་ལེར་རྒྱུད་བཏུལ་བ་བྱས་ཏེ་རིམ་གྱིས་བློ་ཡི་ཡོན་ཏན་གོང་ནས་གོང་དུ་ཁྱད་ཞུགས་པའི་སྐབས་ལ་ལམ་ལྔ་དང་ས་བཅུ་སོགས་རིམ་པར་གྲོལ་ནས་འགྲོ་དགོས་པ་གསུངས་ཀྱི་ཡོད། 

 

དང་པོ་གཞིའི་གནས་ཚུལ་ཤེས་དགོས་ཀྱི་ཡོད། དེ་ནས་གཞིའི་གནས་ཚུལ་གྱི་ཐོག་ནས་ང་ཚོ་ཚང་མས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་རྒྱུ་མཚན་བཀོད་མི་དགོས་པར་རང་གི་ངང་གིས་ངའོ་སྙམ་པའི་བློ་ཞིག་ཡོད་པ་དང་། བློ་དེ་དང་འབྲེལ་བའི་ཐོག་ནས་བདེ་སྡུག་གི་ཚོར་བ་ཞིག་ཉམས་སུ་མྱོང་བ་ཡོད་ཚུན་ཆད་ལ་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་རང་གི་ངང་གིས་ཡོང་གི་ཡོད། དེར་བརྟེན་སྡུག་བསྔལ་དེ་རྒྱུ་གང་ལ་བརྟེན་ནས་ཡོང་བཞིན་པ་དང་། བདེ་སྐྱིད་རྒྱུ་གང་ལ་བརྟེན་ནས་ཡོང་བཞིན་པ། དེ་བཞིན་རྐྱེན་གང་ལ་བརྟེན་ནས་ཡོང་བཞིན་པ་སོགས་གཞིའི་གནས་ཚུལ་ཤེས་པ་བྱས་ཏེ་དངོས་ཡོད་གནས་ཚུལ་དེ་དང་མཐུན་པའི་ཐོག་ནས་འགྱུར་བ་ཇི་ལྟར་གཏོང་དགོས་པ་ཡོང་གི་ཡོད། འགྱུར་བ་གཏོང་བའི་ཐབས་ཤེས་བྱས་པ་ཡིན་ན་འབྲས་བུ་ཅི་ལྟ་བུ་ཞིག་ཐོབ་ཐུབ་ཀྱི་ཡོད་པ་རེད་ཅེས་གཞི་རྩའི་ལམ་དང་འབྲས་བུ་ཞེས་ནང་པའི་གཞུང་ན་ཐོན་ཡོང་གི་ཡོད། དེར་བརྟེན་སྒོམ་རིམ་བར་བའི་ནང་དུ་གཞིའི་གནས་ཚུལ་རོབ་ཙམ་དང་དེ་བཞིན་ལམ་གྱི་གནས་ཚུལ། ལམ་སྒོམ་ནས་ས་ལམ་ཇི་ལྟར་བགྲོད་པའི་སྐོར་དང་། དེ་ནས་མཐར་འབྲས་བུ་མངོན་དུ་བྱེད་པ་སོགས་འདུས་ཆེན་པོ་ཞིག་འདུག  མཚན་ལའང་སྒོམ་པའི་རིམ་པ་ཟེར་བ་རེད་ལ་ཞི་གནས་དང་ལྷག་མཐོང་སྒོམ་སྟངས་དེ་རྩལ་འདོན་བྱས་ཏེ་གསུང་གི་འདུག དེ་ཡང་གཞུང་གཞན་དུ་འདི་ལྟ་བུའི་བང་བསྒྲིགས་ནས་གསུང་བཞག་པ་མང་པོ་མེད་པ་ཞིག་རེད། དེར་བརྟེན་སྒོམ་རིམ་བར་བ་འདི་ཡག་པོ་ཞིག་འདུག ནམ་རྒྱུན་ངོས་ཀྱིས་འདོན་བཞིན་ཡོད། ཅེས་སོགས་བཀའ་སློབ་སྩལ་རྗེས།ཝི་དི་ནམ་གྱི་སྐད་ཐོག་ཇ་མཆོད་གསུང་འདོན་གྱིས་ཆོས་ཞུ་བ་ཡོངས་ཀྱིས་མང་ཇ་བཞེས་པ་དང་། 

 

དེ་ནས་མུ་མཐུད་ཆོས་ལུགས་ཁག་གི་ལྟ་གྲུབ་ཀྱི་ཁྱད་པར་དང་ཆོས་ཀྱི་གོ་དོན་སོགས་བཀའ་སློབ་སྩལ་བ་དང་།  ཆོས་དངོས་མ་ནི་བྱམས་བརྩེ་ཡིན་པ་དང་། འཛམ་གླིང་སྤྱི་ཚོགས་ཤེས་ཡོན་གྱི་ཐོག་ནས་བྱམས་བརྩེ་ཅན་དུ་བསྐྲུན་དགོས་ཞེས་སོགས་གསུང་ཆོས་སྔོན་འགྲོའི་བཀའ་སློབ་གྲུབ་མཚམས་ཆོས་ཞུ་བ་རྣམས་ཀྱིས་མ་ཎི་ཡིག་དྲུག་དབྱངས་ལ་གྱེར་བ་དང་། དེ་རྗེས་༧གོང་ས་མཆོག་གིས་ཆོས་ཞུ་བའི་ཁྲོད་ནས་དྲི་བ་ཁ་ཤས་ཐོངས་ཤེས་བཀའ་ཕེབས་པ་བཞིན་དྲི་བ་ཁག་གཅིག་ལ་བཀའ་ལན་གྲུབ་མཚམས་ནང་ཆོས་སྤྱིའི་ངོ་སྤྲོད་གནང་བ་དང་། དེ་ནས་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་དབུ་འཛུགས་མཛད་དེ་ཉིན་གུང་ཆུ་ཚོད་༡༡།༣༠ལ་ཉིན་དང་པོའི་གསུང་ཆོས་ལེགས་པར་གྲུབ་པ་དང་། ཉིན་རྒྱབ་ལྷོ་ཤར་ཨེ་ཤ་ཡའི་ཆོས་ཞུ་བ་རྣམས་དགེ་བཤེས་ཁག་ཅིག་དང་ལྷན་གསུང་ཆོས་བསྐྱར་བཤད་དང་བགྲོ་གླེང་གནང་ཡོད་པ་རེད། 

 

ཐེངས་འདིར་ཡུལ་གྲུ་མི་འདྲ་བ་ ༦༨ ནས་ཆོས་ཞུ་བ་ཁྱོན་བསྡོམས་གྲངས། ༥༣༧༠ བཅར་ཡོད་པ་དང་། དེའི་ཁུངས་གྲྭ་བཙུན་གྲངས་ ༡༢༦༨ དང་།  རྡ་སར་གཉུག་མར་གནས་པ་སོགས་སེར་སྐྱ་མི་མང་གྲངས་ ༡༧༧༠ རྒྱ་གར་བ་གྲངས། ༣༨༠ ཀོ་རི་ཡ་གྲངས། ༨༠༠ རྒྱ་ནག་ནས་གྲངས་ ༡༠ གཞན་ཕྱིལ་ཡུལ་གྲུ་ཁག་ནས་གྲངས་ ༡༠༧༤ བཅས་ཡོད་པ་རེད།  ཆོས་ཞུ་བ་དེ་དག་གི་ཁོངས་ནས་ད་རེས་ཀུ་ཝེ་ཊི་ Kuwait དང་། Botswana བྷོ་སི་ཝོ་ན་ཡུལ་ནས་ཆོས་ཞུ་བ་བཅར་ཐེངས་དང་པོ་ཡིན་འདུག་པ་དང་།  གསུང་ཆོས་བྱིན་སྐད་དང་། རྒྱ་སྐད། ཝི་ཏི་ནམ། ཀོ་རི་ཡ། ཧིན་སྐད། ཉི་ཧོང་། ཐའེ་ལན་ཌི། སི་པན་བཅས་སུ་གསུང་བསྒྱུར་གྱིས་དྲ་རྒྱའི་ལམ་ནས་འཛིམ་གླིང་གང་སར་ཐད་གཏོང་ཞུ་བཞིན་པ་རེད།