ཡོངས་ཁྱབ་གཞེན་བསྐུལ་གསལ་བསྒྲགས།

༄༅།།  ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་གསུང་ཆོས་དང་།  གསུང་བཤད།  བཀའ་སློབ།  བཅར་འདྲི་སོགས་ཅི་རིགས་ཕབ་བཤུས་དང་།  ཕྱོགས་སྒྲིག  པར་སྐྲུན་གནང་རྒྱུ་སོགས་ཀྱི་ལས་རིམ་གནང་བཞིན་པའི་ཚོགས་སྡེ་སྒྲིག་འཛུགས་དང་།  སྐྱེ་བོ་སྒེར་ཡོངས་ཀྱི་སྙན་ལམ་དུ་གསོལ་རྒྱུར།

 

ཀུན་གྱིས་དགོངས་གསལ་བཞིན་འདས་པའི་ལོ་གྲངས་དྲུག་ཅུར་ཉེ་བའི་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྷ་ས་བཞུགས་སྒར་དང་།  རྒྱ་གར་ནང་ཁུལ་གཞིས་ཆགས་དང་དགོན་སྡེ་སློབ་གྲྭ་སོགས་དང་།  འཇིག་རྟེན་ཤར་ནུབ་ཀྱི་ཡུལ་གྲུ་དང་ས་གནས་ཧ་ཅང་མང་པོར་༸ཞབས་ཀྱིས་བཅགས་ཏེ།  གསུང་ཆོས་དང་།  གསུང་བཤད།  བཀའ་སློབ།  བཅར་འདྲིར་བཀའ་ལན་སྩལ་བ་སོགས་གསུང་གི་མཛད་པ་མཐའ་ཀླས་པ་ཞིག་བསྐྱངས་གནང་མཛད་ཡོད་ནའང་།  སྐུ་སྒེར་ཡིག་ཚང་དང་།  དགའ་ལྡན་ཕོ་བྲང་ནས་གསུང་བཟང་དེ་དག་གི་སྒྲ་འཛིན་དང་བརྙན་པར་སོགས་ཆ་ཚང་དུས་ཐོག་བསྡུ་རུབ་དང་བདག་གཅེས་མ་ཐུབ་པའི་འཐུས་ཤོར་བྱུང་འདུག་པ་དང་།  དེ་བཞིན་སྤྱི་སྒེར་མང་པོས་ལྷག་བསམ་བཟང་པོས་ཐུགས་ཁུར་བཞེས་ཏེ་དགའ་ལྡན་ཕོ་བྲང་གི་མཁྱེན་རྟོགས་དང་བཀའ་ཁྲོལ་ཡོད་མེད་ལ་མ་ལྟོས་པར་༸གོང་ས་མཆོག་གི་གསུང་ཕབ་བཤུས་དང་།  ཕྱོགས་སྒྲིག་པར་སྐྲུན་བྱས་པ་དང་།  འོད་སྡེར་བཟོས་པ་སོགས་ཇི་སྙེད་ཅིག་བྱུང་ཡོད་ཀྱང་།དེ་དག་ཁ་ཐོར་གྱི་རང་བཞིན་དུ་གནས་པ་ལས།ཕྱོགས་སྒྲིག་གཅིག་གྱུར་ཞིག་བྱུང་མེད་པ་དང་།ད་བར་༸གོང་ས་མཆོག་གི་གསུང་མཆིས་སོ་ཅོག་གི་དཀར་ཆག་ཅིག་ཀྱང་ཕྱོགས་སྒྲིག་བྱས་མེད་སྟབས།དེ་མུར་ཁ་ཐོར་དུ་གནས་ན།ཀུན་ལ་རྙེད་བདེ་མེད་ཁར།  འབྱུང་འགྱུར་རིམ་པས་བོར་བརླག་འགྲོ་ཉེན་ཆེ་བ་བཅས་ལ་བརྟེན།  ཕྱི་ལོ་༢༠༡༣ཙམ་ནང་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་སློབ་ལམ་སྟོན་གཞི་བཟུང་དགའ་ལྡན་ཕོ་བྲང་དུ་གསུང་འབུམ་ཕྱོགས་སྒྲིག་སྡེ་ཚན་ཞིག་ཟུར་འཛུགས་གནང་བ་དང་།  སྡེ་ཚན་དེས་འབྱུང་འགྱུར་༸གོང་ས་མཆོག་གི་གསུང་མཆིས་སོ་ཅོག་བསྡུ་རུབ་ཀྱིས་ཕྱོགས་སྒྲིག་དང་།  དག་ཞུས།  པར་སྐྲུན་གནང་ཕྱོགས་བཅས་ཀྱི་གཞི་རྒྱ་ཆེ་བའི་ལས་རིམ་དང་།  དེའི་རྩ་འཛིན་ལམ་སྟོན་གཏན་འབེབས་གནང་བཞིན་པ་ལགས་ན།  ད་ལམ་༸གོང་ས་མཆོག་གི་གསུང་སྐྱེས་སུ་གཏོགས་པའི་སྤྱི་སྒེར་ཡོངས་ལ་གཞེན་བསྐུལ་ནན་པོ་ཞུ་རྒྱུའི་དོན་ཚན་ཁག་གཤམ་གསལ།

 

      སྤྱི་སྒེར་སུ་ཞིག་ལ་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་གསུང་ཆོས་དང་།  བཀའ་རྩོམ།  གསུང་བཤད།  བཀའ་སློབ།  དྲིས་ལན།  གསུང་འཕྲིན།  ཆེད་བརྗོད།  དེབ་ཀྱི་སྔོན་གླེང་སོགས་སྐད་ཡིག་གང་དུ་ཡོད་ཀྱང་།  དེ་དག་གི་སྒྲ་འཛིན་དང་།  བརྙན་འཕྲིན།  འོད་སྡེར།  ཀམ་སྤུ་ཀྲར་གྱི་མཁྲེགས་ཆས་སོགས་ཇི་ཡོད་ཀྱི་ཐོ་གཞུང་ཁ་གསལ་འདི་གར་གནང་སྐྱོང་ཡོང་བ་ཞུ་རྒྱུ་དང་།  ཐོ་གཞུང་འབྱོར་མཚམས་འདི་གའི་དཀར་ཆག་དང་ཞིབ་བསྡུར་གྱིས་མ་དཔེ་འདི་གར་མེད་རིགས་ཀྱི་མ་དཔེ་ཡོངས་རྫོགས་འདི་གར་གཏོང་གནང་ཡོང་བའི་གནས་བྲིས་འབུལ་ལམ་ཞུ་རྒྱུ་ཡིན།

 

༢རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་༸གོང་ས་མཆོག་གི་གསུང་གི་རིགས་མཐའ་དག་གི་བདག་དབང་༸གོང་ས་མཆོག་ཉིད་ལ་ཡོད་པ་སྨོས་མེད་ལ་བརྟེན།  སྤྱི་སྒེར་སུ་ཞིག་གིས་༸གོང་ས་མཆོག་གི་གསུང་གི་རིགས་ཕབ་བཤུས་དང་།  ཕྱོགས་སྒྲིག  སྒྲ་བསྒྱུར།  པར་སྐྲུན།  འོད་སྡེར་སོགས་བཟོ་བསྐྲུན་གནང་འཆར་ཇི་ཡོད་སྔོན་ཚུད་དགའ་ལྡན་ཕོ་བྲང་གི་གསུང་འབུམ་ཕྱོགས་སྒྲིག་ཁང་ལ་འབྲེལ་གཏུགས་ཀྱིས་ལས་འཆར་བཀའ་ཁྲོལ་བཞེས་གནང་ཡོང་བ་ཞུ།  འདི་ནི་ཚོང་དང་དཔལ་འབྱོར་མཁོ་སྒྲུབ་དང་འབྲེལ་བ་གཏན་ནས་མིན་པར།  ལས་གཞི་ཟློས་སྐྱོན་མི་ཡོང་བ་དང་།  གནང་ཕྱོགས་ཚད་ལྡན་གཅིག་གྱུར་ཡོང་ཐབས།  ལྷག་པར་ཞུ་སྒྲིག་དང་སྒྲ་སྒྱུར་གནང་ཕྱོགས་འདི་གའི་རྩ་འཛིན་ལམ་སྟོན་དང་མཐུན་པ་ཡོང་ཐབས།  དེ་བཞིན་དཀར་ཆག་ཨ་མའི་ནང་བཙུད་དེ་ཀུན་ལ་བདེ་བླག་ཏུ་ལག་སོན་ཐུབ་ཐབས་བཅས་ཀྱི་ཆེད་དུ་དམིགས་པ་ཡིན་པས་དེ་དོན་དགོངས་བཞེས་ཡོང་བ་ཞུ།

 

      གསུང་འབུམ་ཕྱོགས་སྒྲིག་དེབ་ཕྲེང་ཁག་པར་སྐྲུན་སྐབས་དེ་སྔ་ཐོར་བུ་པར་སྐྲུན་ཟིན་རིགས་ཀྱང་།  བསྐྱར་དུ་པོད་ཕྲེང་ཨང་རིམ་གར་གཏོགས་སུ་པར་སྐྲུན་བྱ་འཆར་ཡིན་ན།  སྒྲིག་འཛུགས་སམ་སྒེར་སུ་ཞིག་གིས་སྐད་ཡིག་གང་དུ་པར་སྐྲུན་ཟིན་རུང་།  དགའ་ལྡན་ཕོ་བྲང་གི་གསུང་འབུམ་དེབ་ཕྲེང་དུ་པར་སྐྲུན་བྱ་རྒྱུར་དགག་བྱ་མེད་པ་ཞུ་རྒྱུ་བཅས་དགོངས་དབྱིངས་སུ་མངའ་བ་དང་།

 

 

༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཁའ་ཁྱབ་སྐྱེ་འགྲོ་ཡོངས་ལ་འཕྲལ་ཡུན་གཉིས་ཕན་གྱི་གསུང་བཟང་དེ་དག་གི་ཆ་ཤས་ཕྲ་མོ་རེའང་བོར་བརླག་ཏུ་སོང་ན་ཤིན་ཏུ་ཕངས་སྟབས།  རྒྱལ་བསྟན་སྤྱི་དང་།  བྱེ་བྲག་བོད་བརྒྱུད་ནང་བསྟན།  བོད་མི་རིགས་བཅས་ཀྱི་འཕྲལ་ཡུན་གྱི་གལ་ཆེའི་དགོས་དམིགས་ལ་དགོངས་ཏེ།  གསུང་འབུམ་ཕྱོགས་སྒྲིག་གི་ལས་གཞི་འདི་ལ་དད་དམ་ལྷག་བསམ་ཅན་ཡོངས་ནས་འཕྱར་གྲུ་མཉམ་འདེགས་ཀྱི་མཐུན་འགྱུར་རོགས་རམ་དང་།  དགོངས་འཆར་ལམ་སྟོན་ལྷུག་སྩོལ་ཡོང་བ་ཞུ་རྒྱུའི་གཞེན་བསྐུལ་དུ།  དྷ་ས་དགའ་ལྡན་ཕོ་བྲང་གསུང་འབུམ་ཕྱོགས་སྒྲིག་ཁང་ནས་༢༠༡༥ཕྱི་ཟླ་   ༡༠ཚེས་  ༡༢ལ་ཕུལ།།