ྋགོང་ས་མཆོག་གིས་སྐྱེས་རབས་ཀྱི་ཆོས་འབྲེལ་དང་བཀའ་དབང་སྩལ་བ།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༨ དང་བོད་ཚེས་ ༡༥ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་གཞིས་བྱེས་འབའ་ཐང་མི་མང་འཐུས་ཚབ་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། བཀའ་བཞེས་བཟང་པོ་སྩལ་ཐོབ་ཀྱིས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཏེ་ྋམགོན་པོ་མཆོག་གིས་དད་ལྡན་ཆོས་ཞུ་བ་སྟོང་ཚོ་བརྒལ་བར་སྐྱེས་རབས་ཀྱི་ཆོས་འབྲེལ་དང་འཕགས་མཆོག་ཐུགས་རྗེ་ཆེན་པོའི་བཀའ་དབང་བཀྲིན་སྩལ།

དེ་ཉིན་སྔ་དྲོའི་ཕྱག་ཚོད་ ༦ ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་ནས་དགའ་ལྡན་བྱང་རྩེ་བསྟན་འཛིན་གཡུ་ནོར་རིན་པོ་ཆེ་དང་། མེ་ཏོག་བསྟན་འཛིན་ཀུན་མཁྱེན་རིན་པོ་ཆེ་རྣམ་གཉིས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་གཙུག་ལག་ཁང་གི་བཞུགས་ཁྲི་རིན་པོ་ཆེར་ཞབས་སོར་འཁོད་དེ་དགེ་འདུན་འདུས་ཚོགས་སུ་གསོ་སྦྱོང་གནང་གྲུབ་རྗེས་སྤྱན་རྒྱ་སྤོས་སྣེ་དང་བཅས་གསུང་ཆོས་ར་བར་གདན་འདྲེན་ཞུས། ཕྱག་ཚོད་ ༨ ཐོག་སྐྱེས་རབས་གསུང་ཆོས་དང་འཕགས་པ་ཐུགས་རྗེ་ཆེན་པོའི་བཀའ་དབང་དབུ་འཛུགས་མ་བསྐྱངས་གོང་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་ྋམགོན་པོ་མཆོག་གིས་དེར་འདུས་མི་མང་ལ་སྔོན་འགྲོའི་ཆོས་འབྲེལ་མཛད་སྐབས་བཀའ་སློབ་སྩལ་དོན། ང་རང་ཚོ་བོད་ལ་ཕལ་ཆེར་འདས་པའི་ལོ་ ༦༠༠ གོང་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཆེན་ྋའཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་དབུ་བཙུགས་པ་ཞིག་རེད། བར་སྐབས་དེ་དག་འགྱུར་བ་ཆ་ཚང་ཕྱིན་པ་རེད། ལྷག་པར་དེ་རིང་ཁ་སང་གི་གནས་ཚུལ་ལ་ཆ་བཞག་ན་བོད་རང་གི་སངས་རྒྱས་ཀྱི་ཆོས་ཀྱི་ལྟ་གྲུབ་མཚན་མའི་ལམ་དང་འབྲེལ་བའི་རིག་གཞུང་གཏིང་ཟབ་ཡོད་པ་དེ་རྩ་བ་བཤིག་རྒྱུའི་མཚམས་ལ་སླེབས་ཏེ་གནས་ཚུལ་ཧ་ཅང་ཐབས་སྐྱོ་པོ་ཆགས་ཡོད། འོན་ཀྱང་བདེན་པའི་ནུས་པ་དུས་ནམ་ཡང་ཡལ་རྒྱུ་མེད། དྲག་དཔུང་ཞེས་པ་དེ་འཕྲལ་སེལ་ཛ་དྲག་དང་ནུས་པ་ཧ་ཅང་ཆེན་པོ་ཡོད་ཀྱང་། དེ་ཡུན་རིང་གནས་རྒྱུ་དང་དྲག་པོའི་ལམ་ནས་གནས་ཚུལ་ཐག་གཅོད་ཡོང་རྒྱུ་ཞེས་པ་དེ་འཛམ་གླིང་གི་ལོ་རྒྱུས་ཐོག་བྱུང་མྱོང་མེད། ད་ལྟ་ཡིན་ནའང་དྲག་པོའི་སྟོབས་ཤུགས་ཀྱི་ཐོག་ནས་འཐབ་རྩོད་བྱེད་འདོད་ཡོད་མཁན་འཛམ་གླིང་འདིའི་སྟེང་ཤར་ནུབ་ལྷོ་བྱང་མང་པོར་དངོས་ཡོད་གནས་ཚུལ་མཐོང་རྒྱུ་ལ་དྲག་པོའི་ཤུགས་ཀྱིས་གནས་ཚུལ་ཐག་གཅོད་ཅེས་པ་དེ་ཡོང་རྒྱུ་མེད་པ་ཧ་ཅང་གསལ་པོ་རེད། བདེན་པ་ནི་ལོ་སྟོང་ཕྲག་ནས་སྟོང་ཕྲག་སྡོད་རྒྱུ་རེད། ཅེས་སོགས་དང་།

ཡང་ྋགོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། དེ་རིང་ང་ཚོས་འདི་གར་སྨོན་ལམ་དུས་ཆེན་ཞིག་རྩིས་ཀྱི་ཡོད་པ་ལས་མཛད་སྒོ་ཚོགས་པའི་སྐད་ཆ་མ་རེད། སེམས་སྒོ་གསུམ་ཆོས་དང་འབྲེལ་བ་བྱེད་རྒྱུ་དེ་ལུས་དང་ངག་གི་དགེ་བ་བསྒྲུབ་རྒྱུ་དང་གཙོ་བོ་ཡིད་ཀྱི་དགེ་བ་བསྒྲུབ་རྒྱུ་དེ་སྟོང་ཉིད་དང་བྱང་ཆུབ་ཀྱི་སེམས་བསྒོམ་རྒྱུ་དེ་གཉིས་པོ་རེད། སངས་རྒྱས་བཅོམ་ལྡན་འདས་རྗེས་སུ་དྲན་པའི་ཐོག་ནས་གང་ཚོད་ཐུབ་ཐུབ་ཀྱིས་དགེ་བའི་བློ་ཡག་པོ་ཞིག་སྐྱེས་ཐུབ་ན་ཡག་པོ་ཡོང་གི་རེད། ང་ཚོ་འཛམ་བུ་གླིང་འདིའི་སྒང་ལ་ཆག་སྒོ་མང་ཆེ་བ་མི་གསོད་ཁྲག་སྦྱོར་མིའི་སྲོག་ལ་རྩེད་མོ་རྩེས་ནས་སྡོད་རྒྱུ། དཔེར་ན། ཉེ་ཆར་སེ་རི་ཡ་ལ་ཐབས་སྐྱོ་པོ་ཞེ་དྲག་འདུག རྒན་བྱིས་དབྱེ་བ་མེད་པ་དམར་གསོད་བཏང་སྟེ་འགྲོ་གི་འདུག འཛམ་གླིང་གིས་བལྟས་སྡོད་རྒྱུ་ལས་ཞེ་དྲག་བྱེད་རྒྱུ་མི་འདུག འཛམ་གླིང་འདིར་དྲང་བདེན་གྱི་ཕོངས་ཡོད། དངོས་པོ་ཡར་རྒྱས་ཧ་ཅང་ཤུགས་ཆེ་ཡོད་ཀྱང་དྲན་བདེན་དང་བྱམས་བརྩེས་ཕོངས་འདུག རྩ་བའི་ཤེས་ཡོན་སྤྲོད་སྟངས་ནོར་ཡོད། འཛམ་གླིང་འདིའི་སྟེང་གི་ཡ་རབས་ཞེས་པ་དེ་ཆོས་པ་ཚོར་འགན་དཀྲིས། སྤྱི་ཚོགས་སྤྱི་བྱིངས་ཀྱི་ཤེས་ཡོན་རྐྱང་པའི་སྟེང་ཕྱིན་པ་མ་གཏོགས་ཡ་རབས་ཀྱི་ལྟ་སྤྱོད་ཟེར་བ་དེ་ཆོས་པར་འགན་ཞིག་དཀྲིས་པ་ལྟ་བུ་འདུག ང་ཚོ་ཕར་ཕྱིན་གྱི་བཀའ་བསྟན་བཅོས་བསླབ་པའི་སྐབས་ནས་བསྟན་བཅོས་འབྲུག་སྒྲའི་གསུང་དུ་འདོད་ཟེར་ཁུལ་བྱེད་ཀྱི་ཡོད་ཀྱང་། ང་ཚོ་སྔོན་ལ་དཔེ་ཆ་ལྟ་མཁན་ཞེ་དྲག་མེད་པར་དཔེ་ཆ་ལྟ་མཁན་ཞིག་ཡོད་པ་ཡིན་ནའང་ཐོས་བརྩོན་སྒྲུབ་པ་ལྷུར་ལེན་བྱེད་མཁན་ཞེ་དྲག་མི་འདུག ཉེས་སྐྱོན་རྩ་བ་མི་ཤེས་ཀྱང་ང་ཚོའི་རང་སྐྱོན་ངོས་ལེན་བྱེད་རྒྱུ་གལ་ཆེ་པོ་རེད། མའོ་ཀྲུའུ་ཞིས་བརྗོད་པ་ལྟར། མིས་སྐྱོན་བརྗོད་བྱེད་སྐབས་དང་ལེན་བྱེད་དགོས། སོ་སོ་ཡིན་ནའང་རང་སྐྱོན་རང་གིས་བརྗོད་དགོས། དེ་ལྟར་མ་བྱས་ན་ཉ་མོ་ཆུ་དང་བྲལ་བ་བཞིན་རེད། གུང་ཁྲན་ཏང་འགོ་ཐོན་གྱི་མ་རེད་ཅེས་བཤད་ཡོད། ཕྱིས་སུ་མའོ་ཙེ་ཏུང་རྗེས་འབྲངས་པ་ཚོས་དེ་ཉམས་ལེན་བྱེད་ཀྱི་མི་འདུག ཕྱི་ལོ་ ༡༩༥༧ ༡༩༥༨ ནང་མའོ་ཀྲུའུ་ཞིའི་རླབས་ཆེན་གྱི་གཏམ་བཤད་དེ་དག་ཆུ་ཡི་ལྦུ་བ་ལྟར་རྩིས་མཁན་གྱི་སྙིང་པོ་མི་འདུག དེར་བརྟེན་ང་ཚོས་ཀྱང་རྒྱལ་སྲས་དངུལ་ཆུ་བཟང་པོས་གསུངས་པ་བཞིན་སྒོ་གསུམ་གྱི་སྤྱོད་པ་དྲན་ཤེས་བག་ཡོད་བསྟེན་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འཛམ་གླིང་འདིའི་སྟེང་ཧ་ལས་པའི་ཐབས་སྐྱོ་བ་ཞིག་ལ་བདེན་པ་དང་དྲང་བདེན་གྱི་ཕོངས་ཏེ་སྟོབས་ཤུགས་ཁོ་ནའི་འོག་འགྲོ་གི་འདུག དེར་བརྟེན་ང་ཚོ་བོད་ཀྱི་གནས་ཚུལ་ལ་ཆ་བཞག་ནའང་། ང་ཚོར་བདེན་པ་ཡོད། འོན་ཀྱང་བདེན་པ་འབུར་བཅོམ་བཏང་སྟེ་དྲག་གནོན་འོག་སྡོད་དགོས་པ་ནི་ཧ་ཅང་ཐབས་སྐྱོ་པོ་རེད། དེ་རིང་འདིར་ཚང་མས་སྨོན་ལམ་ཡག་པོ་རྒྱག་དགོས། སྨོན་ལམ་ལམ་སེང་འགྲུབ་རྒྱུ་ཁག་པོ་རེད་ཀྱང་ཕྲན་བུ་ཕན་སྲིད། འཛམ་གླིང་སྤྱི་དང་ཡང་སྒོས་ཨེ་ཤི་ཡའི་ཡུལ་གྲུ། ལྷག་པར་བོད་གངས་ཅན་ལྗོངས་ལ་དཀའ་ངལ་འཕྲད་སྐབས། འདས་གསོན་ཡོངས་ལ་ཚང་མས་སྨོན་ལམ་རྒྱག་རོགས། ཞེས་བཀའ་སློབ་ཕེབས་ཏེ་སྐྱེས་རབས་གསུང་ཆོས་དང་འཕགས་པ་ཐུགས་རྗེ་ཆེན་པོའི་བཀའ་དབང་དངོས་གཞི་གྲུབ་རྗེས་འབའ་ཐང་མི་མང་གི་འཐུས་མི་བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གཏང་རག་མཎྜལ་འདེགས་འབུལ་ཞུས་ཐོག་འབྲེལ་ཡོད་འཐུས་མི་སྦྱིན་བདག་ཁག་གཅིག་ལ་མཇལ་ཁ་སྩལ།

ལྷག་པར་ྋགོང་ས་མཆོག་གིས་ཆབ་སྲིད་སྐུ་དབང་རྩིས་སྤྲོད་མཛད་དགོས་དོན་སྐོར་ལ་བཀའ་སློབ་ཕེབས་དོན། ན་ནིང་སྨོན་ལམ་ཆེན་མོའི་སྐབས་ངོས་ཀྱིས་ྋགོང་ས་ལྔ་པ་ཆེན་པོའི་སྐབས་ནས་བཟུང་ྋརྒྱལ་དབང་གི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བྱེད་རྒྱུ་དེ་མཇུག་བསྒྲིལ་བ་ཡིན། ངོས་ཀྱིས་ཆོས་ཕྱོགས་ཐོག་རྐང་འགན་འཁྱེར་ཏེ་ྋརྒྱལ་དབང་གོང་མ་དགེ་འདུན་གྲུབ་པ་དང་། དགེ་འདུན་རྒྱ་མཚོ། བསོད་ནམས་རྒྱ་མཚོ་རྣམས་ནི་ཁྱད་དུ་འཕགས་པའི་ྋརྒྱལ་དབང་གསུམ་རེད་འདུག ཆབ་སྲིད་ཀྱི་ཐུགས་འགན་གང་ཡང་མེད་པར་བསྟན་འགྲོའི་མཛད་པ་རྒྱ་ཆེར་ཁྱབ་པ་ཞིག་རེད། དེར་བརྟེན་ངོས་ཀྱང་འཇོན་གྱི་མེད་ཀྱང་དེ་དག་གི་རྣམ་ཐར་གྱི་རྗེས་སུ་བལྟས་ཏེ་ཚེ་ལྷག་ཇི་ཙམ་ཡོད་པ་དེ་གང་ཐུབ་འཇིག་རྟེན་སྤྱིའི་མིའི་བདེ་སྐྱིད་དང་ཞི་བདེ་ཡོང་བ། མིའི་རྣམ་དཔྱོད་ཕྲན་བུ་ཆེ་རུ་འགྲོ་བ་བཅས་ཀྱི་ཐོག་ད་བར་གང་ཡོང་བྱས་པ་ཡིན་ལ་ད་དུང་ཡང་དེ་ལྟར་བྱེད་རྒྱུ་ཡིན། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་གྱི་ཐོག་ཀྱང་ངོས་ཀྱིས་ལས་ཀ་གང་ལ་གང་ཙམ་བསྒྲུབས་ཡོད། ད་དུང་ཡང་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་ཡོང་བར་འབད་བརྩོན་བྱེད་ཀྱི་རེད། དེ་གཉིས་ངོས་ཀྱིས་རྒྱ་གར་གྱི་མེས་པོ་ཚོས་འགྲམ་ནས་ཤེས་པ་རེད། ཨ་ཧིམ་ས་འཚེ་བ་མེད་པ་ཞེས་པ་འདི་ཕྱིའི་ལུས་ཀྱི་རྣམ་འགྱུར་འཚེ་བ་མེད་པ་ཙམ་མ་ཡིན་པར། འཚེ་བ་མེད་པ་ཞེས་པ་ནི་རྩ་བ་སེམས་ཀྱི་ནང་ང་རྒྱལ་དང་། ཕྲག་དོག ཞེ་སྡང་སོགས་ཉུང་དུ་བཏང་ནས་བྱམས་པ་དང་། བརྩེ་བ། གུས་བརྩི་སོགས་ཤུགས་ཆེ་རུང་བཏང་བ་ཡིན། འཚེ་བ་མེད་པ་རང་ཤུགས་ཀྱི་ཡོང་གི་རེད། ཡིད་འཚེ་བ་མེད་པ་བྱུང་ན་ལུས་ངག་འཚེ་བ་མེད་པ་ཡོང་གི་རེད། ཡིད་འཚེ་བའི་གཞན་དབང་དུ་སོང་ན་ལུས་ངག་འཚེ་བའི་རང་བཞིན་ཅན་དུ་རང་བཞིན་གྱིས་ཡོང་གི་རེད། དེར་བརྟེན་འཚེ་བ་མེད་པ་ཞེས་པ་གཙོ་བོ་བྱམས་བརྩེ་དགོས། བྱམས་བརྩེ་ཞེས་པ་འདི་ཆོས་པ་གཅིག་པུའི་སྐད་ཆ་མ་རེད། དུད་འགྲོ་ཚོ་ལའང་བྱམས་བརྩེ་ཡོད་ན་སྐྱིད་པ་ཡོད། མི་ལ་ནི་དེ་བས་ཀྱང་བྱམས་བརྩེ་ཡོད་ན་སྐྱིད་པ་ཡོད། མི་ཕན་ཚུན་འཆམ་པོ་དང་ཁྱིམ་ཚང་ཡང་སྐྱིད་པ་ཡོད། དེ་བཞིན་ཆོས་ལུགས་ཁག་དེ་དག་ལྟ་གྲུབ་ཐོག་ནས་འགལ་བ་དང་རྩོད་པ་ཆེན་པོ་ཡོད། དེར་བརྟེན་སངས་རྒྱས་ཀྱི་གཞུང་ནས་ལྟ་གྲུབ་འདྲ་མིན་དེ་དག་ལ་སློབ་དཔོན་ཕྱོགས་གླང་དང་། ཆོས་གྲགས། ཨརྱ་དྷེ་བ་དེ་དག་གིས་འགལ་འདུ་རྣམས་བསྒྲིགས་ནས་མར་བཏོན་པ་དེ་ཕྱི་རོལ་པ་གཅིག་པུ་མ་རེད། རང་སྡེ་ནང་པའི་གྲུབ་མཐའ་ལའང་གྲུབ་མཐའ་གོང་མ་གོང་མ་དེ་དག་གིས་གྲུབ་མཐའ་འོག་མ་འོག་མའི་འགལ་འདུ་བསྒྲིགས་ནས་ཡོང་གི་ཡོད། དེ་ནི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་འཕེལ་བའི་ཆེད་རེད་མ་གཏོགས། ཆགས་སྡང་གི་གནང་བ་མ་རེད། ལྟ་གྲུབ་ཀྱི་ཆ་ནས་མ་མཐུན་པ་ཡོད་ཀྱང་བསླབ་བྱ་རྒྱག་རྒྱུར་བྱམས་པ་དང་། བརྩེ་བ། བཟོད་པ། ཆོག་ཤེས། གཞན་ཕན་བཅས་བསྒྲུབ་དགོས་རེད་ཅེས་ཆོས་ལུགས་ཚང་མས་གསུང་གི་ཡོད། དེར་བརྟེན་ང་ཚོས་མཐུན་སྒྲིལ་བྱེད་པའི་གཞི་རྩ་ཡོད་པ་ཡིན། དེ་གཉིས་ངོས་རང་མ་འཆི་བར་ལས་ཀ་བྱེད་ཀྱི་རེད། ངོས་ཀྱིས་སྔོན་མ་ནས་ཆབ་སྲིད་ཀྱི་ལས་ཀ་ནི་ཚད་ཅན་ཞིག་ཡིན་པས། དུས་ཚོད་གཅིག་ལ་སླེབས་ན་ངས་བཞག་གི་རེད་ཅེས་བཤད་ཡོད། ན་ནིང་ངོས་ཀྱིས་དེ་དག་བསྒྲུབས་པ་ལྟར་དེ་དངོས་སུ་ལག་ལེན་བསྟར་དེ་ད་ལྟ་འགྲོ་བཞིན་པ་རེད། གང་ལྟར་ང་ཚོའི་ཆབ་སྲིད་ཀྱི་ལས་འགན་ཐོག་འཐུས་ཤོར་གང་ཡང་ཕྱིན་མེད། ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བྱེད། ངོས་རང་བློ་བདེ་པོ་བྱས་ནས་བསྡད་ཡོད། ཁྱེད་ཚོ་ཡང་བློ་བདེ་པོ་བྱས་ནས་བཞུགས། གཞན་ཞུ་རྒྱུ་གང་ཡང་མེད། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སྩལ།།