འཕན་པོ་དང་པདྨ་བཀོད་ཀྱི་ལྷ་སྡེ་མི་སྡེ་ཡོངས་ཀྱིས་བརྟན་བཞུགས་བསྟར་འབུལ།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢ ཉིན་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞིས་བྱེས་གཉིས་སུ་གནས་པའི་པདྨ་བཀོད་པ་དང་འཕན་པོ་བ་ཡོངས་ནས་སྐུའི་བླ་གཟའ་སྦྱོར་འཕྲོད་ཤིན་ཏུ་དགེ་བའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གསང་བ་གསུམ་ལ་ཚུལ་བསྟན་སྐུ་གེགས་ཉེར་འཚེའི་རིགས་ཆ་ཙམ་མི་བཞེས་པར་བསྟན་པ་དང་འགྲོ་བའི་འཕྲལ་ཡུན་ཕན་བདེའི་བྱེད་པོར་སྐུ་ཚེ་༸ཞབས་པད་བརྟན་སླད་༸གོང་ས་ལྔ་པ་ཆེན་པོའི་དག་སྣང་ཉེར་ལྔའི་ནང་ཚན་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་མཁའ་འགྲོ་བསུན་ལྡོག་དང་འབྲེལ་བའི་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད། 

དེ་ཡང་སྔ་དྲོ་ཆུ་ཚོད་དྲུག་པའི་ཐོག་སྔ་འགྱུར་བསྟན་པའི་སྲོལ་འཛིན་གཏེར་སྟོན་ནམ་མཁའ་དྲི་མེད་རབ་འབྱམས་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག ནཱ་ལེནྡྲའི་བཅོ་བརྒྱུད་ཞབས་དྲུང་རིན་པོ་ཆེ་དང་། ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ། སྟག་ལུང་ཞབས་དྲུང་རིན་པོ་ཆེ། སེར་བྱེས་བྲག་རི་རིན་པོ་ཆེ། སེར་བྱེས་ཁྲོ་མོ་རིན་པོ་ཆེ། སེར་སྨད་བྲག་རྒྱབ་རིན་པོ་ཆེ། བློ་གླིང་རྒྱལ་སྟོད་ཡང་དགོན་རིན་པོ་ཆེ། པདྨ་བཀོད་མཁན་པོ་ཚེ་རིང་རྡོ་རྗེ། སྤྲུལ་སྐུ་འཇིགས་མེད། སྤྲུལ་སྐུ་པདྨ་རིག་འཛིན། མཁན་པོ་ཆོས་འཕེལ་ནོར་བུ་བཅས་དང་། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ཆོག་གྲྭ་འདུས་ཚོགས་ཡོངས་ནས་སྒྲུབ་ཆོག་གནང་བ་དང་། ཆུ་ཚོད་ ༨ པ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་པདྨ་བཀོད་པ་དང་འཕན་པོ་བསྟན་བཞུགས་གོ་སྒྲིག་པ་རྣམས་ཀྱིས་སྤོས་སྣེ་དང་། རྣམ་གྲྭའི་སྤྱན་རྒྱ་སྤོས་འཛིན་དང་བཅས་གཟིམ་ཆུང་ནས་གདན་ཞུ་མཛད་དེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་གཏེར་སྟོན་ནམ་མཁའ་དྲི་མེད་རབ་འབྱམས་རིན་པོ་ཆེ་མཆོག་གིས་མཇལ་དར་རྐྱང་འབུལ་མཛད་པ་དང་འབྲེལ་རྒྱུན་ཆགས་གསུམ་པ་དང་། པཎ་གྲུབ་གསོལ་འདེབས། གུ་རུའི་གསོལ་འདེབས་ཐུག་དམ་གནད་བསྐུལ། བོད་ཡུལ་བདེ་བའི་སྨོན་ལམ་སོགས་ཞལ་འདོན་དང་འབྲེལ་གསོལ་ཇ་འབྲས་སིལ་འདེེགས་འབུལ་ཞུས། 

དེ་ནས་ཆོ་གའི་ཞལ་འདོན་དབུ་འཛུགས་ཀྱིས་བྱིན་འབེབས་གྲུབ་པ་དང་མཁའ་འགྲོ་སྡེ་ལྔས་བཞུགས་ཁྲིའི་མདུན་སོ་སོར་དར་སྣེ་བཟུང་བ་སོགས་བརྟན་བཞུགས་ཀྱི་ཆོ་ག་རིམ་པར་གནང་རྗེས་ཀུན་མཁྱེན་འཇིགས་མེད་གླིང་པའི་གསུང་ཚོགས་གླུ་ཕུལ་ཏེ་ཚོགས་ལ་རོལ། དེ་ནས་༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་ཁག་གཅིག་གསུང་མུར་རྡོ་རྗེ་སློབ་དཔོན་གཏེར་སྟོན་ནམ་མཁའ་དྲི་མེད་རབ་འབྱམས་རིན་པོ་ཆེ་མཆོག་མཇལ་བཅར་ཞུས་རྗེས་འཕན་པོའི་སྐུ་ཚབ་བྲག་རི་རྡོ་རྗེ་འཆང་མཆོག་དང་། པདྨ་བཀོད་ཀྱི་སྐུ་ཚབ་མཁན་པོ་ཚེ་རིང་རྡོ་རྗེ་ལགས་གཉིས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། བསྟན་བཞུགས་ཀྱི་སྦྱིན་བདག་ཁག་གཅིག་གིས་མཇལ་ཁ་ཞུས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།  

དེ་རིང་རིན་པོ་ཆེ་རྡོ་རྗེ་སློབ་དཔོན་གནང་ནས་བྱེས་ལ་འཁོད་པའི་པདྨ་བཀོད་པ་དང་འཕན་པོ་བ་ཚོས་གཞིས་བྱེས་མི་མང་ཚོའི་བསམ་པ་དང་འདུན་པའི་ཚབ་བྱས་ཏེ་འདིར་བརྟན་བཞུགས་གནང་བ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྩ་བའི་ངོས་རང་ལྟ་བུའི་ཐ་མལ་བ་ཞིག་ལ་སྐྱེ་འཆིའི་རང་དབང་ཡོད་པ་མ་རེད། མེད་ཀྱང་སུ་དང་སུ་ཡིན་ཡང་འཕེན་པ་དང་འདུན་པ་ནི་གནད་འགག་ཆེན་པོ་རེད། དེར་བརྟེན་ང་རང་ངོས་ནས་ཡིན་ནའང་།  ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག། ཅེས་སྨོན་ལམ་རྒྱུན་དུ་རྒྱག་བཞིན་ཡོད། དེ་ཡང་ཚིག་ཙམ་གྱི་སྨོན་ལམ་མ་ཡིན་པར་སྙིང་ཁུངས་རུས་པའི་གཏིང་ནས་སེམས་ཤུགས་བསྐྱེད་ནས་ཉིན་རེ་བཞིིན་སྨོན་ལམ་འདི་རྒྱག་བཞིན་ཡོད། ད་ལྟ་ངོས་ཀྱི་མི་ཚེ་འདི་ལ་དངོས་སུ་མིག་མཐོང་ལག་ཟིན་གྱིས་སངས་རྒྱས་ཀྱི་བསྟན་པ་དང་། འགྲོ་བའི་དོན་དུ་ཕན་ཐོགས་གང་ལ་གང་འཚམ་ཞིག་ཡོང་གི་ཡོད་པ་རེད། དེ་དང་ཆབས་ཅིག་བོད་གངས་ཅན་གྱི་བསྟན་པ་དང་འགྲོ་བའི་དོན་དུའང་ཕན་ཐོགས་ཡོད་པ་གསལ་བོ་རེད།  དེར་བརྟེན་ཚེ་རབས་ནས་ཚེ་རབས་སུ་འགྲོ་བའི་དོན་ལ་སྐྱེ་བའི་སྨོན་ལམ་བརྒྱབ་མཁན་དང་སེམས་ཤུགས་བསྐྱེད་མཁན་གྱི་མི་ཞིག་གིས་ཚེ་འདིར་ཕན་ཐོགས་གང་ལ་གང་འཚམ་ཡོང་བའི་སྐབས་སུ་འདུན་པ་བསྐྱེད་ནས་འགྲོ་བ་ཆོས་ཉིད་རེད། དེར་བརྟེན་ང་རང་ངོས་ནས་འདུན་པ་བསྐྱེད་ཀྱི་ཡོད། ད་ལྟ་བཤད་མ་ཐག་པ་བཞིན་བསྟན་པ་དང་འགྲོ་བའི་དོན་ལ་ཕན་པ་ཟེར་བ་ནི་ངོས་རང་ཁྲིའི་སྒང་ལ་བསྡད་དེ་བྱིན་རླབས་ཐོབ་རྒྱུ་ནི་ཡོད་པ་མ་རེད། 

སྟོན་པ་བཅོམ་ལྡན་འདས་ཀྱི་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱིས་མཚོན་པའི་གསུང་གི་དགོངས་དོན་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མ་རྣམས་དང་། ཟབ་མོ་ལྟ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་རྒྱ་ཆེ་བ་དང་ཟབ་མོའི་ལམ་གྱི་རིམ་པ་གསལ་པའི་ནཱ་ལེནྡྲའི་མཁས་པ་ཚོའི་གཞུང་དག་གི་སྙིང་དོན་ཆ་ཚང་བ་ཞིག་ངོས་ཀྱིས་ཤེས་ཀྱི་མེད་ཀྱང་། བསྡུས་བསྡུས་ཤིག་འཛམ་གླིང་འདིའི་སྟེང་གི་ནང་པའི་ཡུལ་གྲུ་ཁག་གི་ཆོས་གྲོགས་ཚོ་དང་། དེ་བཞིན་ནང་པའི་ཆོས་ལ་ཞུགས་མེད་མཁན་གྱི་ཆོས་བརྒྱུད་སྣ་ཚོགས་པའི་ཆོས་གྲོགས་ཚོ་ལ་ཡིན་ནའང་རེད། གང་ལྟར་གཞན་ཕན་གྱི་བློ་དེ་ཚང་མར་ཐུན་མོང་གི་ཉམས་ལེན་ཞིག་ཆགས་ཀྱི་ཡོད་པས་ཕན་ཚུན་གཅིག་གིས་གཅིག་ལ་ཆོས་གྲོགས་ཀྱི་འདུ་ཤེས་ཐོག་ནས་བློ་བསྐྱེད་ཞབས་འདེགས་སྒྲུབ་བཞིན་ཡོད་ལ་ཕན་ཐོགས་ཀྱང་གང་འཚམ་ཡོང་གི་འདུག དེ་བཞིན་ཆོས་དད་མེད་མཁན་ཚོ་ཡང་ཆོས་ལ་དད་པ་ཡོད་པ་མ་རེད་ཅེས་ཕར་བཞག་པ་མ་ཡིན་པར་ཆོས་དད་ཡོད་མེད་ལ་མ་ལྟོས་པར་སྨྲ་ཤེས་ཤིང་དོན་གོ་བའི་མི་ཞིག་ཆགས་ཡོད། དུད་འགྲོ་དང་བྱ་དང་བྱེའུ་ཚོ་སྐད་ཤེས་ཀྱི་མེད་པས་བྱེད་རྒྱུ་གང་ཡང་མེད། དུད་འགྲོ་ཉམས་ཐག་དེ་འདྲ་མཐོང་དུས་སེམས་སྐྱོ་ནས་འདུག་རྒྱུ་ལས་བྱེད་རྒྱུ་གང་ཡང་མི་འདུག འགྲོ་བ་མི་ལ་སྐད་ཀྱི་ཐོག་ནས་གོ་བརྡ་སྤྲོད་རྒྱུ་ཞིག་ཡོད་པ་རེད། དེར་བརྟེན་ང་རང་ངོས་ནས་སྒྲུབ་ཐུབ་མིན་ལ་མ་བལྟས་པར་ངོས་རང་འཛམ་གླིང་མི་གྲངས་དུང་ཕྱུར་བདུན་ཅུའི་གྲས་ཀྱི་མི་ཞིག་ཆགས་ཡོད་པས་སྤྱི་བའི་ལས་འགན་དེ་མི་སྒེར་སོ་སོ་ལའང་ཡོད་པ་རེད། དེ་ལྟ་བུའི་འདུ་ཤེས་དང་ངོས་འཛིན་བྱས་ཏེ་ཞབས་འདེགས་ཤིག་སྒྲུབ་བཞིན་ཡོད། གང་ལ་གང་འཚམ་ཕན་ཡང་ཐོགས་ཡོང་གི་འདུག དེའི་ནང་དམིགས་བསལ་དུ་ཆོས་དད་མེད་མཁན་གྱི་ཚན་རིག་པ་མང་པོ་ཞིག་ཡོད་པ་རེད། དེ་དག་ལའང་ངོས་རང་འབྲེལ་བ་གང་འཚམ་ཡོང་གི་ཡོད།  མཐོང་ཆོས་ལ་ཞབས་འདེགས་སྒྲུབ་པ་གང་འཚམ་ཡོང་གི་ཡོད་པས་ངོས་ནས་ཀྱང་ལུས་རྟེན་འདི་ལོ་གང་མང་མང་འཚོ་ཐུབ་ན་བསམ་པའི་སྨོན་ལམ་བརྒྱབ་ཀྱི་ཡོད། འདུན་པ་ཡང་གཏོང་གི་ཡོད། དེའི་ཐོག་ལ་ཁྱོད་རང་ཚོས་ཀྱང་༸གོང་ས་ལྔ་བ་ཆེན་པོའི་གསང་བ་རྒྱ་ཅན་ཁུངས་ཀྱི་ཆོ་གའི་ཐོག་སྒྲུབ་པ་སྔོན་དུ་སོང་ནས་དེ་རིང་བརྟན་བཞུགས་གནང་བ་རེད། ནུས་པ་ཞིག་ཏན་ཏན་ཡོང་གི་རེད།  དད་པ་དང་དམ་ཚིག་གི་ནུས་པ་དེ་གཙོ་བོ་རེད། དད་པ་དང་དམ་ཚིག་ལྡན་པའི་ཐོག་ནས་འདིར་གསུང་ཆོག་གནང་བ་རེད། ཐུགས་རྗེ་ཆེ། ཅེས་དང་། དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་གནང་བས་ཕྱོགས་གཅིག་ནས་ཆོས་དད་རང་དབང་ཐོབ་པ་སོགས་བཀའ་སྩལ། 

གཞན་ཡང་། ངོས་ཀྱི་རྨི་ལམ་ནང་བྱུང་བ་དང་སྔོན་གྱི་གཏེར་སྟོན་ཁ་ཤས་ཀྱི་ལུང་བསྟན་དེ་འདྲར་ཕལ་ཆེར་མིང་འདྲ་བོ་བྱས་ན་ངོས་རང་མིན་ནམ་བསམ། གཏེར་སྟོན་ཉི་གྲགས་ཀྱི་གསུང་ཁ་ཤས་ཤིག་ཡོད་པ་དང། ལོ་བརྒྱ་དང་བཅུ་གསུམ་འཚོ་ཡི་རེད་ཅེས་གཏེར་སྟོན་ཁ་ཤས་ཀྱིས་ལུང་བསྟན་འདུག ངོས་རང་ལའང་ལོ་བརྒྱ་དང་བཅུ་གསུམ་འཚོ་བའི་རྨི་ལམ་བྱུང་བ་རེད། ཡིན་ནའང་། དེ་ལྟ་བུ་ཞིག་འཚོ་རྒྱུ་ནི་ཁག་པོ་མིན་ནམ་བསམ་གྱི་འདུག ལོ་བརྒྱ་ལ་འདུག་ཐུབ་རྒྱུར་ངོས་རང་སྨོན་ལམ་རྒྱག་བཞིན་ཡོད་ལ་ཕལ་ཆེར་འཚོ་ཐུབ་ཀྱི་རེད། དེར་བརྟེན་ད་དུང་ལོ་བཅོ་ལྔ་ཉི་ཤུ་འཚོ་ཐུབ་ཀྱི་རེད། མཁྱེན་སོང་ངམ། གལ་ཆེ་ཤོས་ངོས་རང་བསྡད་ནས་མི་ལ་ཕན་པ་ཞིག་དགོས་པ་རེད་མ་གཏོགས་༸རྒྱལ་བ་རིན་པོ་ཆེ་ཡོད་ཟེར་བ་ཙམ་གྱིས་ཕན་གྱི་མ་རེད། དེར་བརྟེན། ཕན་པར་སྨྲས་ལ་མཆོད་པར་བྱ་བ་ནི།། བསྒོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན།། ཞེས་སྐྱེས་རབས་ལ་གསུངས་ཡོད། 

ང་རང་ངོས་ནས་ག་ཚོད་ཐུབ་ཐུབ་ཀྱིས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་ལྟ་བ་དང་། ལྷ་ཡི་རྣལ་འབྱོར་ཉམས་ལེན་བྱེད་ཀྱི་ཡོད། ཉམས་ལེན་བྱས་ཚེ་སེམས་བརྒྱུད་ལ་ཕན་གྱི་འདུག  ཆགས་སྡང་གི་བློ་ཉུང་དུ་ཕྱིན་ཚེ་སེམས་ལ་ཞི་བདེ་སླེབས་ཐུབ་པ་དང་དེའི་རྐྱེན་གྱིས་ལུས་ཀྱི་འབྱུང་བ་སྙོམས་ཀྱི་ཡོད།  དེར་བརྟེན་ངོས་ཀྱིས་ཆོས་གྲོགས་ཚོར་ཉམས་མྱོང་ཐོག་ནས་བཤད་ཀྱི་ཡོད། ཁྱོད་རང་ཚོས་ཀྱང་ཆོས་ཞེས་པ་ཁ་ནས་བཏོན་བསྡད་པ་ཙམ་མ་ཡིན་པར་སེམས་རྒྱུད་འདུལ་དགོས་པ་རེད། སེམས་རྒྱུད་མ་བཏུལ་བ་བྱེད་མཁན་ནི་ཆགས་སྡང་རེད། ཆགས་སྡང་ལ་དོ་སྣང་མ་བྱས་པར་ཆོས་བྱེད་ཀྱི་ཡིན་ཟེར་ན་ཡོང་རྒྱུ་མེད། རང་གི་སེམས་ནི་ཡོངས་སུ་འདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།། ཞེས་གསུངས་འདུག  སངས་རྒྱས་པའི་བསྟན་པ་དང་སངས་རྒྱས་པའི་ཆོས་ཟེར་བ་ལ་སེམས་རྒྱུད་འདུལ་དགོས་པ་རེད་མ་གཏོགས་སེམས་རྒྱུད་མ་བཏུལ་བར་སྔགས་བགྲང་བ་དང་ལྷ་ཡི་བསྙེན་པ་ལོ་ནས་ལོ་མཐུད་ནས་བཏང་བ་ཡིན་ནའང་ཆོས་སུ་སོང་ཡོད་པ་མ་རེད། སེམས་རྒྱུད་བཏུལ་ནས་གཟུངས་སྔགས་ལན་གཅིག་བགྲངས་པ་ཡིན་ནའང་འགྲིག་པ་རེད། དེར་བརྟེན་ཆོས་ལ་དད་མ་མེད་ན་གནས་ཚུལ་ཁ་ཁ་རེད། ཆོས་ལ་དད་པ་མེད་ཀྱང་སེམས་པ་བཟང་པོ་བྱེད་དགོས་པ་རེད་ཅེས་བཤད་ཀྱི་ཡོད།   དེ་ནི་ཆོས་ལ་དད་པ་མེད་མཁན་ཚོས་ཀྱང་སེམས་རྒྱུད་འདུལ་དགོས་པ་རེད་ཟེར་གྱི་ཡོད་པ་རེད། ང་རང་ཚོ་ཆོས་དད་ཡོད་མཁན་དང་། དེའི་ནང་ནས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དང་། དེའི་ནང་ཚན་ནས་བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བའི་ཆོས་ཚུལ་ཉམས་ལེན་བྱེད་མཁན་ཞིག་གིས་སེམས་རྒྱུད་མ་བཏུལ་ན་དངོས་གནས་བསྟན་པའི་ཞབས་འདྲེན་རེད། སངས་རྒྱས་ཀྱི་བསྟན་པ་ལ་ཕན་པའི་ཚབ་ཏུ་སངས་རྒྱས་ཀྱི་བསྟན་པ་ལ་གནོད་ཀྱི་རེད། དེར་བརྟེན་ཚང་མས་ཧུར་བསྐྱེད་གནང་རོགས། ཁྱོད་རང་ཚོས་བརྟན་བཞུགས་ཕུལ་ནས་ཚེ་རིང་པོ་ཡོང་བ་ཤོག་ཅེས་ཡར་སྐྱབས་འཇུག་ཞུ་གི་ཡོད་པ་རེད། ངོས་རང་ཁྱོད་རང་ཚོ་སེམས་རྒྱུད་བཏུལ་བ་ཞིག་དང་ཆོས་ཆོས་སུ་སོང་བ་ཞིག བཅོམ་ལྡན་འདས་ཀྱི་རྗེས་འབྲང་རྣལ་མ་ཞིག་བྱེད་རོགས་ཐུགས་རྗེ་གཟིགས་ཞེས་མར་སྐྱབས་འཇུག་ཞུ་གི་ཡོད། ཅེས་བཀའ་སློབ་སྩལ།

དེ་རྗེས་བཅོ་བརྒྱད་ཞབས་དྲུང་རིན་པོ་ཆེ་དང་། སྟག་ལུང་ཞབས་དྲུང་རིན་པོ་ཆེ། ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་རྣམ་པ་གསུམ་གྱིས་གཏང་རག་མཎྜལ་རྟེན་འབུལ་འདེགས་ཞུས་མཚམས་བསྟན་བཞུགས་གོ་སྒྲིག་ཞུ་མཁན་ཁུངས་ནས་མི་ཁག་གཅིག་གིས་མཇལ་ཁ་ཞུས་པ་དང་། དེ་ནས་བསྟན་འབར་མ། རིས་མེད་བསྟན་རྒྱས་སྨོན་ལམ་དབུ་ཚུགས་པ་དང་ལྷན་ཀ་ཁྲི་བསྒྲོག་དང་བདེན་ཚིག་སྨོན་ལམ་གྲུབ་རྗེས་འཕན་པོ་དང་པདྨ་བཀོད་པ་གཞིས་བྱེས་ཐུན་མོང་གིས་བརྟན་བཞུགས་བསྟར་འབུལ་མཇུག་ལེགས་པར་གྲུབ་སྟེ་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་།  ཐེངས་འདིར་བརྟན་བཞུགས་སུ་པདྨ་བཀོད་པ་དང་འཕན་པོ་མི་མང་གིས་གཙོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པ་དང་། སྤྱི་འཐུས་རྒྱུན་ལས་རྣམ་པ། དེ་བཞིན་ཆོས་བརྒྱུད་རིས་མེད་ཀྱི་གྲྭ་བཙུན་སྔགས་གསུམ། མི་མང་བཅས་ཁྱོན་མི་གྲངས་ ༣༠༠༠ བརྒལ་བ་ཕེབས་ཡོད་པ་བཅས།།