གཞིས་བྱེས་འཕན་པོ་དང་པདྨ་བཀོད་མང་ཚོགས་ནས་བརྟན་བཞུགས་སྐབས་སྩལ་བའི་བཀའ་སློབ།

མདུན་ངོས། / གཞིས་བྱེས་འཕན་པོ་དང་པདྨ་བཀོད་མང་ཚོགས་ནས་བརྟན་བཞུགས་སྐབས་སྩལ་བའི་བཀའ་སློབ།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞིས་བྱེས་འཕན་པོ་དང་པདྨ་བཀོད་སེར་སྐྱ་མང་ཚོགས་ནས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་སྐབས་སྩལ་བའི་གལ་ཆེའི་བཀའ་སློབ།

ཀ༽ བརྟན་བཞུགས་ཀྱི་གནས་ཚུལ་མཚམས་སྦྱོར།

 

དེ་ཡང་ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢ རེས་གཟའ་ལྷག་པ་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་དང་སྟབས་བསྟུན་གྱིས་གཞིས་བྱེས་འཕན་པོ་དང་པདྨ་བཀོད་ལྷ་སྡེ་མི་སྡེ་ཡོངས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཐའ་ཀླས་བསྟན་འགྲོའི་མགོན་དཔུང་དམ་པར་སྐུ་ཚེ་མི་ཞིག་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བརྟན་ཅིང་། རླབས་ཆེན་གྱི་ཐུགས་བཞེད་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་ཡོང་སླད། ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་གི་དབུ་བླ་སྐྱབས་རྗེ་ནམ་མཁའ་དྲི་མེད་རབ་འབྱམས་རིན་པོ་ཆེ་མཆོག་གིས་རྡོ་རྗེ་སློབ་དཔོན་གནང་སྟེ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་པའི་འདུས་མང་བཅས་པའི་མཁན་བླ་དགེ་འདུན་འདུས་པའི་སྡེ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་རྣམ་པ་དང་ཚོགས་དྲུང་། བཞུགས་སྒར་དྷ་རམ་ས་ལའི་ཁུལ་གྱི་ཚོགས་སྐྱིད་ཁག་གི་སྐུ་ཚབ། གཞན་ཡང་བྱེས་ཀྱི་འཕན་པོའི་ས་གནས་ཁག་ ༡༥ ཙམ་ནས་བརྟན་བཞུགས་འབུལ་མཁན་ ༢༠༠ མ་ཟིན་ཙམ་དང་། པདྨ་བཀོད་ཀྱི་ས་གནས་ཁག་ ༡༤ ནས་བརྟན་བཞུགས་འབུལ་མཁན་ ༡༣༠༠ ཙམ་གྱི་གཙོས་བཞུགས་སྒར་དྷ་རམ་ས་སའི་ཁུལ་གྱི་སེར་སྐྱ་མི་མང་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཡོང་བའི་ཡུལ་སྐོར་བ་སོགས་མི་གྲངས་ ༤༠༠༠ ཡས་མས་འཛོམས་ཐོག་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པའོ།།

 

ཁ༽ ༸གོང་ས་མཆོག་གི་གལ་ཆེའི་བཀའ་སློབ།

༡》   བསྟན་འགྲོའི་མཛད་བཟང་དང་།  དད་དམ་གྱི་ནུས་པ།

 

དེ་རིང་འདི་གར་རིན་པོ་ཆེས་རྡོ་རྗེ་སློབ་དཔོན་མཛད་ནས་ཁྱེད་རང་ཚོ་པདྨ་བཀོད་དང་། འཕན་པོའི་སྐྱིད་སྡུག་བཅས་བྱེས་འཁོད་ཡུལ་མི་ཚོས་གཞིས་ལུས་མི་མང་ཚོའི་བསམ་པ་དང་འདུན་པའི་ཚབ་བྱས་ཏེ་དེ་རིང་འདིར་བརྟན་བཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ལྟ་བུ་མཐའ་མལ་པ་ཞིག་ལ་སྐྱེས་འཆིའི་རང་དབང་མེད། འོན་ཀྱང་སུ་ཡིན་རུང་འཕེན་པ་དང་འདུན་པ་གནད་འགག་ཧ་ཅང་ཆེན་པོ་རེད། དེར་བརྟེན་ངོས་རང་ངོས་ནས་ཀྱང་། 

ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །

དེ་སྲིད་བདག་ནི་གནས་གྱུར་ནས།  །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །

ཅེས་སྨོན་ལམ་འདི་རྟག་ཏུ་རྒྱག་བཞིན་ཡོད། དེ་ཡང་ཚིག་ཙམ་གྱི་སྨོན་ལམ་མིན་པར་དངོས་གནས་སྙིང་ཁུང་རུས་པའི་གཏིང་ནས་སེམས་ཤུགས་སྐྱེས་ནས་ཉིན་རེ་བཞིན་དུ་སྨོན་ལམ་འདི་རྒྱག་བཞིན་ཡོད། དེར་བརྟེན་ད་ལྟ་ངོས་ཀྱི་མི་ཚེ་འདིར་དངོས་སུ་མིག་མཐོང་ལག་ཟིན་གྱིས་སངས་རྒྱས་ཀྱི་བསྟན་པ་དང་། འགྲོ་བའི་དོན་ལ་ཕན་ཐོགས་གང་འཚམ་ཡོང་གི་ཡོད། 

དེ་དང་ཆབས་ཅིག་བོད་གངས་ཅན་ལྗོངས་ཀྱི་བསྟན་པ་དང་འགྲོ་བའི་དོན་ལ་ཕན་ཐོགས་ཡོད་པ་གསལ་པོ་ཡིན་སྟབས། ཚེ་རབས་ནས་ཚེ་རབས་འགྲོ་བའི་དོན་བྱེད་རྒྱུའི་སྨོན་ལམ་རྒྱག་མཁན་དང་། སེམས་ཤུགས་སྐྱེ་མཁན་གྱི་མི་གཅིག་གིས་ཚེ་འདིར་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་གང་འཚམ་ཡོང་སྐབས་འདུན་པ་སྐྱེ་ནས་འགྲོ་རྒྱུ་ནི་ཆོས་ཉིད་རེད། ངོས་ཀྱི་ངོས་ནས་འདུན་པ་འདི་ལྟར་སྐྱེ་བཞིན་ཡོད། ད་ལྟ་བཤད་མ་ཐག་པ་ལྟར། བསྟན་པ་དང་འགྲོ་བའི་དོན་ལ་ཕན་པ་ཟེར་བ་འདི་ངོས་རང་ཁྲིའི་ཐོག་ཏུ་བསྡད་ནས་བྱིན་རླབས་ཐོབ་པ་ཟེར་བ་དེ་འདྲ་གང་ཡང་མེད། 

སྟོན་པ་བཅོམ་ལྡན་འདས་ཀྱི་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱིས་མཚོན་པའི་གསུང་དེ་དག་གི་དགོངས་དོན་རྒྱ་གར་གྱི་མཁས་པ་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མ་རྣམས་དང་། ཟབ་མོ་ལྟ་བརྒྱུད་ཀྱི་བླ་མ་བཅས་ལས། དེ་ལྟ་བུའི་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པའི་དཔལ་ནཱ་ལེནྡྲའི་མཁས་པ་རྣམས་ཀྱི་གཞུང་འདི་དག་ངོས་ཀྱིས་རྒྱ་ཆེན་པོ་གང་ཡང་མི་ཤེས་ཀྱང་། སྙིང་དོན་ཞིག་འཛམ་བུ་གླིང་འདིའི་སྒང་ལ་རིས་སུ་མ་ཆད་པའི་ནང་པའི་ཡུལ་གྲུ་རྣམས་ཀྱི་ཆོས་གྲོགས་ཚོ་དང་ཕྱོགས་མཚུངས་ནང་པའི་ཆོས་ལ་ཞུགས་མེད་མཁན་ཆོས་བརྒྱུད་སྣ་ཚོགས་པའི་ཆོས་གྲོགས་ཚོར་ཡིན་ནའང་། གང་ལྟར་གཞན་ཕན་གྱི་བློ་འདི་ཚང་མས་ཐུན་མོང་ཐོག་གཅིག་གྱུར་གྱིས་ཉམས་ལེན་བྱེད་དགོས་པ་ཞིག་ཆགས་ཡོད།

དེར་བརྟེན་ཕན་ཚུན་ཆོས་གྲོགས་ཀྱི་འདུ་ཤེས་ཐོག་ནས་བློ་སྐྱེས་ཞབས་འདེགས་བསྒྲུབ་རྒྱུ་ལྟ་བུ་བྱེད་བཞིན་ཡོད། བྱས་ནས་ཕན་ཐོགས་ཀྱང་གང་འཚམ་མཐོང་ཆོས་སུ་ཡོང་བཞིན་འདུག དེ་དང་ཕྱོགས་མཚུངས་ཆོས་དད་མེད་མཁན་དག་ལ་མཚོན་ནའང་ཁོང་ཚོ་ཆོས་དད་མེད་མཁན་རེད། ཅེས་ཟུར་འབུད་མ་བྱས་པར་ཆོས་ལ་དད་པ་ཡོད་མིན་ལ་མ་ལྟོས་པར་སྨྲ་ཤེས་དོན་གོ་བའི་མི་ཞིག་ཡིན་སྟབས། དུད་འགྲོ་བྱ་དང་བྱིའུའི་རིགས་ནི་སྨྲ་ཤེས་དོན་མི་གོ་བས་བྱ་རྒྱུ་གང་ཡང་མེད། བྱ་བྱིའུ་སོགས་དུད་འགྲོ་ཉམ་ཐག་པ་དེ་རིགས་མཐོང་སྐབས་སེམས་པ་སྐྱོ་ནས་སྡོད་རྒྱུ་ལས་བྱ་རྒྱུ་གང་ཡང་མེད། འགྲོ་བ་མི་ལ་སྐད་ཀྱི་ཐོག་ནས་གོ་བརྡ་སྤྲོད་རྒྱུ་ཞིག་ཡོད། དེར་བརྟེན་ངོས་ཀྱིས་དུས་རྟག་ཏུ་འཛམ་གླིང་འདིའི་སྟེང་འགྲོ་བ་མི་དུང་ཕྱུར་བདུན་ཅུ་ཡོད་པའི་ཁོངས་ནས་ངོས་རང་ཡང་མི་གཅིག་ཡིན་སྟབས། ཕན་ཐོགས་གང་ཐུབ་སྒྲུབ་ཐབས་བྱེད་བཞིན་ཡོད། སྒྲུབ་ཐུབ་པ་ཁག་པོ་ཡིན་ནའང་སྤྱི་པའི་ལས་འགན་དེ་མི་སྒེར་སོ་སོར་ཡོད་སྟབས། འདུ་ཤེས་དང་ངོས་འཛིན་དེ་ལྟ་བུའི་ཐོག་ནས་ཞབས་འདེགས་སྒྲུབ་ཐབས་བྱེད་བཞིན་ཡོད་ལ། ཕན་ཐོགས་ཀྱང་གང་འཚམ་ཡོང་གི་འདུག དེའི་ཁྲོད་ནས་དམིགས་བསལ་ཆོས་དད་མེད་མཁན་ཚན་རིག་པ་མང་པོ་ཞིག་ཡོད་ཅིང་། ཁོང་རྣམས་དང་འབྲེལ་བ་གང་འཚམ་ཡོང་བཞིན་ཡོད། 

དེར་བརྟེན་གང་ལྟར་ད་ལྟ་དངོས་སུ་མཐོང་ཆོས་སུ་གཞན་དོན་བསྒྲུབ་རྒྱུ་གང་འཚམ་ཡོང་བཞིན་པར་བརྟེན་ངོས་ནས་ཀྱང་ལུས་རྟེན་འདི་ལོ་གང་མང་མང་ཞིག་འཚོ་ཐུབ་ན་བསམ་པའི་སྨོན་ལམ་འདི་ལྟར་རྒྱག་བཞིན་ཡོད་ལ། འདུན་པའང་དེ་ལྟར་གཏོང་བཞིན་ཡོད། དེའི་ཐོག་ནས་ཁྱེད་རང་ཚོ་ཡིན་ནའང་འདིར་༸གོང་ས་ལྔ་པ་ཆེན་པོའི་དག་སྣང་གསང་བ་རྒྱ་ཅན་གྱི་ནང་ཚན་ཆོ་ག་འདིའི་ཐོག་ནས་སྒྲུབ་པ་སྔོན་དུ་སོང་བའི་སྒོ་ནས་བརྟན་བཞུགས་གནང་བ་འདི་ལྟར་ཆགས་ཡོད། ནུས་པ་ཞིག་ངེས་པར་དུ་ཡོང་ངེས་རེད། གཙོ་ཆེ་ཤོས་དད་པ་དང་དམ་ཚིག་གི་ནུས་པ་དེ་ཆགས་ཡོད། དད་པ་དང་དམ་ཚིག་ལྡན་པའི་ཐོག་ནས་གསུང་ཆོག་གནང་ནས་འདི་ལྟར་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

༢》 བདུད་འཇོམས་རིན་པོ་ཆེ་དང་། སྔར་གྱི་བྱུང་རབས།

 

འཕན་པོ་བ་ཚོར་མཚོན་ནའང་ངོས་ཀྱིས་རྟག་ཏུ་འཕན་པོ་ཤིག་གཟན་པ། ཞེས་རྩེད་མོ་དང་སྦྲགས་འདི་ལྟར་བརྗོད་བཞིན་ཡོད། གང་ཡིན་བརྗོད་ན་འཕན་པོ་བ་ཚོས་ཤིག་སོགས་སེན་མོའི་བར་བཙིར་ནས་གསོད་སྐབས་གྲོད་པ་རྒྱག་རྒྱུ་གང་ཡང་མེད་ཀྱང་སྣང་བ་སྐྱིད་པོ་འདུག ཅེས་ཤོད་སྲོལ་ཡོད། ཅེས་ཞལ་ཤོབ་མཛད་རྗེས་མུ་མཐུད་བཀའ་སློབ་སྩལ་དོན།

ཕྱོགས་མཚུངས་པདྨ་བཀོད་པ་ཚོར་མཚོན་ན་བསམ་པ་རྣམ་དག་རེད། རྒྱ་གར་ཤར་ཕྱོགས་སུ་བོད་མིའི་གཞིས་ཆགས་ཁག་ཏུ་པདྨ་བཀོད་པ་མང་པོ་ཞིག་ཡོད། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའང་ཕལ་ཆེར་པདྨ་བཀོད་པ་རེད། བདུད་འཇོམས་རིན་པོ་ཆེ་དགའ་ལྡན་ཕོ་བྲང་ལ་ཐུགས་ཞེན་ཆེན་པོ་ཧ་ལས་དགོས་པ་ཞིག་ཡོད། ངོས་རང་ཅུང་ཟད་ཡ་མཚན་སྐྱེ་བཞིན་ཡོད་ལ། ཕྱིས་སུ་ངོ་མཚར་སྐྱེ་བཞིན་འདུག སྐབས་དེར་ངོས་ཀྱིས་ཤུགས་ལྡན་བསྟེན་བཞིན་ཡོད། འོན་ཀྱང་རིན་པོ་ཆེར་མཚན་ལམ་བྱུང་བའི་སྐོར་སོགས་ངོས་ལ་ཧ་ཅང་མང་པོ་གསུང་མྱོང་ཡོད། བོད་ཀྱི་བསྟན་སྲིད་དོན་དུ་ཐུགས་ཁུར་ཧ་ཅང་ཆེན་པོ་ཡོད། རིན་པོ་ཆེ་འཚོ་ཞིང་གཞེས་སྐབས་ངོས་ཀྱིས་རིས་མེད་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་མདུན་ནས་ཆོས་ཞུ་རྒྱུ་སྐབས་དེར་འགོ་ཚུགས་མེད། གང་ལྟར་སྐབས་དེར་ངོས་ཀྱིས་དོལ་རྒྱལ་བསྟེན་བཞིན་ཡོད། དེར་བརྟེན་ཆོས་བརྒྱུད་གཙང་མ་དགོས། ཟེར་ནས་རྙིང་མ་ལ་སོགས་པའི་ཆོས་བརྒྱུད་གཞན་ནས་གསུང་ཆོས་ཞུ་རྒྱུ་མི་བདེ་བ་ཡོང་བཞིན་ཡོད།

ཕྱིས་སུ་ངོས་ཀྱིས་ཕྱི་ནང་གི་བརྟག་པ་རིམ་པར་བྱས་ནས་མཐར་ཐག་གཙང་མ་བཅད་པ་དང་། ཕྱོགས་གཅིག་ནས་བསམ་བློ་གཏོང་སྐབས་ངོས་ལ་ཆོས་དད་རང་དབང་ཐོབ་པ་རེད། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་གཙོས་བླ་མ་མང་པོ་ཞིག་སྐུ་མདུན་ནས་གསུང་ཆོས་ཞུས་པ་རེད། སྐབས་དེར་བདུད་འཇོམས་རིན་པོ་ཆེ་འཚོ་ཞིང་གཞེས་ཡོད་ན་ངོས་ཀྱིས་ཆོས་འབྲེལ་ཞུ་ངེས་རེད།

དེར་བརྟེན་བདུད་འཇོམས་རིན་པོ་ཆེ་མཆོག་པདྨ་བཀོད་པ་རེད་ལ་ངོས་དང་དམིགས་བསལ་འབྲེལ་བ་ཞིག་ཀྱང་ཡོད་སྟབས། དེ་རིང་འདིར་པདྨ་བཀོད་པ་ཚོས་རྒྱ་གར་ཤར་ནས་འདི་གར་ས་ཐག་ཧ་ཅང་རིང་པོ་དང་། འགྲོ་སོང་ཡང་ཆེན་པོ་རེད། འོན་ཀྱང་ཁྱེད་རང་ཚོས་དད་དམ་གཡོ་བ་མེད་པར་དེ་རིང་འདིར་འདུས་ནས་བརྟན་བཞུགས་སྨོན་ལམ་བཏོན་པར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།  

ཕྱོགས་མཚུངས་དེ་རིང་ཁྱེད་རང་ཚོས་འདིར་ཀུན་མཁྱེན་འཇིགས་མེད་གླིང་པའི་གསུང་ཚོགས་གླུ་ཞིག་འདུག་པ་གདངས་དབྱངས་དང་བཅས་ཏེ་ཁྱེད་རང་ཚས་བཏོན་པ་འདི་ཧ་ཅང་སྙིང་རྗེ་པོ་དང་། སེམས་ལའང་ཕན་པོ་ཧ་ཅང་ཡག་པོ་ཞིག་འདུག་ལ། འདི་དཔེ་གསར་ལྟ་བུ་ཞིག་རེད་འདུགས་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། 

༣ 》   ཀྲུ་ཀྲིང་དུ་ཆིབས་སྒྱུར་དང་། ཞལ་བཞེས་ཀྱི་བཀའ་བཟང་།

 

ཁྱེད་རང་ཚོ་མང་ཆེ་བ་ཕལ་ཆེར་རྡོར་གདན་དུ་དུས་དབང་སྐབས་ཐུག་རྒྱུ་ཡོང་ལས་ཆེ། ལོ་རྗེས་མའི་ཕྱི་ཟླ་གསུམ་པའི་ནང་དུ་ངོས་རང་རྒྱ་གར་ཤར་ཕྱོགས་སུ་འགྲོ་རྒྱུའི་ལས་རིམ་ཞིག་བང་རིམ་བསྒྲིགས་ཡོད། སྐབས་དེར་རྒྱ་གར་ཤར་ཁུལ་གྱི་བོད་མིའི་ས་ཁུལ་ཚང་མར་བསླེབས་མིན་མི་ཤེས། འོན་ཀྱང་ས་ཁུལ་ག་ཚོད་ཁྱབ་ཁྱབ་ཏུ་འགྲོ་དགོས་བསམ་པ་དྲན་བཞིན་ཡོད། འདི་གར་སློབ་དཔོན་ནས་ཀྱང་ཀྲུ་ཀྲིང་གཞིས་ཆགས་ལ་ཕེབས་རོགས་གསུངས་བྱུང་། ཁ་སྔོན་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སོགས་མང་པོ་ཞིག་དང་ཐུག་འཕྲད་བྱུང་ཞིང་། ཕལ་མོ་ཆེ་ངོས་ཤེས་ཤ་སྟག་རེད་འདུག སྐབས་དེར་ཁོང་ཚོས་ངོས་རང་རྒྱ་གར་ཤར་ཕྱོགས་སུ་ཕེབས་རོགས་གསུངས་བྱུང་།

སྔར་ཡང་སྐད་ཆ་ཞིག་བྱུང་བ་རེད་ལ། ཉེ་ལམ་ཡང་དེ་མཚུངས་སྐད་ཆ་བྱུང་སྐབས་ཕལ་ཆེར་ཕྱི་ཟླ་ ༣ པའི་ནང་དུས་ཚོད་ཡོད་པ་ལྟ་བུ་ཞིག་དང་། གནམ་གཤིས་ཀྱང་སྐབས་དེར་ཡག་པོ་ཡོད་པ་ལྟ་བུ་འདུག དེར་བརྟེན་ངོས་རང་ཡོང་ཆོག་ཅེས་ཞུས་པ་ཡིན། ས་གནས་ཁག་མང་པོ་ཞིག་ལ་སྔར་ལོ་ན་གཞོན་སྐབས་རླངས་འཁོར་ནང་བསྐྱོད་སྐབས་དཀའ་ངལ་གང་ཡང་མེད། ད་ཆ་བླ་རྒན་ལོ་ན་ ༨༡ དང་ ༨༢ སྒང་ལ་བསླེབས་ཡོད་སྟབས། བན་རྒན་བླ་རྒན་ཞིག་ཆགས་ཡོད་སྟབས་མོ་ཊའི་ནང་ཡུན་རིང་འགྲོ་དགོས་བྱུང་ན་ཟུང་ཟད་དཀའ་ངལ་ཡོད། འོན་ཀྱང་ས་གནས་གཞུང་ནས་ཐད་འཕུར་གནམ་གྲུ་གོ་སྒྲིག་ཡོད་སྟབས་དཀའ་ངལ་གང་ཡང་མེད་སྐོར་གསུངས་བྱུང་། སྔ་ཡང་དེ་ལྟར་བྱས་ནས་ཕྱིན་པ་ཡིན། དེར་བརྟེན་ཐེངས་འདིར་ཀྲུ་ཀྲིང་ལ་འཁྱུག་ཙམ་ཕྱིན་ཏེ་ཁྱེད་རང་ཚོ་དང་ཐུག་རྒྱུ་ཡིན། སྔར་ངོས་རང་ཐེངས་གཅིག་བསླེབས་པ་རེད། དེར་བརྟེན་ཁྱེད་རང་ཚོ་པདྨ་བཀོད་པ་ཚོ་དང་ཐུག་རྒྱུ་ཡོང་གི་རེད། ཚང་མ་སེམས་སྐྱིད་པོ་དང་བློ་བདེ་པོ་བྱས་ནས་བཞུགས། 

 

༤ 》  སྔོན་གྱི་ལུང་བསྟན་དང་། ༸ཞབས་པད་ཡུན་བརྟན།

 

གང་ལྟར་ངོས་ཀྱི་རྨི་ལམ་ནང་བཏང་བ་དང་། དེ་བཞིན་ཕལ་ཆེར་སྔོན་གྱི་གཏེར་སྟོན་འགའ་ཤས་ཀྱིས་ལུང་བསྟན་དེ་རིགས་འགའ་ཤས་ནང་མིང་སྒྲ་ལྟར་ན་ཕལ་ཆེར་ངོས་རང་མིན་ནམ་སྙམ་པ་དེ་ལྟར་ཡོད། དཔེར་ན་གཏེར་སྟོན་ཉི་གྲགས་ཀྱི་གསུང་འགའ་ཤས་ཡོང་བ་ཡོད། དེའི་ནང་ལོ་ ༡༡༣ འཚོ་རྒྱུ་རེད། ཅེས་གཏེར་སྟོན་འགའ་ཤས་ཀྱི་ལུང་བསྟན་དེ་ལྟར་འདུག་ལ། ངོས་རང་གི་རྨི་ལམ་ནང་དུའང་ལོ་ ༡༡༣ འཚོ་རྒྱུའི་རྨི་ལམ་དེ་འདྲ་བཏང་བྱུང་། འོན་ཀྱང་དེ་ཙམ་འཚོ་རྒྱུ་གང་འདྲ་ཡིན་ནམ། ཁག་པོ་མིན་ནམ་བསམ་བཞིན་འདུག འོན་ཀྱང་ལོ་བརྒྱ་བར་སྡོད་ཐུབ་ཆེད་ངོས་ཀྱིས་སྨོན་ལམ་རྒྱག་བཞིན་ཡོད་ལ། དེ་བར་འཚོ་ཐུབ་པ་ཕལ་ཆེར་ཡོང་གི་རེད། དེར་བརྟེན་ད་དུང་ལོ་བཅོ་ལྔ་ཉི་ཤུ་འཚོ་ཐུབ་པ་ཡོང་གི་རེད། 

 

༥》   ཕན་པའི་བསམ་པ་དང་། རང་སེམས་འདུལ་ཐབས། 

 

གལ་གནད་ཆེ་ཤོས་ནི་ངོས་རང་གསོན་པོར་གནས་ནས་མི་ལ་ཕན་པ་ཞིག་དགོས། དེ་མིན་༸རྒྱལ་བ་རིན་པོ་ཆེ་ཡོད་པ་རེད་ཅེས་བརྗོད་རྒྱུ་ཙམ་བྱས་ན་ཕན་ཐོགས་མེད། 

ཕན་པའི་ལན་དུ་མཆོད་པ་བྱ་བ་ནི། །བསྒོ་བའི་ཚིག་བཞིན་ཉམས་སུ་བླངས་པ་ཡིན། །

ཞེས་སྐྱེས་རབས་ལས་གསུངས་པ་ལྟར་རེད། དེར་བརྟེན་ངའི་ངོས་ནས་གང་ཐུབ་ཅི་ཐུབ་ཀྱི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ། དེ་དང་འབྲེལ་ནས་ལྷའི་རྣལ་འབྱོར་འདྲ་མིན་ཉམས་ལེན་བྱེད་བཞིན་ཡོད། དེར་བརྟེན་ངོས་ཀྱིས་ཉམས་ལེན་བྱས་ནས་སེམས་རྒྱུད་ལ་ཕན་བཞིན་འདུག སེམས་ནང་ཞི་བདེ་ཡོང་བ་དང་། དེ་ལ་བརྟེན་ནས་ལུས་ཀྱི་འབྱུང་བ་དེ་དག་བསྙོམས་ནས་སེམས་ནང་ཆགས་སྡང་གི་བློ་དེ་དག་ཉུང་དུ་འགྲོ་སྐབས་སེམས་ནང་ཞི་བདེ་ཡོང་བཞིན་ཡོད། དེར་བརྟེན་ལུས་ཀྱི་འབྱུང་བ་བསྙོམས་པོ་ཡོང་བཞིན་འདུག དེར་བརྟེན་ངོས་ཀྱི་ཆོས་གྲོགས་ཚོར་ངོས་ཀྱི་ཉམས་མྱོང་གི་ཐོག་ནས་བརྗོད་བཞིན་ཡོད་པས་ཁྱེད་རང་ཚོས་ཀྱང་ཆོས་ཞེས་བརྗོད་སྐབས་ཁ་ཙམ་ནས་འདོན་རྒྱུ་ཞིག་མིན། ཆོས་ཞེས་བརྗོད་སྐབས་སེམས་རྒྱུད་དུལ་བ་ཞིག་དགོས། སེམས་རྒྱུད་མ་དུལ་བ་བྱེད་མཁན་དེ་ཆགས་སྡང་གི་བློ་ཡིན་ལ། ཆགས་སྡང་གི་བློ་དེར་དོ་སྣང་གང་ཡང་མ་བྱས་པར་ངས་ཆོས་ཤིག་བྱ་རྒྱུ་ཡིན། ཞེས་བརྗོད་ན་ཡོང་རྒྱུ་གང་ཡང་མེད། 

རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །

ཞེས་གསུངས་ཡོད། སངས་རྒྱས་ཀྱི་བསྟན་པ་ཞེས་བརྗོད་སྐབས་སེམས་རྒྱུད་དུལ་དགོས་པ་ལས། སེམས་རྒྱུད་མ་དུལ་ན་སྔགས་བགྲངས་པ་དང་། ཕྱག་འཚལ་སྐོར་སྦྱོང་བྱས་པ་ལྟ་བུས་ཕན་ཐོགས་མེད། སེམས་རྒྱུད་དུལ་ན་གཟུངས་སྔགས་ལན་གཅིག་བགྲངས་ནའང་འགྲིག་པ་རེད། 

དེར་བརྟེན་ཆོས་ལ་དད་པ་མེད་ན་གནས་ཚུལ་ཐ་དད་རེད། ཆོས་ལ་དད་པ་མེད་ནའང་སེམས་པ་བཟང་པོ་བྱེད་དགོས་ལ། སེམས་རྒྱུད་དུལ་དགོས་ཞེས་ངོས་ཀྱིས་གོང་དུ་བརྗོད་སྐབས་ང་ཚོ་ཆོས་དད་ཡོད་མཁན་ཡིན་པ་ཙམ་དུ་མ་ཟད། སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་། དེའི་ནང་ཚན་ནས་བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བའི་ཆོས་ཚུལ་འདི་ལྟ་བུ་ཞིག་ཉམས་ལེན་བྱེད་མཁན་ཞིག་གིས་སེམས་རྒྱུད་མ་དུལ་ན། དངོས་གནས་བསྟན་པའི་ཞབས་འདྲེན་རེད། སང་རྒྱས་ཀྱི་བསྟན་པར་ཕན་རྒྱུའི་ཚབ་ཏུ་གནོད་རྒྱུ་རེད། དེར་བརྟེན་ཚང་མས་ཧུར་སྐྱེད་གནང་རོགས་གནང་། 

ཁྱེད་རང་ཚོས་ངོས་ལ་བརྟན་བཞུགས་ཕུལ་ནས་ཚེ་རིང་པོ་ཡོང་བར་ཤོག་ཅེས་ཡར་སྐྱབས་འཇུག་ཞུ་བཞིན་ཡོད། ངོས་ཀྱིས་མར་སྐྱབས་འཇུག་ཞུ་བཞིན་ཡོད། ཁྱེད་ཚོ་ཚང་མ་སེམས་རྒྱུད་དུལ་བ་ཞིག་བྱས་ནས་ཆོས་ཆོས་སུ་སོང་བ་ཞིག་དང་། བཅོམ་ལྡན་འདས་ཀྱི་རྗེས་འབྲང་རྣལ་མ་ཞིག་བྱེད་རོགས་གནང་ཐུགས་རྗེས་གཟིགས།  ཞེས་མར་སྐྱབས་འཇུག་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ།།   །།

 

ཡིག་འབེབ་ཞུ་བ་པོ།  རྣམ་གྲྭ་ཐུབ་བསྟན་ཡར་འཕེལ།