ནང་ཆོས་ཀྱི་སྙིང་པོ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་བ།

 

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧  ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་ནས་ཉི་ཧོང་དུ་མང་ཚོགས་ལ་བཀའ་སློབ་དང་ཆོས་འབྲེལ་སོགས་ཀྱི་མཛད་འཕྲིན་ཆེད་ཆིབས་སྒྱུར་བསྐྱངས་ཡོད་པ་དང་།  ཚེས་ ༨ ཉིན་ཉི་ཧོང་གྱི་རྒྱལ་ས་ཊོག་ཡོའི་ན་རི་ཏ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད།

དེ་ཡང་གནམ་ཐང་དུ་རྒྱ་གར་གཞུང་ཚབ་ཁང་གི་སྐུ་ཚབ་དང་ཉི་ཧོང་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས།དེ་བཞིན་སེ་ཕུ་སློབ་གྲྭ་ཆེ་བའི་ (Seifu High School) སློབ་སྤྱི་སྐུ་ཞབས་ཧི་རའོ་ཀ་ཀོའི་ཅི་ (Mr Hiraoka Kouichi) མཆོག་དང་། གདན་ཞུ་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་དང་།  ཁུལ་དེར་ཡོད་པའི་རང་རིགས་མི་གྲངས་བརྒྱ་ཕྲག་བརྒལ་བས་གནམ་ཐང་གི་སྐུ་ངལ་གསོ་སའི་མགྲོན་ཁང་དུ་དཀར་གཙང་མཇལ་དར་ཐོགས་ནས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་ཞུས་པ་དང་། དེ་རྗེས་གསར་འགོད་པ་ཁག་གཅིག་གིས་བཀའ་འདྲི་ཞུས་ངོར།ངོས་རང་གཞོན་སྐྱེས་ཚོ་དང་ཐུག་ནས་སྐད་ཆ་བཤད་རྒྱུར་དགའ་པོ་ཡོད།གང་ཡིན་བརྗོད་ན་ཁོང་ཚོར་དུས་རབས་ ༢༡ འདི་ཞི་བདེ་བརྟན་ལྷིང་ལྡན་པའི་དུས་རབས་ཤིག་བཟོ་རྒྱུའི་འགན་དབང་ཡོད། ཅེས་བཀའ་ལན་སྩལ་བ་མ་ཟད། དོན་དམ་གྱི་བདེ་སྐྱིད་དེ་སེམས་ནང་ཞི་བདེ་བསྐྲུན་ནས་ཡོང་དགོས་པ་ལས་ཕྱི་དངོས་པོའི་མཐུན་རྐྱེན་རྐྱང་པས་བདེ་སྐྱིད་ངོ་མ་སྐྲུན་ཐབས་མེད། དེར་བརྟེན་ནང་གཤིས་རྒྱུད་དང་འབྲེལ་བའི་བྱམས་པ་དང་བརྩེ་བ་སོགས་བཟང་པོའི་རིན་ཐང་དེ་དག་གོང་མཐོར་གཏོང་རྒྱུ་ཧ་ཅང་དགོས་གལ་ཆེན་པོ་ཆགས་ཡོད་ཞེས་སོགས་བཀའ་ལན་སྩལ།

ཚེས་ ༩ ཉིན་ཉི་ཧོང་གི་གྲོང་ཁྱེར་ཀྱོ་ཏོའི་ (Kyoto) ནང་གི་ཧོན་གན་ཇི་དགོན་པར་ (Honganji Temple) ༸ཞབས་སོར་འཁོད་ཡོད་པ་དང་།  སྐབས་དེར་དགོན་པའི་དབུ་བླ་སྐུ་ཞབས་ཨོ་ཏཱ་ནི་ཅུ་ཇུ་ཡོན་ (Venerable Otani Choujyun)   མཆོག་གིས་གཙོས་དད་ལྡན་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།   དེ་རྗེས་སློབ་ཕྲུག་ཁག་གཅིག་གིས་༸གོང་ས་མཆོག་ལ་ (Arigatou no hana) ཞེས་པའི་འཚམས་འདྲིའི་གླུ་དེ་དབྱངས་སུ་གྱེར་བ་དང་༸གོང་ས་མཆོག་གིས་ན་གཞོན་སློབ་མ་ཚོར་ཐུགས་བརྩེ་ཆེན་པོས་འཚམས་འདྲི་མཛད་རྗེས།  དགོན་པའི་དབུ་བླ་མཆོག་སྐུའི་ཉེ་འཁྲིས་སུ་འབོད་གནང་མཛད་ནས་ནང་ཆོས་ཀྱི་སྙིང་པོ་ཞེས་པའི་བརྗོད་གཞིའི་ཐོག་སྔ་དྲོ་ཆུ་ཚོད་ ༡༡ སྟེང་དད་ལྡན་ཚོགས་བཅར་བ་མི་གྲངས་ ༦༠༠ བརྒལ་བར་བཀའ་སློབ་སྩལ་དོན།  

ཉི་ཧོང་སྤྱི་ཡོངས་ནས་བཤད་པ་ཡིན་ན་ནང་པའི་རིག་གཞུང་དང་ཆོས་ཡོད་པ་ཞིག་ཆགས་ཡོད། ངོས་ཀྱིས་དུས་རྒྱུན་འདི་ལྟར་བརྗོད་བཞིན་ཡོད། ནང་ཆོས་བྱེད་མཁན་ཚོས་དུས་རབས་ ༢༡ ནང་པ་ཞིག་བྱེད་དགོས།  དུས་རབས་ ༢༡ ནང་པ་ཞེས་པ་འདི་གང་ཡིན་བརྗོད་ན། དེང་སྐབས་སྤྱིར་ཤེས་ཡོན་དང་ཚན་རིག་ཧ་ཅང་ཡར་རྒྱས་འགྲོ་བཞིན་པའི་སྐབས་འདིར། ནང་ཆོས་ཀྱི་ལྟ་གྲུབ་དེ་དད་པ་གཅིག་པུ་མིན། བརྟག་དཔྱད་བྱས་ནས་རྒྱུ་མཚན་མང་པོར་བསམ་བློ་བཏང་ནས་འགྲོ་རྒྱུ་ཞིག་ཡོད། ཚན་རིག་པས་གནད་དོན་གང་དང་གང་ཡིན་ནའང་དེར་བརྟག་དཔྱད་བྱས། ཚོད་ལྟ་བྱས་ནས་བདེན་དོན་འཚོལ་བཞིན་ཡོད། དངོས་ཡོད་གནས་ཚུལ་གང་ཡིན་ཐམས་ཅད་དེའི་ཐོག་ནས་ཐག་གཅོད་བྱེད་བཞིན་ཡོད། སངས་རྒྱས་པའི་ཆོས་སྤྱི་དང་ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ལ་མཚོན་ནའང་དེ་མཚུངས་ཆགས་ཡོད། སྟོན་པ་བཅོམ་ལྡན་འདས་ཀྱི་བཀའ་ཡིན་ནའང་རིག་པ་དང་འགལ་བ་ཞིག་འདུག་ན་དེར་མི་བརྩི། དེ་ཡང་སྟོན་པ་བཅོམ་ལྡན་འདས་རང་ཉིད་ཀྱིས་ཞལ་ནས།

དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླངས་བར་བྱ་ཡི་གུས་ཕྱིར་མིན།། ཞེས་གསུངས།

དེར་བརྟེན་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་འགྲོ་སྟངས་འདི་གང་ལ་ཡིན་ནའང་བརྟག་དཔྱད་བྱས་ནས་འགྲོ་རྒྱུ་མ་གཏོགས་ལམ་སང་སྐྱབས་སུ་མཆི།ཞེས་པ་དེར་ཇབ་དེ་ཙམ་མེད། འགྲོ་སྟངས་འདི་ཚན་རིག་པའི་འགྲོ་སྟངས་དང་ཧ་ཅང་མཐུན་པོ་འདུག  ངོས་ཀྱིས་འཛམ་གླིང་འདིའི་སྟེང་གྱི་ཆོས་ལུགས་ཚང་མས་ཆོས་ཕྱོགས་ཀྱི་ཐོག་ནས་བྱམས་བརྩེའི་བསླབ་བྱ་རྒྱག་བཞིན་ཡོད། དེར་བརྟེན་ཆོས་ལུགས་ཚང་མ་ང་ཚོར་ཕན་ཐོགས་ཡོད་སྟབས།ཆོས་ལུགས་ཚང་མར་མཐུན་པོ་དང་གུས་ཞབས་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། འོན་ཀྱང་ལྟ་གྲུབ་ཤོད་སྐབས་མི་འདྲ་བ་རེད། སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་འགྲོ་སྟངས་འདི་རྦད་དེ་མི་འདྲ་བ་རེད།

ཉི་ཧོང་ཆོས་གྲོགས་མང་པོ་ཞིག་གིས་ང་ཚོ་བོད་ཀྱི་དགོན་སྡེ་རིགས་མང་པོ་ཞིག་གིས་ཆོ་ག་བཏོན་ནས་འགྲོ་བཞིན་ཡོད་པ་ལྟར་བྱེད་བཞིན་ཡོད་བཟོ་འདུགཆོ་ག་འདོན་ནས་འགྲོ་རྒྱུའི་ལམ་སྲོལ་དེ་སྔ་མོའི་ལམ་སྲོལ་ཞིག་ཆགས་ཡོད། ད་ཆ་ང་ཚོས་དུས་རབས་༢༡ནང་པ་བྱེད་དགོས་པ་བརྗོད་སྐབས། སངས་རྒྱས་པའི་ཆོས་པ་རེད། ཅེས་བརྗོད་སྐབས་སངས་རྒྱས་དཀོན་མཆོག   ཆོས་དཀོན་མཆོག  དགེ་འདུན་དཀོན་མཆོགབཅས་ངོ་ཤེས་པ་བྱེད་དགོས། དཀོན་མཆོག་གསུམ་ངོ་ཤེས་པར་ཆོས་དཀོན་མཆོག་ངོ་ཤེས་དགོས། ཆོས་དཀོན་མཆོག་ངོ་ཤེས་པར་འགོག་བདེན་དང་ལམ་བདེན་གྱི་རྣམ་གཞག་ཤེས་དགོས་པ་རེད། 

དེར་བརྟེན་སློབ་སྦྱོང་ཕྲན་བུ་མ་བྱས་ན། འགོག་བདེན་ལམ་བདེན། ཞེས་ཚིག་ཙམ་བརྗོད་ན་ཕན་རྒྱུ་མེད། དེ་ཚོ་ཤེས་པ་དགོས། ངོ་ཤེས་དགོས།ང་ཚོ་ཚང་མས་ཤེས་རབ་སྙིང་པོ་འདོན་བཞིན་ཡོད། ཤེས་རབ་སྙིང་པོའི་སྟོང་ཉིད་སྒོམ་སྟངས་གསུང་མེད། གཙོ་བོ་ཤེས་རབ་གོང་འཕེལ་གཏོང་དགོས་སྐོར་གསུངས་ཡོད། དད་པ་བྱོས་ཞེས་གསུང་མེད། ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་ཞུགས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕུང་པོ་ལྔ་པོ་དེ་དག་ལའང་རང་བཞིན་གྱི་སྟོང་པ་གཟིགས་ནས་དེའི་ཐོག་ལ་དགོངས་པ་བཞེས།

དེའི་ཐོག་ནས་ཤ་རིའི་བུ་དང་དྲི་བ་དྲིས་ལན་གནང་སྐབས། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པ་རྣམ་པར་རྗེས་སུ་ལྟའོ། གཟུགས་སྟོང་པའོ།སྟོང་པ་ཉིད་གཟུགས་སོ། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ།འདི་འདྲ་བྱས་ནས་འགོ་འཛུགས་གནང་ཡོད།ཤེས་རབ་སྙིང་པོའི་བརྗོད་བྱ་གཙོ་བོ་འདི། སྟོང་ཉིད་ཀྱི་ལྟ་བ་འཆད་བཞིན་ཡོད། སྟོང་ཉིད་ཀྱི་ལྟ་བ་འདི་བསྒོམས་ནས་དམིགས་ཡུལ་གང་ཡིན། ཞེས་པའི་དྲི་བ་དེའི་ལན་དུ།

ཏདྱ་ཐཱ།ག་ཏེ་ག་ཏེ།པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ་།བོ་དྷི་སྭཱ་ཧཱ། ཞེས་པ་དེས་བློ་རིམ་གྱིས་སྦྱང་ནས་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ། ཞེས་པ་འདི་ཡོང་བཞིན་ཡོད། དེར་བརྟེན་ཤེས་རབ་སྙིང་པོ་འདི་ཤེར་ཕྱིན་གྱི་གཞུང་བསྡུས་པ་ཞིག་ཆགས་ཡོད། ཤེར་ཕྱིན་གྱི་གཞུང་མང་པོ་ཡོད། ཤེར་ཕྱིན་གྱི་བརྗོད་བྱ་གཙོ་བོ་འདི། དངོས་བསྟན་སྟོང་ཉིད་དང་སྦས་དོན་མངོན་རྟོགས་བཅས་གཉིས་ཡིན། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་འདི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རིག་ཚོགས་དྲུག ལྷག་པར་དུ་དབུ་མ་རྩ་བ་ཤེས་རབ་ནང་དུ་ཧ་ཅང་གསལ་པོ་ཡོད། སྦས་དོན་མངོན་རྟོགས་ཀྱི་རིམ་པ་དེ་དག་བྱམས་པ་མགོན་པོའི་མངོན་རྟོགས་རྒྱན་ནང་གཙོ་བོ་བྱམས་ཆོས་སྡེ་ལྔ།  དེའི་ནང་ནས་མངོན་རྟོགས་རྒྱན་ཧ་ཅང་གལ་ཆེན་པོ་ཆགས་ཡོད།

ང་ཚོ་བོད་ལ་དཔེ་ཆ་དེ་དག་ལོ་༢༠།༣༠རིང་ལྟ་བཞིན་ཡོད། སངས་རྒྱས་ཀྱི་བསྟན་པ་ལ་སློབ་དཔོན་དབྱིག་གཉེན་གྱིས་གསུང་པ་ལྟར་ལུང་གི་བསྟན་པ་དང་རྟོགས་པའི་བསྟན་པ་གཉིས་ལས། ལུང་གི་བསྟན་པ་དེ་བཀའ་སྡེ་སྣོད་གསུམ།དེར་སློབ་སྦྱོང་བྱོས། འཆད་ཉན་གྱི་ཐོག་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས། རྟོགས་པའི་བསྟན་པ་དེ་བསླབ་པ་གསུམ། དེ་སྒོམ་སྒྲུབ་ཉམས་ལེན་བྱས་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས། ཞེས་བཀའ་སློབ་སྩལ་རྗེས་དྲི་བ་ཁག་གཅིག་ལ་བཀའ་ལན་སྩལ།དེ་ཡང་དྲི་བ་མ་ཞུས་པའི་གོང་བཀའ་སློབ་སྩལ་དོན།ཁྱེད་རང་ཚོས་དྲི་བ་ཇི་ཙམ་དཀའ་ལས་ཁག་པོ་བཏང་བ་དེ་ཚོད་ཀྱི་བགྲོ་གླེང་ལྷུག་པོ་ཡོང་རྒྱུ་རེད། ཉི་ཧོང་པ་ཁྱེད་རང་ཚོའི་སྲོལ་རྒྱུན་ནང་ཧ་ཅང་གུས་ཞབས་ཆེ་དྲགས་པའི་ལམ་སྲོལ་དེར་ངོས་རང་ཏོག་ཙམ་སྟབས་མི་བདེ་བ་འདུགངོས་རང་སྤྱིར་སྟངས་འདྲ་ཆག་པོ་བྱ་རྒྱུར་དགའ་པོ་མེད། ཅེས་ཞལ་ཤོབ་དང་སྦྲགས་བཀའ་སློབ་སྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་སྩལ།

ལས་རིམ་གྲུབ་མཚམས་དགོན་པའི་དབུ་བླ་མཆོག་གིས་༸གོང་ས་མཆོག་དགོན་པ་དེར་ཆིབས་སྒྱུར་བཀའ་དྲིན་བསྐྱང་གནང་མཛད་པར་སྙིང་ཁུང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུས་པ་མ་ཟད། མགོོོན་པོ་གང་ཉིད་མཆོག་གི་ལམ་སྟོན་ལྟར་སེམས་ཇེ་བཟང་དུ་བཏང་བ་བརྒྱུད་ཞི་བདེའི་བསླབ་བྱ་དེ་འཛམ་གླིང་ཡོངས་ལ་ལག་བསྟར་དོན་འཁྱོལ་ཡོང་བ་ཞིག་ཞུ་ཐབས་བྱ་རྒྱུ་ཡིན་སྐོར་སྙན་སེང་ཞུས་པ་མ་ཟད།   བསྒྲགས་གཏམ་ཐོག་དབུ་བླ་མཆོག་དང་༸གོང་ས་མཆོག་གིས་མཚན་རྟགས་ཡང་འགོད་གནང་མཛད་ཡོད་པ་བཅས།