བསླབ་པ་མཐར་སོན་མཛད་སྒོ་དང་བོད་ཁང་དང་སྨན་རྩིས་ཁང་གི་དུས་ཆེན་ལ་ཆིབས་བསྒྱུར། 


མདུན་ངོས། / བསླབ་པ་མཐར་སོན་མཛད་སྒོ་དང་བོད་ཁང་དང་སྨན་རྩིས་ཁང་གི་དུས་ཆེན་ལ་ཆིབས་བསྒྱུར། 


༄༅། །ཕྱི་ལོ ༢༠༡༦ ཟླ་ ༡༢ ཚེས་ ༨ ཉིན་གྱི་ཕྱེད་ཡོལ་ ༡ ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་མཛད་འཕྲིན་ཁག་གཅིག་གི་ཆེད་གྷ་གྷལ་གནམ་ཐང་དང་། དེ་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཆིབས་སྒྱུར་བསྐྱངས་ཡོད་པ་རེད། 

ཚེས་ ༩ ཉིན་༸གོང་ས་མཆོག་གིས་ལྡི་ལི་རུ་སི་བྷི་ཨེ་སི་ CBS ཞེས་པའི་བརྙན་འཕྲིན་གསར་འགྱུར་ཚན་པས་བཀའ་འདྲི་ཞུས་པར་བཀའ་ལན་སྩལ་བ་དང་།  དེ་རྗེས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ཀེ་ལ་ཤ་སཏྱར་ཐི་ Kailash Satyarthi མཆོག་དང་ལྷན་གླེང་མོལ་མཛད་དེ་སྐུ་ཞབས་ཁོང་གི་བྱིས་པ་ལྟ་སྐྱོང་ཐེབས་རྩ་ཁང་གི་ལས་དོན་ལ་བསྔགས་བརྗོད་མཛད་དོན།  བྱིས་པ་རྣམས་ནི་མ་འོངས་སྤྱི་ཚོགས་བཟང་པོ་ཞིག་ཡོང་སླད་རེ་བའི་རྨང་གཞི་ཡིན། དེང་སྐབས་འཛམ་གླིང་ཕྱོགས་གང་སར་འཚེ་བའི་ལས་འགུལ་དར་འཕེལ་དང་ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ།  དེ་བཞིན་དབུལ་ཕོངས་ཀྱི་གནས་སྟངས་འོག་བསམ་མེད་བྱིས་པ་རྣམས་ལྟོགས་ཤི་འཐེབ་བཞིན་ཡོད།  འདས་པའི་དུས་རབས་ ༢༠ ནང་ང་ཚོས་ནང་གི་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་དེ་དག་སྣང་མེད་དུ་བཏང་ནས་དཀའ་ངལ་རྣམས་དྲག་པོའི་སྟོབས་ཤུགས་རྐྱང་པས་སེལ་ཐུབ་རྒྱུ་ཡིན་པར་ཡིད་ཆེས་བྱས་ནས་ཕྱིན་པ་རེད།   དུས་རབས་ ༢༡ འདི་འཚེ་མེད་ཞི་བ་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་དགོས་ན།  དེ་རིང་གི་བྱིས་པ་རྣམས་ཀྱིས་ད་ལྟ་ནས་འབད་བརྩོན་བྱེད་དགོས། དེར་བརྟེན་ཁྱེད་ནས་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ཆེད་ཕྱག་ལས་གཟེངས་སུ་ཐོན་པ་གནང་བ་དེར་ངོས་ཀྱིས་དོན་དམ་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་སོགས་བཀའ་མོལ་མཛད།

དེ་རྗེས་༸གོང་ས་མཆོག་ཨེམ་བྷེ་ཌེ་ཀར་མཐོ་སློབ་(Ambedkar University)ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཐེངས་ལྔ་པའི་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་གྱིས་ཁུལ་དེར་༸ཞབས་སོར་འཁོད་སྐབས་ཉེ་བའི་རིགས་བདག་སྐུ་ཞབས་ཤྱཱམ་མི་ནོན་ Vice-chancellor Shyam Menon མཆོག་གིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་དང་འབྲེལ་མཐོ་སློབ་ཀྱི་བསླབ་པ་མཐར་སོན་མཛད་སྒོ་ཐེངས་ལྔ་པའི་ཚོགས་མགོན་དུ་བཞུགས་པ་དང་། དེ་ནས་ཉེ་བའི་རིགས་བདག་མཆོག་གིས་ངོ་སྤྲོད་གསུང་བཤད་གནང་བསྟུན།   ལྡི་ལིའི་མངའ་གཞུང་གི་གཙོ་འཛིན་དང་མཐོ་སློབ་དེའི་རིགས་བདག་ Chancellor སྐུ་ཞབས་ན་ཇིབ་ཇངྒ་ Lieutenant-Governor Najeeb Jung མཆོག་གིས་༸གོང་ས་མཆོག་ལ་ཕེབས་བསུ་དང་སྦྲགས། མགོན་པོ་གང་ཉིད་མཆོག་གིས་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་སྐབས་སྩལ་བའི་བཀའ་སློབ་ལུང་འདྲེན་ཞུས་ནས།  མེས་པོ་དམ་པ་གཱན་དྷི་མཆོག་གི་འཚེ་མེད་ཞི་བའི་བཞེངས་ཕྱོགས་ལ་ཆེ་བསྟོད་རྒྱ་ཆེ་ཞུས་ཚུལ་དང་། དེ་བཞིན་བཀའ་སློབ་ཁག་གཅིག་ནང་སྡུག་བསྔལ་གྱི་རྩ་བ་མ་རིག་པ་ཡིན་པ་དང་།  ཕན་ཚུན་སྤུན་མཆེད་ཕོ་མོའི་འདུ་ཤེས་འཛིན་ནས་གཅིག་གིས་གཅིག་ལ་སེམས་ཐག་ཉེ་བའི་མཛའ་བརྩེའི་འབྲེལ་ལམ་རྒྱུན་སྐྱོང་འོག་ཀུན་ཁྱབ་འགན་ཁུར་གྱི་སྒོ་ནས་འབད་བརྩོན་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་དེ་དག་གིས་མཐོ་སློབ་དེ་གའི་ནང་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་འཐེབ་ཚུལ་སྙན་སེང་ཞུས།

དེ་རྗེས་༸གོང་ས་མཆོག་གིས་བསླབ་པ་མཐར་སོན་པ་རྣམས་ལ་འཚམས་འདྲི་མཛད་པ་དང་སྦྲགས།  སེམས་པ་བཟང་པོ་བྱས་པ་ཙམ་གྱིས་སེམས་ནང་བདེ་སྐྱིད་བསྐྲུན་ཐུབ་རྒྱུ་ཡིན་པ་ཧ་ཅང་གསལ་པོ་ཡིན་ཞིང་།  བསམ་བློའི་འགྲོ་སྟངས་ཐོག་རྒྱ་གར་གནའ་རབས་རིག་གཞུང་ཁྲོད་བློའི་རྣམ་གཞག་དང་བྱེད་ལས་སོགས་ཀྱི་སྐོར་ལེགས་བཤད་ཧ་ཅང་ཕྱུག་པོ་ཡོད་སྟབས།  རྒྱ་གར་བ་ཚོས་རིག་གཞུང་དེ་དག་ཐོག་སློབ་སྦྱོང་ཤུགས་ཆེ་ཙམ་བྱེད་དགོས་པའི་ལམ་སྟོན་མཛད།  རྒྱ་གར་གྱི་སྲོལ་རྒྱུན་རིག་གཞུང་ནང་སེམས་ཁམས་རིག་པའི་རྣམ་གཞག་སྐོར་ཕྱུག་པོ་ཡོད་ཀྱང་དེང་སྐབས་རྒྱ་གར་བ་ཚོས་རང་གི་ཕ་མེས་ཀྱི་རིག་གཞུང་དེ་དག་ལ་དོ་སྣང་དེ་ཙམ་མ་སྤྲད་པར་སྣང་ཆུང་ལྟ་བུ་བྱེད་བཞིན་ཡོད་པ་དང་། འོན་ཀྱང་བོད་མི་ཚོས་རྒྱ་གར་སྲོལ་རྒྱུན་གྱི་ལེགས་བཤད་དེ་དག་ཧ་ཅང་རྩ་ཆེར་འཛིན་ནས་ལོ་ངོ་སྟོང་ཕྲག་རིང་ནས་གཅེས་ཉར་བྱས་ཡོད་པ་དང་།  དྲང་བདེན་དང་ཕྱི་གསལ་ནང་གསལ་ཞིག་བྱས་པ་ཡིན་ན་མི་ཡག་པོ་ཞིག་ཆགས་ཐུབ། མི་ཡག་པོ་ཞིག་ཆགས་པ་ཡིན་ན་སྤྱི་ཚོགས་ལ་ཞབས་འདེགས་དང་ལེགས་སྐྱེད་འབུལ་ཐུབ་རྒྱུ་ཡིན་སྐོར་སོགས་ཀྱི་བཀའ་སློབ་སྩལ།།

དེ་ནས་ཨེམ་བྷེ་དི་ཀར་མཐོ་སློབ་ཏུ་བསླབ་པ་མཐར་སོན་གྱི་དགའ་སྟོན་མཛད་སྒོ་ཐེངས་ ༥ པའི་སྐུ་མགྲོན་གཙོ་བོར་ཆིབས་སྒྱུར་བསྐྱངས་ཏེ་དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་སློབ་སྩལ་རྗེས་ཉིན་གུང་ལྗགས་སྨིན་བཞེས་གྲུབ་བསྟུན།  ལྡི་ལི་བོད་ཁང་དང་བོད་ཀྱི་སྨན་རྩིས་ཁང་ཐུན་མོང་ཐོག་གོ་སྒྲིག་ཞུས་པའི་བོད་ཀྱི་དུས་སྟོན་མཛད་སྒོར་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་ལྡི་ལི་བོད་ཁང་དབུ་བརྙེས་ནས་མི་ལོ་ ༥༠ འཁོར་བ་དང་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ ༡༠༠ འཁོར་བའི་དུས་ཆེན་གཉིས་འཛོམས་ཐོག་ཆིབས་སྒྱུར་བསྐྱངས་ཏྱགཱ་རཱ་ཇ་རྩེད་ཐང་ Thyagaraj Stadium ཆེན་མོའི་ནང་མང་ཚོགས་སྟོང་ཕྲག་མང་པོར་མི་ཚེའི་དོན་སྙིང་དང་། བཟང་སྤྱོད་སྐོར་བཀའ་སློབ་སྩལ།

དེ་ཡང་མཛད་སྒོའི་ཐོག་མར་རྒྱུད་སྨད་གྲྭ་ཚང་གི་དགེ་འདུན་པ་བཞིས་ཤིས་བརྗོད་གསུང་འདོན་གནང་རྗེས་གོ་སྒྲིག་ཚོགས་ཆུང་གིས་སྟོན་པའི་སྐུ་བརྙན་ཞིག་༸གོང་ས་མཆོག་དང། ལྡི་ལིའི་མངའ་གཞུང་གི་གཙོ་སྐྱོང་བ་སྐུ་ཞབས་ན་ཇིབ་ཇངྒ་ Najeeb Jung མཆོག  རྒྱ་གར་དབུས་གཞུང་གི་ནང་སྲིད་བཀའ་བློན་གཞོན་པ་སྐུ་ཞབས་ཀི་རེན་རི་ཇི་ཇུ་ Kiren Rijiju མཆོག  ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག    རྒྱ་གར་ཨིན་ད་ར་གཱན་དྷི་རྒྱལ་ཡོངས་སྒྱུ་རྩལ་བསྟི་གནས་ཁང་གི་འགན་འཛིན་ཟུར་པ་དང་།  རྒྱ་གར་གྱི་སྒྱུ་རྩལ་རིག་གནས་ཀྱི་མཁས་པ་སློབ་དཔོན་ཆེན་མོ་འབུམ་རམས་པ་ལྕམ་སྐུ་ཀ་པིལཱ་ཝཏསྱཱ་ཡན་ Dr Kapila Vatsyayan མཆོག་བཅས་ལ་འབུལ་ལམ་ཞུས།

དེ་རྗེས་ཨ་སམ་མངའ་སྡེའི་བྷ་རུ་ཝ་གདོད་མའི་མི་རིགས་ཀྱིས་ཤིས་བརྗོད་གསུང་འདོན་གནང་བསྟུན། བོད་ཀྱི་སྨན་རྩིས་ཁང་གིས་ཆོལ་གསུམ་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་པ་དང་། དེ་རྗེས་ལྡི་ལི་བོད་ཁང་གི་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་དུས་ཆེན་ངོ་སྤྲོད་གསུང་བཤད་གནང་བ་མ་ཟད། བོད་ཁང་གིས་ནང་པའི་གཞུང་ལུགས་རྣམས་སློབ་ཚན་གྱི་ངོ་བོར་དོན་གཉེར་ཅན་གྱི་་ཕྱི་རྒྱལ་མི་རིགས་འདྲ་མིན་ལ་སློབ་ཁྲིད་གནང་བཞིན་པའི་སློབ་ཚན་ཁག་༸གོང་ས་མཆོག་ལ་སྤྱན་བསྟར་ཞུས།   དེ་ནས་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་དུས་ཆེན་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་རྗེས།  ལྡི་ལི་མངའ་གཞུང་གི་གཙོ་སྐྱོང་བ་སྐུ་ཞབས་ན་ཇིབ་ཇངྒ་མཆོག་གིས་རྒྱ་གར་ནི་འཛམ་གླིང་ནང་བཟང་སྤྱོད་ཀྱི་སྟོབས་ཤུགས་བསྐྲུན་མཁན་བསྟི་གནས་གཙོ་བོ་ཡིན་ཞིང་། ཚོགས་བཅར་བ་ཚང་མས་༸གོང་ས་མཆོག་གིས་ལམ་སྟོན་མཛད་པའི་བྱམས་བརྩེ་དང་བཟོད་བསྲན།  འཆམ་མཐུན། ཆོག་ཤེས་སོགས་རང་གི་མི་ཚེའི་ནང་ཉིན་རེ་བཞིན་ལག་བསྟར་དོན་འཁྱོལ་ཡོང་ཐབས་གནང་དགོས་པའི་འབོད་སྐུལ་ཞུས་པ་དང་།  དེ་ནས་རྒྱ་གར་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ཀི་རེན་རི་ཇི་ཇུ་ Kiren Rijiju མཆོག་གིས་གསུང་བཤད་གནང་སྐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་དེ་དག་འབྱུང་འགྱུར་མི་རབས་ཚོར་ལམ་སྟོན་ཞིག་ཆགས་རྒྱུ་ཡིན་སྐོར་སོགས་གསུངས།

དེ་ནས་༸གོང་ས་མཆོག་གིས་མཛད་སྒོ་གོ་སྒྲིག་གནང་མཁན་ལྡི་ལི་བོད་ཁང་དང་སྨན་རྩིས་ཁང་གཉིས་ལ་ཐུགས་རྗེ་ཆེ་བཀའ་ཕེབས་པ་དང་།  བོད་མི་རྣམས་བཙན་བྱོལ་དུ་འབྱོར་མཚམས་ཤེས་ཡོན་སྤྱི་དང་ལྷག་པར་དེང་དུས་ཤེས་ཡོན་ལ་ཤུགས་བརྒྱབ་པའི་གྲུབ་འབྲས་ལ་བརྟེན་ད་ཆ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་དང་།  སྟོན་པ་བཅོམ་ལྡན་འདས་ནི་ཚན་རིག་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་དང་།  མགོན་པོ་གང་ཉིད་མཆོག་ཀྱང་ཕྱེད་ཀ་ནང་པ་དང་ཕྱེད་ཀ་ཚན་རིག་པ་ཞིག་ཡིན་སྐོར།  དབང་ཤེས་ལ་བརྟེན་པའི་འདོད་ཡོན་ལོངས་སུ་སྤྱོད་རྒྱུའི་ཚོར་བ་དེ་ཙམ་གྱིས་ཡིད་བློར་ཕུགས་ཀྱི་བདེ་བ་ཞིག་སྦྱིན་མ་ཐུབ་པ་དང་།  དབང་ཤེས་ཀྱི་ཚོར་བ་བདེ་བ་ལས་ཡིད་བློའི་བདེ་བ་དེ་བརྟན་པ་ཡོད་ཅིང་། ཡིད་བློའི་སྟེང་བདེ་བ་ཡོང་བར་བློ་དང་ཐད་ཀར་འབྲེལ་བ་ཡོད་སྟབས་བློའི་རྣམ་གཞག་དང་བྱེད་ལས། དེ་བཞིན་བློའི་རིགས་འདྲ་མིན་ཡོད་པ་དེ་དག་རྣམ་རྟོག་དང་འབྲེལ་ནས་ལས་བཟང་ངན་གསོག་རྒྱུ་བཅས་ཀྱི་སྐོར་རྒྱ་གར་གནའ་རབས་ཀྱི་རིག་གཞུང་ནང་ཞིབ་ཚགས་པོའི་ཐོག་ནས་གསུངས་ཡོད་སྐོར་དང་།  ང་ཚོར་ལུས་པོའི་འཕྲོད་བསྟེན་དགོས་པ་ལྟར་བསམ་བློའི་འཕྲོད་བསྟེན་ཡང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པའི་སྐོར་སོགས་བཀའ་སློབ་ཕེབས་པ་མ་ཟད།  བཀའ་བསྟན་པོ་ཏི་གསུམ་བརྒྱ་ཙམ་ཡོད་པ་ལས་ནང་པའི་ཚན་རིག་དང་ལྟ་གྲུབ་རྣམ་གཞག  དེ་བཞིན་ཉམས་ལེན་གྱི་ཆ་བཅས་སོ་སོར་དབྱེ་བ་ཕྱེ་ནས་སྡེ་ཚན་སོ་སོའི་ནང་སློབ་གཉེར་ཇི་ལྟར་བྱེད་དགོས་མིན་ཐད་ལས་གཞི་རྩོམ་བཞིན་ཡོད་སྐོར་དང་།  ནང་ཆོས་ནས་གསུང་པའི་ཚན་རིག་དང་ལྟ་གྲུབ་རྣམ་གཞག་དེ་དག་ལ་སློབ་སྦྱོང་བྱེད་པར་ངེས་པར་དུ་ནང་པ་ཡིན་མི་དགོས་པ་མ་ཟད། སློབ་ཚན་དེ་དག་དེང་དུས་ཤེས་ཡོན་ལམ་ལུགས་ནང་དུའང་ཕན་ཐོགས་ཡོད་པ། དེ་སྔ་རྒྱ་གར་རྡུལ་ཕྲན་དངོས་ཁམས་རིག་པའི་ཚན་རིག་པ་རཱ་ཇ་ར་མནནཱ་ Raja Ramana ཞུ་བ་ཁོང་གིས་མགོན་པོ་ཀླུ་སྒྲུབ་ཀྱིས་ཆོས་རྣམས་རང་བཞིན་གྱི་གྲུབ་པས་སྟོང་པ་ཡིན་ཚུལ་གསུང་པ་དེར་བསྔགས་བརྗོད་རྒྱ་ཆེ་ཞུས་པ་དང་སྦྲགས།  ལྟ་གྲུབ་འདི་དེང་སྐབས་ཚད་རྡུལ་དངོས་ཁམས་རིག་པའི་ནང་གི་ལྟ་ཚུལ་དང་ཧ་ཅང་མཚུངས་པོ་ཡོད་ཚུལ་དང་། དེ་བཞིན་སེམས་ཁམས་རིག་པ་བ་སྐུ་ཞབས་ཨེ་རོན་བྷེག་ Aaron Beck ཁོང་གིས་ཆགས་སྡང་གི་བློ་སྐྱེ་སྐབས་བརྒྱ་ཆ་ ༩༠ ཚུལ་མིན་ཡིད་བྱེད་རྣམ་རྟོག་གིས་སྒྲོ་བཏགས་པ་ལས་བྱུང་བ་ཞིག་ཡིན་སྐོར་གསུང་པ་དེ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་པ་དེ་དག་ཧ་ཅང་འདྲ་མཚུངས་ཡིན་ཚུལ་སོགས་ཀྱི་སྐོར་བཀའ་སློབ་སྩལ་བསྟུན་མང་ཚོགས་ཀྱི་དྲི་བ་རྣམས་ལ་བཀའ་ལན་སྩལ་བ་སོགས་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་བཞུགས་གནས་གསོལ་མགྲོན་ཁང་དུ་ཆིབས་༸ཞལ་བསྒྱུར།།