ཡིག་ཚང་ངོ་སྤྲོད།

༄༅། །ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བླ་བྲང་དགའ་ལྡན་ཕོ་བྲང་གི་ཡིག་ཚང་ནི། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་སམ་སྡེ་ཚན་ལྟ་བུ་མ་ཡིན་པར། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཡིག་ཚང་ཞིག་ཡིན། ཡིག་ཚང་འདིའི་དྲུང་ཆེ་རྣམས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཐད་ཀར་བསྐོ་གཞག་གནང་གི་ཡོད་པ་དང་། ཡིག་ཚང་འདིར་བོད་རིགས་ཀྱིས་གཙོས་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་སྣར་འབྲེལ་བ་བྱེད་མཁན་གྱི་བོད་ཡིག་སྡེ་ཚན་གཅིག་དང༌། ཕྱི་རྒྱལ་བ་དང་རྒྱ་མི་རིགས་ལ་འབྲེལ་བ་བྱེད་མཁན་གྱི་དབྱིན་ཡིག་དང་རྒྱ་ཡིག་སྡེ་ཚན་གཉིས་བཅས་སྡེ་ཚན་གཙོ་བོ་གསུམ་ཡོད།

ལས་ཁུངས་འདིར་ལས་འགན་གཙོ་བོ་གསུམ་ཡོད་པ་ནི།

དང་པོ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་རྒྱལ་ཁབ་འདྲ་མིན་ལ་ཆིབས་བསྒྱུར་གྱི་མཛད་རིམ་ཁག་ཆ་ཚང་གོ་སྒྲིག་ཞུ་རྒྱུ་དང་། ཕྱི་ནང་མི་རིགས་ཀྱི་མཇལ་ཁ་གོ་སྒྲིག་ཞུ་རྒྱུ།

གཉིས་པ། ྋགོང་ས་སྐྱབས་ྋམགོན་ཆེན་པོར་གཞིས་བྱེས་བོད་མི་སེར་སྐྱ་སྨོས་ཅི། འཛམ་གླིང་ཡུལ་གྲུ་ཁག་གི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་མི་སྣ་དང། ཆོས་དང་རིག་གཞུང་གི་སྡེ་ཁག གཞན་ཡང་མཁས་དབང༌དང། བོད་དོན་ཐོག་བརྩེ་ཞེན་སེམས་ཁུར་ཡོད་པའི་མི་སྣ་སོགས་ཀྱིས་ྋསྙན་ཞུ་ཕུལ་འབྱོར་བྱུང་བ་ཁག་ལ་དབྱེ་ཞིབ་ཀྱིས་ྋསྤྱན་ཞུ་བསྟར་རྒྱུ་དང་། ྋབཀའ་དགོངས་བཞིན་ཁུངས་སོ་སོར་ྋབཀའ་ལན་ཁག་དུས་ཐོག་ཏུ་གཏོང་རྒྱུ།

གསུམ་པ། གནས་ཡུལ་རྒྱ་གར་གཞུང་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བཀའ་ཤག་གིས་གཙོས་དེའི་ཁྱབ་ཁོངས་ལས་ཁུངས་མ་ལག་དང་། དེ་བཞིན་ཆོས་སྡེ་ཁག་བཅས་པར་འབྲེལ་བ་ཞུ་དགོས་རིགས་ཞུ་རྒྱུ། བོད་ཀྱི་བསྟན་སྲིད་དང་ྋརྒྱལ་བའི་སྐུ་ཕྱྭ་བཅས་དང་འབྲེལ་བའི་འཆར་འཕར་ཞབས་རིམ་ཁག་བསྒྲུབ་རྒྱུ་སོགས་ཡིན།།