གསར་འགོད་བཅར་འདྲི།

འཛམ་གླིང་ཡུལ་གྲུ་ཁག་གི་གསར་ཤོག་དང་། བརྙན་འཕྲིན། རླུང་འཕྲིན། དྲ་རྒྱ་སོགས་ཀྱི་གསར་འགོད་པ་དང་། དེ་བཞིན་སྐད་གྲགས་ལྡན་པའི་རྩོམ་སྒྲིག་པའམ་རྩོམ་པ་པོ་སོགས་ཀྱིས། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་གི་གནས་ཚུལ་སྤྱི་དང་། ལྷག་པར་ནང་ཆོས་དང་བོད་དོན་སྐོར་སོགས་གནས་ཚུལ་འདྲ་མིན་ཐོག་བཀའ་འདྲི་ཞུ་འདོད་ཀྱི་རེ་བ་མུ་མཐུད་ཞུ་བཞིན་པ་རྣམས་ལ། ྋགོང་ས་མཆོག་གིས་ཁོང་གི་དགོངས་ཚུལ་གདུལ་བྱའི་བགོ་སྐལ་དུ་གནང་འདོད་ཡོད་ཀྱང་། གཙོ་བོ་ྋགོང་ས་མཆོག་གི་མཛད་འཆར་ཁག་དང་བཀའ་འདྲི་རེ་བ་བཏོན་པའི་དགོས་དམིགས་ལ་གཞིགས་ཏེ། སྐུ་སྒེར་ཡིག་ཚང་ནས་གོ་སྒྲིག་ཐུབ་མིན་ཐག་གཅོད་བྱེད་རྒྱུ་ཡིན།

ྋགོང་ས་མཆོག་ལ་བཀའ་འདྲི་ཞུ་བའི་གོ་སྐབས་ལེན་འདོད་རྣམས་ཀྱིས་ཉུང་མཐའ་ཡང་ཟླ་བ་གཉིས་ཀྱི་གོང་ནས་སྐུ་སྒེར་ཡིག་ཚང་ལ་སྙན་ཞུ་འབུལ་དགོས་པ་དང་། དེ་མཉམ་དྲི་བ་གཙོ་བོ་ཁག་བཅུ་དང་། དྲིས་ལན་བེད་སྤྱོད་གཏོང་ཕྱོགས། གསར་འགོད་ཁང་ངམ་སྡེ་ཚན་དང་། རང་ཉིད་ཀྱི་ལོ་རྒྱུས་སོགས་ཞིབ་ཕྲ་བྲིས་ནས་སྐུ་སྒེར་ཡིག་ཚང་དུ་ཕུལ་ཏེ་ཡིག་ཚང་གི་ལན་འདེབས་སྒུག་དགོས་པ་བཅས་སོ༎