ཆོས་ལུགས་འདྲ་མིན་གྱི་མཉམ་འཛོམས་མཛད་སྒོ་བསྡུས་པ།

མདུན་ངོས། / ཆོས་ལུགས་འདྲ་མིན་གྱི་མཉམ་འཛོམས་མཛད་སྒོ་བསྡུས་པ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༦ ཉིན་གྱི་སྔ་དྲོ་དུས་དབང་ཐེངས་ ༣༤ པའི་སྒྲུབ་བཞག་ཞལ་འདོན་གནང་བ་དང་། ཉིན་གུང་ཆུ་ཚོད་ ༡༢ ཙམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་སྔོན་འགྲོའི་བཀའ་ཆོས་ཉིན་གཉིས་པ་དབུ་འཛུགས་སྔོན་རྒྱ་གར་ནང་གི་ཆོས་ལུགས་མ་འདྲ་བ་ཁག་གཅིག་གི་འཐུས་ཚབ་མི་སྣས་༧སྙན་སེང་ཞུས་དོན་ལྟར་ཆོས་ལུགས་འདྲ་མིན་གྱི་མཉམ་འཛོམས་མཛད་སྒོ་ཞིག་བསྡུས་ཡོད་པ་རེད། 

དེ་ཡང་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་སུམ་ཅུ་སོ་བཞི་པའིི་ཆོས་འབྲེལ་སྩལ་བཞིན་པ་དང་བསྟུན་སིག་གི་ཆོས་དཔོན་གུ་རུ་གོ་པན་སིན་མཆོག་སྐུ་གཤེགས་ནས་ལོ་སུམ་བརྒྱ་ལྔ་བཅུ་འཁོར་བའི་རྗེས་དྲན་ཆེད་དུ་བྷེ་ཧར་མངའ་སྡེའི་རྒྱལ་ས་པར་ནཱ་(Patna)ནང་ཚེས་ ༥ ཉིན་མཛད་སྒོ་རྒྱ་ཆེན་པོ་ཞིག་ཚོགས་ཡོད་པ་དང་། དེའི་ཐོག་རྒྱ་གར་གྱི་སྲིད་བློན་དང་རྒྱ་གར་གྱི་ཆོས་ལུགས་འདྲ་མིན་གྱི་ཆོས་པ་དང་། མི་མང་སོགས་འབུམ་ཕྲག་མང་པོ་འདུ་འཛོམས་བྱུང་ཡོད་པ་དང་། མཛད་སྒོ་དེའི་རྗེས་འབྲེལ་དུ་ཁ་ཆེའི་ཆོས་དཔོན་གཙོ་བོར་གྱུར་བའི་ཆོས་ལུགས་སྣ་ཚོགས་ཀྱི་དབུ་ཁྲིད་ཁག་གཅིག་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་དུས་འཁོར་དབང་ཆེན་བཀའ་དྲིན་སྩལ་བཞིན་པའི་ཐོག་ཕེབས་ཏེ་ཆོས་ལུགས་སྣ་ཚོགས་ཀྱི་མཛད་སྒོ་སྟབས་བདེ་ཞིག་གནང་ཆོག་པར་༸སྙན་སེང་ཞུས་དོན་བཞིན་བཀའ་འཁྲོལ་ཕེབས་ཡོད་པ་དང་། མཛད་སྒོ་དངོས་སུ་དབུ་འཛུགས་ཀྱིས་སིག་(Sikh)གི་བླ་མ་ཆེ་ཤོས་དང་ཨ་མར་སར་ཡོད་པའི་གསེར་གྱི་ལྷ་ཁང་གི་གཙོ་འཛིན་གུ་རུ་བྷ་ཆིན་སིན་( Giani Gurbachan Singh, Chief Jathedar of the Akal Takht Amritsar)ལགས་དང་། ཁ་ཆེའི་ཆོས་ལུགས་(Islam)ཀྱི་སྐུ་ཚབ་མོའུ་ལཱ་ན་ཨ་སེ་ནུར་ར་མན་(Maulana Asinur Rahman)ལགས།  དེ་བཞིན་གཅེར་བུ་བའི་(jain)ཆོས་དཔོན་ཨཅྱ་ལོའུ་ཁེ་ཤི་མུནེ་ཇེ་(Acharya Lokesh Muniji)ལགས། ཧིན་རྡིའི་ཆོས་ལུགས་(Hindu)ཀྱི་སྐུ་ཚབ་སཱ་ར་སི་བ་ཏི་(Swami Chidanand Saraswati)ལགས་བཅས་ཀྱིས་གསུང་བཤད་གནང་བ་དང་། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། 

དེ་རིང་འདིར་ཆོས་བརྒྱུད་གཙོ་ཆེ་བ་ཁ་ཤས་ཀྱི་དབུ་ཁྲིད་ཕེབས་ཏེ་སངས་རྒྱས་བཅོམ་ལྡན་མངོན་པར་རྫོགས་པའི་སངས་རྒྱས་པའི་གནས་ཁྱད་པར་ཅན་འདིར་ཆོས་ལུགས་གཙོ་ཆེ་ཁག་འགའ་ཞིག་དབུ་ཁྲིད་ཕེབས་ནས་གསུང་བཤད་དང་ཐུགས་སྨོན་གནང་བར་ཧ་ཅང་དགའ་པོ་བྱུང་། ཚེས་ ༢༩ ཉིན་པར་ཎ་གྲོང་ཁྱེར་དུ་མཛད་སྒོའི་སྐབས་སུ་མངའ་སྡེའི་བློན་ཆེན་མཆོག་དང་བཀའ་མོལ་བྱུང་བ་ལྟར་ངོས་རང་གཅིག་པུ་ཐུགས་འཕྲད་བྱས་པ་ཙམ་མིན་པར་དུས་དབང་གི་མང་ཚོགས་ཚང་མའི་དབུས་སུ་ཐུགས་འཕྲད་དང་མཛད་སྒོ་བྱ་རྒྱུ་བྱས་ཤིང་། མདོ་དོན་སྙིང་པོ་ཚང་མས་བྱམས་བརྩེ་གལ་གནད་ཆེན་པོ་ཡིན་པ་གཅིག་གྱུར་དུ་གསུངས་པ་ལྟར། མང་ཚོགས་ཚང་མས་སེམས་ལ་བཞག་དགོས་པ་གལ་གནད་ཆེན་པོ་རེད། 

དེ་རིང་འདིར་ཆོས་ལུགས་ཁག་གི་དབུ་འཁྲིད་འཛོམས་པའི་མདུན་དུ་ངོས་ཀྱིས་ཞུ་རྒྱུར། ངོས་རང་སོན་པའི་རིང་ལ་ཆོས་ལུགས་མཐུན་སྒྲིལ་ཡོང་བ་དང་། དེ་ཡང་མཁས་སྙན་མིན་པར་ཆོས་ལུགས་ཁག་དབར་དངོས་གནས་མི་འདྲ་བ་ཡོད་པ་རྣམས་ངོས་འཛིན་གྱིས་མིའི་ཁམས་མོས་དང་བསྟུན་ནས་མི་འདྲ་བ་ཡོད་པ་རྣམས་དགོས་མཁོ་ཡོད་པ་དང་། ནང་པ་ཆ་མཚོན་ནའང་བཅོམ་ལྡན་འདས་ཀྱི་རྗེས་འཇུག་གཅིག་གྱུར་གྱི་ནང་དུ་ལྟ་གྲུབ་ཀྱི་ཐོག་ནས་བྱེ་བྲག་སྨྲ་བ་དང་། མདོ་སྡེ་པ། སེམས་ཙམ་པ། དབུ་མ་བཅས་མི་འདྲ་བ་ཡོད་པ་རྣམས་བསམ་པ་མི་འདྲ་བའི་དབང་གིས་ལྟ་གྲུབ་དང་ཐེག་པ་མི་འདྲ་བ་གསུངས་པ་ཤེས་རྟོགས་ཐུབ་པ་དང་། དུང་ཕྱུར་བདུན་ཅུའི་ནང་དུ་བསམ་པ་མི་འདྲ་བ་ཡོད་པར་བརྟེན་ལྟ་གྲུབ་མི་འདྲ་བ་རྣམས་དགོས་མཁོ་ཡོད་པ་དང་། ཕན་ཐོགས་ཡོད་པ་ཞིག་ཆགས་ཡོད། ངོས་ནས་མ་ཤི་བར་ཆོས་ལུགས་མཐུན་སྒྲིལ་ཐད་ཤུགས་སྐྱོན་རྒྱག་རྒྱུར་ཆོས་ལུགས་ཁག་གི་བླ་ཆེན་དབུ་འཁྲིད་རྣམ་པས་ཀྱང་ཆོས་ལུགས་མཐུན་སྒྲིལ་ཐད་ཤུགས་སྣོན་བསྐྱོན་རོགས་གནང་ཞེས་ཞུ་རྒྱུ་ཡིན།

རྒྱ་གར་རང་གི་ནང་དུའང་ཆོས་ལུགས་མི་འདྲ་བ་མང་པོ་ཞིག་དར་འཕེལ་བྱུང་བ་དང་། ད་ལྟའི་སྐབས་སུའང་ཆོས་ལུགས་ཚང་མ་ཡོད་པ་ཞིག་ཆགས་ཡོད་ལ། ཆོས་ལུགས་ཚང་མ་འཆམ་མཐུན་ཡོད་པ་ཞིག་ཡིན། མི་དུང་ཕྱུར་བཅུ་ལྷག་ཡོད་པའི་ནང་དུ་ཚང་མ་ནང་པའི་ཆོས་སྐད་ལྟར་ན་བྱང་ཆུབ་སེམས་དཔའ་མིན་པར་རྙོག་དྲ་ཏོག་ཙམ་རེ་ཡོང་ངེས་ཡིན། འཛམ་གླིང་ནང་རྒྱལ་ཁབ་ཉིས་བརྒྱ་ལྷག་ཡོད་པའི་ནང་ནས་རྒྱ་གར་ནི་ཆོས་ལུགས་ཚང་མ་མཐུན་སྒྲིལ་ཐོག་གནས་ཐུབ་པ་ནི་ཁྱད་དུ་འཕགས་པ་ཞིག་ཡིན་པ་དང་། ད་དུང་མཐུན་སྒྲིལ་སྲ་བརྟན་ཡོང་བ་དང་། འཛམ་གླིང་སྤྱི་ལ་མིག་དཔེ་སྟོན་པ། འཛམ་གླིང་གི་མི་དུང་ཕྱུར་བདུན་ཅུར་ཕན་ཐོགས་ཡོང་བ་གཅིག་ནི་ཆོས་ལུགས་མཐུན་སྒྲིལ་ཡོང་བ་བྱ་རྒྱུ་དེ་ཡིན་པས། དེའི་ཐོག་ཁྱེད་རྣམ་པས་སྐུ་ལས་བསྐྱོན་རོགས་གནང་ཞེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་ཞེས་བཀའ་སློབ་སྩལ། དེ་རྗེས་པན་ཇབ་གྲོས་ཚོགས་འཐུས་མི་ཇག་ཇིཏ་སིངྒ་མཆོག་གིས་སིག་ཆོས་ལུགས་ཀྱི་བླ་ཆེན་བཅུ་པ་གུ་རུ་གྷོ་བྷིན་སིངྒ་མཆོག་སྐུ་འཁྲུངས་ནས་ལོ་ ༣༥༠ འཁོར་བའི་དྲན་རྟེན་ཆེད་དངུལ་གྱི་ཊམ་ཀ་ཞིག་འབུལ་ལམ་ཞུས་ཡོད། མཐར་མགོན་པོ་གང་ཉིད་མཆོག་གིས་ཆོས་ཕྱོགས་ཀྱི་དབུ་ཁྲིད་དང་བླ་ཆེན། དེ་བཞིན་སྐུ་ཚབ་རྣམ་པར་མཇལ་དར་རེ་གསོལ་སྩལ་མཛད།

ཆོས་ལུགས་འདྲ་མིན་གྱི་མཉམ་འཛོམས་མཛད་སྒོར་མཇུག་གྲུབ་རྗེས་དུས་དབང་གི་སྔོན་འགྲོའི་བཀའ་ཆོས་ཉིན་གཉིས་པ་དབུ་འཛུགས་ཀྱི་ཐོག་མར་པ་ལཱིའི་སྐད་ཀྱི་ཐོག་ནས་ཞལ་འདོན་གསུང་འདོན་གནང་། དེ་ནས་རྒྱ་སྐད་ཀྱི་ཐོག་ནས་ཤེས་རབ་སྙིང་པོ་གསུང་འདོན་གནང་རྗེས་བརྟན་བཞུགས་བསྟར་འབུལ་གྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་རྣམས་དང་མགོ་ལོག་ཁང་སར་གྱི་བརྟན་བཞུགས་ཕུལ་མཁན་རྣམས་པས་མཇལ་ཁ་ཞུས་པ་དང་། སྤྱོད་འཇུག་ལེའུ་དང་པོའི་གསུང་ཆོས་འཕྲོ་སྐྱོང་མཛད་དེ་ཆུ་ཚོད་ ༣ པ་ཡོལ་ཙམ་ལ་ཆུ་སྐྱར་བྱི་ལ་ཆོམ་རྐུན་དག །སྒྲ་མེད་འཇབ་ཅིང་འགྲོ་བ་ཡིས། །མངོན་པར་འདོད་པའི་དོན་སྒྲུབ་པ། །ཐུབ་པས་རྟག་ཏུ་དེ་བཞིན་སྤྱད། །ཅེས་པའི་བར་བཀའ་ཁྲིད་མཛད་དེ་ཉིན་གཉིས་པའི་བཀའ་ཁྲིད་ལེགས་པར་གྲུབ་ཡོད་པ་བཅས།