དུས་དབང་ཐེངས་ ༣༤ པའི་དངོས་གཞིིའི་བཀའ་དབང་དབུ་འཛུགས་མཛད་པ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པའི་བཀའ་དབང་དངོས་གཞི་དབུ་འཛུགས་མཛད་ཡོད་པ་རེད། 

དེ་ཡང་ཉིན་གུང་ཆུ་ཚོད་ ༡༡།༥༠ ཙམ་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་སྤོས་སྣེས་མདུན་བསུས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གསུང་ཆོས་ར་བར་གདན་ཞུ་ཞུས་པ་དང་། བཞུགས་ཁྲིར་༸ཞབས་སོར་འཁོད་རྗེས་ཉི་ཧོང་གི་དགེ་འདུན་པ་དང་བཙུན་མ་སྐྱ་བོ་སོགས་མི་ཁག་གཅིག་གིས་ཉི་ཧོང་སྐད་ཀྱི་ཐོག་ཤེས་རབ་སྙིང་པོ་གསུངས་འདོན་གནང་བ་དང་། དེ་རྗེས་ཧོ་ལན་ཝོ་ཊའི་(Hollywood)འཁྲབ་སྟོན་པ་གྲགས་ཅན་རི་ཆ་ཌི་གྷི་རི་(Richard Gere)སོགས་ནུབ་ཕྱོགས་ཀྱི་མི་ཁག་གཅིག་གིས་དབྱིན་སྐད་ཀྱི་ཐོག་ཤེས་རབ་སྙིང་པོ་གསུངས་འདོན་གནང་རྗེས་སྨྲ་བསམ་བརྗོད་མེད་དང་། ཉན་ཐོས་ཞི་འཚོ་མ། རྩ་བ་ཤེས་རབ་ཀྱི་མཆོད་བརྗོད། སངས་རྒྱས་ཆོས་ཚོགས་མ་ལན་གསུམ་དང་། གང་གི་ཐུགས་བརྩེ་མ་བཅས་གསུངས་འདོན་གནང་བ་དང་། དེ་རྗེས་བཀའ་དབང་སྔོན་འགྲོའི་ངོ་སྤྲོད་ཀྱི་བཀའ་སློབ་སྩལ་དོན།  གཙོ་བོ་བླ་མའི་དབང་བསྐུར་རྒྱུ་ནི་ཕྱོགས་གཅིག་ནས་ཐར་པ་དོན་གཉེར་མེད་ན་ནང་པ་སངས་རྒྱས་པའི་ཆོས་ལ་འགྲོ་རྒྱུ་ཧ་ཅང་ཁག་པོ་རེད། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ་བཅས་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ལྟ་བུར་བསམ་བློ་འཁོར་ནས་ཉོན་མོངས་ངོས་འཛིན་རྒྱུ་དང་། དེ་ངོས་བཟུང་པའི་ཐོག་ནས་ཉོན་མོངས་སྤངས་པའི་བྲལ་བའི་ཡོན་ཏན་མངོན་དུ་བྱ་འདོད་པ་ཞིག་ཡོང་ཚེ་དངོས་གནས་སངས་རྒྱས་པའི་ཆོས་ལ་འགྲོ་རྒྱུ་རེད།

སྤྱིར་རང་རང་གི་སྟོན་པར་སྐྱབས་སུ་འགྲོ་རྒྱུ་དང་དཀོན་མཆོག་གི་ཞིང་ཁམས་ལ་སྐྱེ་ཆེད་སྨོན་ལམ་བརྒྱག་རྒྱུ་ནི་ཆོས་ལུགས་ཚང་མར་ཡོད། དེའི་ཐོག་རང་གཅིག་པུ་བསམ་པ་མིན་པར་མཐའ་ཡས་པའི་སེམས་ཅན་རང་དང་རང་འདྲ་བ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་ཐམས་ཅད་ཀྱི་དོན་དུ་དང་དུ་བླངས་ནས་སེམས་བསྐྱེད་དགོས། འདི་མེད་ན་ཐེག་ཆེན་གྱི་ཆོས་དང་གསང་སྔགས་ཀྱི་ཆོས་ཞེས་མིང་ཟབ་པོ་དང་སྐད་གྲགས་ཆེན་པོ་ཡོད་ནའང་། ཉམས་ལེན་བྱེད་མཁན་སོ་སོའི་བསམ་བློའི་ནང་བྱང་ཆུབ་ཀྱི་སེམས་ལ་གོ་བ་ཆགས་པ་ཞིག་དང་བྱང་ཆུབ་ཀྱི་སེམས་བཅོས་མ་ཚུན་ཆད་མེད་དུ་མི་རུང་བ་ཞིག་ཡིན། 

དུས་འཁོར་དབང་ཆེན་འདི་དམིགས་བསལ་ཁྲོམ་ཚོགས་ཆེན་པོ་ཡོད་སར་གནང་རྒྱུའི་ལུགས་སྲོལ་དང་གསུངས་རྒྱུན་ཡང་ཡོད། རྒྱ་ནག་དང་བོད་ནས་དོན་གཉེར་ཅན་ཧ་ཅང་མང་པོ་ཡོད་ཀྱང་། འདི་གར་ཡོང་རྒྱུ་སྟབས་མི་བདེ་བར་དཀའ་ངལ་འཕྲད་ཡོད་པ་དག་ངོས་ཀྱིས་འདི་ནས་དམིགས་འོག་ཏུ་འཇིག་རྒྱུ་དང་། དེ་བཞིན་རང་རང་སོ་སོས་དད་པ་དང་འདུན་པ་ཤུགས་དྲགས་བསྐྱེད་དེ་བསམ་བློ་བཏང་ན་དབང་ཐོབ་ཀྱི་རེད་ཅེས་བརྗོད་བཞིན་ཡོད།

འདུལ་བའི་ནང་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་པ་ཞེས་པ་ལྟ་བུར་དེང་སང་འཕྲུལ་འཁོར་གྱི་ཡོ་བྱེད་སྒོ་ནས་ས་ཁད་ཐག་རིང་པོའི་སྐད་ཆ་གང་ཡང་མེད། གང་ལྟར་གོ་བརྡ་འཕྲོད་པ་དང་སོ་སོའི་མོས་པས་ལྕོགས་ན་དབང་འདི་ཐོབ་ཀྱི་རེད། ངོས་ཀྱིས་འདི་ནས་དམིགས་འོག་ཏུ་བཅུག་སྟེ་སྨོན་ལམ་རྒྱག་གི་ཡིན། དེ་རིང་ནས་དངོས་གཞི་དབང་གི་སྐབས་དབང་དོན་ངོ་སྤྲད་སྐབས་སོ་སོས་བསམ་བློ་གཏང་ན་དབང་ཐོབ་ཀྱི་རེད་བསམ་པ་དྲན་གྱི་འདུག ཅེས་སོགས་བཀའ་སློབ་སྩལ་རྗེས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས་༸གོང་ས་མཆོག་གིས་བཀའ་བློན་རྣམ་པར་མཇལ་ཁ་སྩལ་བ་དང་། དེ་རྗེས་བྱང་ཆུབ་སེམས་པ་དང་སྔགས་སྡོམ། བརྟུལ་ཞུགས་ཉེར་ལྔ། ཐམས་ཐད་རྣལ་འབྱོར་གྱི་སེམས་བསྐྱེད་པ་སོགས་རིམ་པར་གནང་སྟེ་ཆུ་ཚོད་ ༢།༥༥ ཙམ་ལ་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་རྣམས་ལེགས་པར་གྲུབ་ཡོད་པ་བཅས་དབང་དངོས་གཞིའི་ཉིན་དང་པོ་མཇུག་ལེགས་པར་གྲུབ།

དབང་དངོས་གཞིའི་ཉིན་འདིར་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་དང་།  དགའ་ལྡན་ཁྲི་ལས་ཟུར་རྣམ་གཉིས་མཆོག དཔལ་རྒྱལ་བ་ཀརྨ་པ་མཆོག ཤར་བྱང་ཆོས་རྗེ་རྣམ་གཉིས། སྟག་ལུང་ཞབས་དྲུང་རིན་པོ་ཆེ། འབོ་དཀར་རིན་པོ་ཆེ།  བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་སོགས་བླ་སྤྲུལ་དགེ་བཤེས་དང་།  དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་སོགས་འཛམ་གླིང་གི་ཡུལ་གྲུ་གང་ས་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་འབུམ་གཉིས་བརྒལ་བ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པའི་བཀའ་དབང་ཞུ་བར་ཕེབས་ཡོད་པ་བཅས།