བཀའ་དབང་ཉིན་གཉིས་པར་བྱིས་པ་ལྟར་འཇུག་པའི་དབང་བདུན་སྩལ་བ།

མདུན་ངོས། / བཀའ་དབང་ཉིན་གཉིས་པར་བྱིས་པ་ལྟར་འཇུག་པའི་དབང་བདུན་སྩལ་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པའི་བཀའ་དབང་སྩལ་གནང་མཛད་པའི་དངོས་གཞི་ཉིན་གཉིས་པར་བྱིས་པ་ལྟར་འཇུག་པའི་དབང་བདུན་སྩལ་ཡོད་པ་རེད། 

དེ་ཡང་ཉིན་གུང་ཆུ་ཚོད་༡༡།༤༠ ཐོག་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་སྤོས་སྣེས་མདུན་བསུ་དང་བཅས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་བདེ་བར་འཁོད་མཚམས་པ་ལཱིའི་སྐད་ཀྱི་ཐོག་ནས་བཀྲ་ཤིས་པའི་མདོ་གསུང་འདོན་དང་། དེ་རྗེས་སོག་པོའི་སྐད་ཀྱི་ཐོག་ནས་ཤེས་རབ་སྙིང་པོ་གསུང་འདོན་གནང་རྗེས་སྨྲ་བསམ་བརྗོད་མེད་དང་། ཉན་ཐོས་ཞི་འཚོ་མ། རྩ་བ་ཤེས་རབ་ཀྱི་མཆོད་བརྗོད། སངས་རྒྱས་ཆོས་ཚོགས་མ་ལན་གསུམ། གང་གི་ཐུགས་བརྩེ་མ་བཅས་གསུངས་རྗེས་བཀའ་དབང་གི་སྔོན་འགྲོའི་ངོ་སྤྲོད་དུ་དེ་རིང་དཔལ་དུས་ཀྱི་འཁོར་ལོའི་དབང་དངོས་གཞི་དཀྱིལ་འཁོར་དུ་བཞུགས་ནས་དབང་བསྐུར་བ་ལ། བསྐྱེད་རིམ་སྒོམ་པ་ལ་དབང་བར་བྱེད་པ་བྱིས་པ་ལྟར་འཇུག་པའི་དབང་བདུན་དང་། རྫོགས་རིམ་ཉན་བསམ་སྒོམ་པ་ལ་དབང་བར་བྱེད་པའི་དབང་གོང་མ་གསུམ་དང་། གོང་ཆེན་བཞི། སློབ་མའི་གཙོ་བོ་རྣམས་ལ་སྦྱིན་པར་བྱེད་པའི་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་དང་བཅས་བསྐུར་བར་བྱེད་པ་ལས། དེ་རིང་བྱིས་པ་ལྟར་འཇུག་པའི་བདུན་འབུལ་རྒྱུར་བླ་མའི་གནང་སྒོར་བདག་བསྐྱེད་དང་། བུམ་པ་བཅས་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པ་བཏང་གནང་བ་དང་། བདག་འཇུག་ཀྱང་བཞེས་གནང་མཛད་པ་དང་། སང་ཉིན་༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོས་མཛད་པའི་དབང་གི་ཆོག་བསྒྲིགས་མཛད་པའི་སྟེང་ནས་དབང་གོང་མ་གོང་ཆེན་དང་བཅས་པ་བདག་བསྐྱེད་དང་བུམ་པ་ཐུགས་དཀྱིལ་གྱི་ཐོག་ནས་མཛད་འཆར་སྐོར་བཀའ་ཕེབས།

གཞན་ཡང་། ནམ་རྒྱུན་ངོས་ནས་ངོས་འཛིན་པ་ལ། དཀྱིལ་འཁོར་དུ་འཇུག་པ་དང་། བྱང་སྡོམ་དང་། སྔགས་སྡོམ་ལེན་པ། ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་པ་རྣམས་གལ་གནད་ཆེན་པོར་ངོས་འཛིན་པ་ལྟར་ཁ་སང་རྒྱས་པར་སྩལ་ཟིན་པ་དང་། རྩ་རླུང་ཐིག་ལེའི་ཉམས་ལེན་དང་། དེ་དག་ལས་དུས་འཁོར་གྱིས་རླུང་གི་རྣལ་འབྱོར་གཙོ་བོ་ཡིན་པ་དང་། བདེ་གསང་སོགས་ནས་དགའ་བཞིའི་སྐོར་གཙོ་བོར་གསུངས་པ་སོགས་ཀྱི་ཁྱད་པར་ཡོད་པ་དང་། གསང་འདུས་ཀྱི་སྒྱུ་ལུས་གཙོ་བོར་བྱེད་ཅིང་། གསང་འདུས་ཀྱི་ལུས་དཀྱིལ་གྱི་ལྷ་ཚོགས་ཀྱང་ཞལ་ཕྱིར་ཕྱོགས་པ་དང་། དུས་འཁོར་ལ་དར་དཔྱངས་ནུས་མ་བརྒྱད་དང་འབྲེལ་བ་དང་། གཞན་ཡང་ཕུང་ཁམས་སྦྱོང་བ་སོགས་དང་། སྲོག་འཛིན་གྱི་རླུང་ལ་ཕྲ་རགས་མང་དུ་ཡོད་པ་ལས་ཕྲ་མོར་ཡེ་ཤེས་རླུང་ཞེས་གསུངས་ཚུལ་སོགས་ཐུན་མོང་མ་ཡིན་པའི་འདོད་ཚུལ་རྣམས་སྐབས་ཐོག་སོ་སོར་ངོ་སྤྲོད་མཛད་རྒྱུ་ཡིན་ཞེས་བཀའ་སྩལ།

དེ་རྗེས་བྱིས་པ་ལྟར་འཇུག་པའི་དབང་བདུན་བསྐུར་བར་བྱེད་པ་ལ་བར་དུ་གཅོད་པར་བྱེད་པའི་བགེགས་རྣམས་མཐར་སྤྲོད་པའི་ཕྱིར་བགེགས་གཏོར་བཏང་གནང་བ་སོགས་དང་མཎྜལ་ཕུལ། དེ་ནས་གངས་རི་ར་བས་གསུང་མུར་དད་སྦྱིན་ཁག་ལ་མཇལ་ཁ་སྩལ་རྗེས་བཀའ་དབང་གི་དངོས་གཞི་དབུ་འཛུགས་ཀྱིས་༡༽ ཆུའི་དབང་དང་། ༢༽ ཅོད་པན་གྱི་དབང་། ༣༽ དར་དཔྱངས་ཀྱི་དབང་། ༤༽ རྡོར་དྲིལ་གྱི་དབང་། ༥༽ བརྟུལ་ཞུགས་ཀྱི་དབང་། ༦༽ མིང་གི་དབང་། ༧༽ རྗེས་གནང་འདོགས་བཅས་དབང་བདུན་རིམ་པར་སྩལ་ཏེ་ཆུ་ཚོད་གསུམ་པ་ཙམ་ལ་བཀའ་དབང་དངོས་གཞིའི་ཉིན་གཉིས་པའི་གནང་སྒོ་མཇུག་ལེགས་པར་གྲུབ་ཡོད་པ་བཅས།