དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པའི་གནང་སྒོ་མཇུག་ལེགས་པར་གྲུབ་པ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༣ ཉིན་གུང་ཆུ་ཚོད་ ༡༡།༣༠ བརྒལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་གསུང་ཆོས་ར་བར་ཆིབས་བསྒྱུར་བསྐྱངས་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལགས་ཀྱིས་སྤོས་སྣེས་མདུན་བསུས་ཏེ་གདན་ཞུ་དང་འབྲེལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་དང་། རྒྱལ་བ་ཀརྨ་པ་མཆོག དེ་བཞིན་དགའ་ལྡན་ཁྲི་ལས་ཟུར་སོགས་ཀྱིས་མཇལ་ཁ་ཞུས་རྗེས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་དེ་དཔལ་དུས་ཀྱི་འཁོར་ལོའི་དངོས་གཞིའི་བཀའ་དབང་འཕྲོ་སྐྱོང་གིས་མཇུག་ལེགས་པར་གྲུབ་ཡོད་པ་རེད། 

དེ་ཡང་ཐོག་མར་རྒྱ་གར་གྱི་སློབ་ཕྲུག་ཁག་གཅིག་གིས་སཾ་སྐྲྀ་ཏའི་སྐད་ཀྱི་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་བ་དང་། དེ་རྗེས་སི་པིན་གྱི་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གྲ་སྒྲིག་གནང་མཚམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སི་པིན་གྱི་སྐད་ཀྱི་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་བ་ཐེངས་དང་པོ་ཡིན་པ་བཀའ་གནང་རྗེས་སི་པིན་གྱི་དགེ་འདུན་པ་དང་བཙུན་མ་དེ་བཞིན་མི་སྐྱ་ཁག་གཅིག་གིས་ཤེས་རབ་སྙིང་པོ་གསུངས་འདོན་གནང་བ་དང་། དེ་རྗེས་སྨྲ་བསམ་བརྗོད་མེད་དང་། ཉན་ཐོས་ཞི་འཚོ་མ། རྩ་བ་ཤེས་རབ་ཀྱི་མཆོད་བརྗོད། སངས་རྒྱས་ཆོས་ཚོགས་མ་ལན་གསུམ། གང་གི་ཐུགས་བརྩེ་མ་བཅས་གསུངས་འདོན་གནང་བ་དང་། དེ་རྗེས་བཀའ་དབང་སྔོན་འགྲོའི་ངོ་སྤྲོད་ཀྱི་བཀའ་སློབ་སྩལ་དོན། 

ངོས་རང་རྒྱུན་དུ་འདོན་བཞིན་པའི་སྟོན་པའི་བཀའ་དྲིན་དྲན་པའི་སྒོ་ནས་ཕྱག་འཚལ་བ་ཞེས་རྩ་བ་ཤེས་རབ་ནང་རབ་བྱེད་ཉེར་བདུན་པའི་མཇུག་དེར་གསུངས་པའི་དོན་དག་ནི། གང་གིས་ཐུགས་བརྩེས་ཉེར་བཟུང་ནས། ཞེས་འཛམ་གླིང་འདིའི་སྟེང་སྟོན་པ་མང་པོ་ཡོད་པ་ཚང་མས་སྐྱེ་འགྲོ་སེམས་ཅན་ལ་ཕན་བདེ་བསྒྲུབ་རྒྱུའི་དོན་དུ་གསུངས་པ་མཚུངས་པ་རེད་འདུག ཇི་སི་སི་ཁ་རེ་སི་དང་། མོ་ཧ་མ་དི། དེ་དང་དེ་འདྲ་བའི་རྒྱ་གར་གྱི་ཆོས་བརྒྱུད་མི་འདྲ་བ་ཡོད་པའི་ཐོག་མའི་སྟོན་པས་མིར་ཕན་པ་ཡོང་རྒྱུར་གསུངས་པ་གཅིག་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་དེ་ཡང་འཛམ་གླིང་འདིའི་སྟེང་ཆོས་བརྒྱུད་མང་པོ་ཡོད་པའི་ཁོངས་ནས་གཅིག་ཆགས་ཡོད་དེ་ལ་གངས་གིས་ཐུགས་བརྩེས་ཉེར་བཟུང་ནས་ཞེས་དང་། ཁྱད་པར་ནི་ལྟ་བ་ཐམས་ཅད་སྤང་བའི་ཕྱིར། །ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་གདུལ་བྱའི་སྡུག་བསྔལ་སེལ་བ་ནི་སྡུག་བསྔལ་གྱི་རྒྱུར་ཞིབ་འཇུག་བྱས་ཏེ། སྡུག་བསྔལ་གྱི་རྒྱུ་གཞན་ལ་གནོད་པ་དང་འཚེ་བ་བྱེད་རྒྱུ་དེ་དག་ཆོས་ལུགས་ཚང་མས་བྱེད་རྒྱུ་མེད་ཅེས་གསུངས་ཡོད། དཔེར་ན། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་ཀྱིས་འཛམ་གླིང་འདིའི་སྟེང་གི་མི་ཡོངས་རྫོགས་དཀོན་མཆོག་གི་སྲས་ལྟ་བུ་རེད་ཅེས་བརྗོད་བཞིན་ཡོད། 

དེ་ལྟ་བུའི་ལྟ་གྲུབ་ཀྱི་ཐོག་ནས་བྱམས་བརྩེ་དང་། བཟོད་པ། ཆོག་ཤེས་བྱ་རྒྱུ་ནི་གནད་འགག་ཆེན་པོ་རེད། ང་ཚོ་མིའི་སྤྱི་ཚོགས་ནང་ཚང་མ་རུབ་རུབ་བྱས་ཏེ་འཚོ་བཞིན་ཡོད། སོ་སོ་གཅིག་པུ་རྒྱག་སྤྱོད་གསུམ་བྱས་ཏེ་ཕྱིན་པ་ཡིན་ན་མ་བདེ་བ་ཞིག་ཡོད།  དབུལ་ཕོངས་མང་པོ་ཞིག་ཕར་ཚུར་ཡོད་བཞིན་དུ་སོ་སོས་བཟའ་རྒྱག་སྤྱོད་གསུམ་བྱས་ནས་བསྡད་ན་ཡ་རབས་ཀྱི་ཐོག་ནས་ཕྲན་བུ་མི་བདེ་བ་ལྟ་བུ་འདུག དཔེར་ན་སྲང་ལམ་དུ་དབུལ་ཕོངས་ཤིག་ལྟོགས་སྟེ་ཤི་གྲབ་བྱེད་བཞིན་པའི་འཁྲིས་སུ་སོ་སོས་ཁ་ལག་ཧ་ཅང་རྒྱས་སྤྲོས་བྱས་ཏེ་བཟས་པ་ཡིན་ན་ཕྲན་བུ་མི་བདེ་མི་འདུག་གམ། འཛམ་གླིང་འདིི་སྟེང་མི་དུང་ཕྱུར་བདུན་ཅུ་དོན་གྲངས་ཤིག་ཡོད་པ་དེ་དག་བསམ་བློ་གཏོང་སྐབས། སོ་སོ་གཅིག་པུའི་དེ་ང་རང་གི་ཐོབ་ཐང་ཡིན་ཟེར་བའི་སྐད་ཆ་མ་ཡིན་པར་སྤྱི་ལ་བསམ་བློ་བཏང་ཡོང་དུས་ཆོག་ཤེས་བྱེད་དགོས་པ་དེ་བྱམས་བརྩེ་དང་འབྲེལ་བའི་ཆོག་ཤེས་སླེབས་ཀྱི་ཡོད། བཟོད་པ་ནི་དེ་དེ་བཞིན་ནོ། མིས་རང་ལ་ངན་སྨྲས་བརྗོད་པ་དེ་སེམས་ནང་ཉར་ཏེ་སེམས་ནག་པོ་བྱེད་ནས་སྡོད་རྒྱུ་ཡོད་པ་མ་རེད། བཟོད་བསྲན་དགོས་རེད་ཅེས་པ་དེ་དག་ཚང་མ་བྱམས་བརྩེ་དང་འབྲེལ་བ་ཡོད། དེར་བརྟེན་འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་ཚང་མས་འདི་ལྟར་གསུངས་བཞིན་ཡོད། སངས་རྒྱས་པའི་བྱ་སྤྱོད་ཀྱི་ཐོག་ནས་མིར་གནོད་པ་བྱེད་རྒྱུ་དེ་གཙོ་བོ་ཀུན་སློང་གི་ཁྱད་པར་གྱི་ཐོག་ནས་ཡོང་བཞིན་ཡོད། གནོད་སེམས་དང་ཞེ་སྡང་། ང་རྒྱལ་སོགས་ལས་ཡོང་བཞིན་ཡོད། དེ་དག་ནི་ང་ཚོའི་སེམས་དེ་མ་དུལ་བར་ཉོན་མོངས་པའི་གཞན་དབང་དུ་ཕྱིན་ཏེ་ཡོང་བཞིན་ཡོད། ཉོན་མོངས་ལ་ལྟ་མིན་གྱི་ཉོན་མོངས་དང་། ལྟ་བར་གྱུར་བའི་ཉོན་མོངས། ཤེས་རབ་ཀྱི་ཉོན་མོངས་ཅན་ཞེས་གསུངས་ཡོད་པ་དེ་དག་ལ་ཉམས་ཞིབ་བྱེད་སྐབས། ང་རྒྱལ་ལ་སོགས་པ་མང་པོ་ཞིག་ལྟ་མིན་གྱི་ཉོན་མོངས་རེད། ཤེས་རབ་ཀྱི་ཉོན་མོངས་ཅན་དེ་དག་ལྟ་བར་གྱུར་བའི་ཉོན་མོངས་ཆགས་ཡོད། དེ་དག་གིས་ལྟ་མིན་གྱི་ཉོན་མོངས་སྐྱེ་རྒྱུའི་རྨང་གཞི་ཤེས་རབ་ཀྱི་ཉོན་མོངས་ཀྱིས་བྱེད་བཞིན་ཡོད།

ང་ང་ཞེས་སྤྱིར་བཏང་དྲན་པ་ཙམ་མ་ཡིན་པར་ངའོ་སྙམ་པ་སྐྱེས་པའི་ཡུལ་དེ་ཚུགས་ཐུབ་པ་བདེན་གྲུབ་ཅིག་ལ་ངོས་འཛིན་གྱི་འཇིགས་ལྟ་དེ་སངས་རྒྱས་པའི་གཞུང་ཚང་མའི་ནང་གསུངས་བཞིན་ཡོད། རྙོག་དྲ་གཙོ་བོ་ང་ཞེས་པ་དེས་བཟོ་བཞིན་ཡོད། དེར་བརྟེན་ལྟ་མིན་གྱི་ཉོན་མོངས་དེ་ཚོའི་གྲས་ལ་ཁ་ཐུག་གི་གཉེན་པོ་བསྟེན་དགོས་པ་དང་། གཙོ་བོ་ཤེས་རབ་ཀྱི་ཉོན་མོངས་ཅན་ལ་གཉེན་པོ་བསྟེན་ནས་ཤུགས་རྒྱག་དགོས། ཞེས་སོགས་སངས་རྒྱས་པའི་ཆོས་ལྟ་གྲུབ་ཀྱི་ཐོག་ནས་མི་འདྲ་བ་ཡོད་པ་དང་། སྟོན་པ་བཅོམ་ལྡན་འདས་ཀྱི་གདུལ་བྱའི་ཁམས་དང་མོས་པ་དང་བསྟུན་ནས་གསུངས་ཡོད་སྐོར་དང་། སེམས་ཅན་ཐམས་དང་བདེ་བ་དང་ལྡན་ཞིང་སྡུག་བསྔལ་མི་ཡོང་བར་ཤོག་ཅེས་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་ཡིན་ན། འཛམ་གླིང་འདིའི་སྟེང་གི་འགྲོ་བ་ཐ་དག་ལ་དངོས་དང་བརྒྱུད་པའི་ཐོག་ནས་གང་ཙམ་ཁ་ཡོད་ལག་ཡོད་དང་མིག་མཐོང་ལག་ཟིན་གྱི་ཕན་ཐོགས་བྱེད་ཐུབ་པ་ཞིག་ཡོད་པ་དེར་ངེས་པར་དུ་བསམ་བློ་གཏོང་དགོས་ཞེས་སོགས་བཀའ་སྩལ་རྗེས།  དེ་རིང་དུས་འཁོར་དབང་ཆེན་ཉི་མ་མཐའ་མ་དེ་རེད། ཁྱོད་རང་ཚོ་མི་མང་པོ་འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་ཆེད་དུ་འདིར་སླེབས་བསྡད་ཡོད་པ་རེད། གོམས་གཤིས་དང་རིག་གཞུང་གི་ཐོག་ནས་མི་འདྲ་བ་ཆགས་བསྡད་ཡོད་རེད། ཡིན་ནའང་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་ནི་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་ཞིབ་འཇུག་བྱས་ཏེ་འགྲོ་བཞིན་ཡོད་པས་ཁ་སང་ཞུས་ཟིན་པ་ལྟར་དེང་སང་ཚན་རིག་པའི་ནང་ནས་ཀྱང་དོ་སྣང་བྱེད་བསྡད་པ་ཞིག་ཆགས་ཡོད་པ་རེད། དེར་བརྟེན་ཡུལ་གྲུ་ཁག་མང་པོ་ཞིག་ནས་དོན་གཉེར་ཆེན་པོ་བྱས་ཏེ་ཡོང་བ་རེད། དེ་བཞིན་ལོ་རྒྱུས་ཀྱི་ཐོག་ནས་སངས་རྒྱས་ཆོས་ཀྱི་རྗེས་སུ་འཇུག་མཁན་རྒྱ་ཆེ་ཤོས་དང་མང་ཤོས་ནི་རྒྱ་མི་རིགས་རེད། རྒྱ་ནག་སྐམ་ས་ཆེན་པོ་རང་ནས་མི་གང་འཚམ་སླེབས་འདུག ཐེ་ཝན་དང་སིངྒ་པུར་སོགས་ནས་གང་འཚམ་སླེབས་ཡོད་པ་རེད།  དེ་བཞིན་ཉི་ཧོང་དང་ཀོ་རི་ཡ། ཝི་ཏི་ནམ་སོགས་སངས་རྒྱས་པའི་ཆོས་བརྒྱུད་འཛིན་མཁན་གཅིག་མཚུངས་ཆགས་ཡོད། ས་ཁུལ་དེ་དག་ཚང་མ་ནས་སླེབས་ཡོད་པ་རེད། བཀའ་འགྱུར་དང་བསྟན་འགྱུར་ལ་དད་གུས་ཀྱིས་དུས་དང་དུས་ལ་མཆོད་ཀློག་བྱ་མཁན་བོད་གངས་ཅན་གྱི་བོད་རིགས་ཙམ་མ་ཡིན་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་པོས་ཀྱང་དད་པ་གཅིག་མཚུངས་ཡོད། དེ་བཞིན་བལ་ཡུལ་བྱང་རྒྱུད་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཤར་པ་དང་། ཝ་ལུང་། རྟ་མང་སོགས་ཁྱེད་རང་ཚོ་བལ་ཡུལ་ལ་ཡོད་མཁན་ཚང་མས་བཀའ་འགྱུར་དང་བསྟན་འགྱུར་ལ་དད་པ་རྩེ་གཅིག་དང་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་ཉམས་སུ་ལེན་མཁན་གཅིག་མཚུངས་ཆགས་ཡོད།

ང་ཚོ་བོད་མི་བཙན་བྱོལ་བ་ཆ་བཞག་ན་བཙན་བྱོལ་ཡུལ་གྱར་བྱས་ནས་ལོ་ ༥༧ བརྒལ་ནས་འགྲོ་བཞིན་ཡོད། དེ་ཡིན་ཡང་ང་ཚོ་ཚང་མས་ལྷག་བསམ་རྣམ་དག་གིས་སྙིང་སྟོབས་བསྐྱེད་ནས་དཀའ་ངལ་ལ་གདོང་ལེན་བྱས་ཏེ་བསྡད་པ་རེད། རྒྱ་གར་ལྷོ་ཕྱོགས་ནས་ཕེབས་པའི་དགེ་འདུན་པ་ཚོས་མཁྱེན་གྱི་རེད། བྱང་རྒྱུད་ཀྱི་གཞིས་ཆགས་ཆང་ཁག་གི་གནས་གནས་ཚུལ་ཡང་གཅིག་མཚུངས་ཆགས་ཡོད། ཐོག་མར་གཞིས་ཆགས་ཚུགས་པའི་སྐབས་སུ་མཐུན་རྐྱེན་སྐྱོ་པོ་དང་ཧ་ཅང་དཀའ་ལས་བརྒྱབ་སྟེ་ས་ཞིང་མེད་སར་ས་ཞིང་བརྐོ་བ་སོགས་བྱས་ཡོད། གཙོ་ཆེ་རྒྱ་གར་གཞུང་གི་བཀའ་དྲིན་དང་དེའི་ནང་ཚན་ནས་པན་ཌི་ཏ་ནེ་རུ་ནི་དམིགས་བསལ་གྱིས་བོད་པའི་ཐོག་ཕལ་ཆེར་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་པ་ཞིག་བརྗོད་ཆོག་པ་རེད། ཀར་ན་ཊ་ཀ་མངའ་སྡེའི་མེ་སོར་ལྟ་བུར་ཆ་བཞག་ན་དམིགས་བསལ་གྱི་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། དུས་ཡུན་དེའི་རིང་ང་ཚོ་བོད་མི་བཙན་བྱོལ་བ་རྣམས་རྒྱ་གར་གྱི་ས་ཁུལ་འདྲ་མིན་གཞིས་ཆགས་ནས་ཡོད་པ་དེ་དག་ཚང་མས་ཧུར་ཐག་འབད་ཐག་བྱས་ཡོད། གལ་ཆེ་ཤོས་བཤད་གྲྭ་ཁག་དེ་དག་གིས་སློབ་གཉེར་གནང་རྒྱུར་ཚ་བ་དང་འཕྲོད་བསྟེན་གྱི་ཐོག་ནས་དཀའ་ངལ་ཡོད་ཀྱང་དཔེ་ཆ་བལྟ་རྒྱུའི་ཐོག་ཧུར་ཐག་བྱས་ཡོད། དཔེ་ཁྲིད་གནང་མཁན་དགེ་བཤེས་རྣམ་པ་ཚོས་ཀྱང་འབད་བརྩོན་བྱས་ཏེ་ཧ་ཅང་ཡག་པོ་ཡིན། གང་ལྟར་དུས་འཁོར་དབང་ཆེན་ཞུས་ནས་ང་ཚོས་དུས་འཁོར་དབང་ཆེན་ཞུས་པ་ཡིན་ཞེས་འཁྱེར་རྒྱུ་ཞིག་དགོས་པ་རེད། དུས་འཁོར་དབང་ཆེན་ཞུས་ནས་འཁྱེར་རྒྱུ་ཅི་ཞིག་དགོས་པ་རེད་ཟེར་ན་སེམས་པ་བཟང་པོ་བྱེད་རྒྱུ་དང་། སེམས་པ་བཟང་པོ་བྱེད་རྒྱུ་དེ་རང་གི་དགའ་སར་སེམས་པ་བཟང་པོ་བྱེད་རྒྱུ་ཟེར་གྱི་མེད། སེམས་པ་བཟང་པོ་བྱས་ན་ཁེ་ཕན་གང་ཡོད་པ་དང་སེམས་པ་ངན་པ་བྱས་ན་གྱོང་གང་ཡོད་པ་དེ་དག་ཤེས་པར་བྱེད་དགོས། སེམས་པ་བཟང་པོ་དང་ངན་པ་རྒྱུ་དང་རྐྱེན་གང་ལ་བརྟེན་ནས་ཡོང་བཞིན་ཡོད་པ་རྩད་གཅོད་བྱས་ཏེ་མི་ཚེ་འདི་ཉོན་མོངས་པའི་གཞན་དབང་དུ་མི་འགྲོ་བ་བྱས་ཚེ་སོ་སོའི་མི་ཚེ་འདི་ཡ་རབས་ཞིག་དང་། སོ་སོར་འབྲེལ་བ་ཡོད་པ་དེ་དག་ལ་ཕན་པ་ཡོད་པ་ཞིག་མ་གཏོགས་གནོད་པ་མི་སྐྱེལ་མཁན་ཞིག་ཡོང་གི་རེད། དེ་ལྟ་བུ་ཞིག་ང་ཚོ་དུས་འཁོར་དབང་ཆེན་ལ་འདུས་ནས་བྱེད་ཀྱི་ཡིན་བསམ་པ་ཞིག་ཚང་མས་སེམས་ལ་ཞོག། མཁྱེན་སོང་ངམ། 

གཞན་འདིར་གནམ་གཤིས་སྐྱོ་པོ་དང་མཐུན་རྐྱེན་མ་ཚང་བ་རེད།  ངོས་རང་ལ་ཆ་བཞག་ནའང་ཕྲན་བུ་མང་དྲགས་པ་ལྟ་བུ་ཆགས་སོང་། རྡ་ས་ནས་ཐོན་ནས་ལྡི་ལིར་ཉིན་ཤས་རིང་བྲེལ་བ་ཆེན་པོ་བྱས་ནས་བསྡད་པ་དང་། དེ་ནས་རྒྱ་གར་ལྷོ་ཕྱོགས་སུ་ཕྱིན་ནས་བྲེལ་བ་ཆེན་པོ་བྱས་ཏེ་བསྡད་པ་རེད། དེ་ནས་འདིར་ཡོང་བ་ཡིན་པས་ཕུང་པོའི་ངོས་ནས་ཁུར་ལྕི་དྲགས་པ་ལྟ་བུ་ཆགས་སོང་། ཡིན་ནའང་དེ་རིང་དབང་གོང་མ་གོང་ཆེན་དེ་ཚར་འགྲོ་དུས་བདེ་ལེགས་ངང་གྲུབ་པ་རེད། དེར་བརྟེན་ངོས་རང་ལ་མཚོན་ནའང་མི་མང་པོ་ཞིག་འདུས་ཏེ་ཆོས་ཀྱི་སྙིང་པོ་དེ་བྱང་ཆུབ་ཀྱི་སེམས་རེད། བྱང་ཆུབ་ཀྱི་སེམས་ནི་བློ་གྲོས་དང་ལྡན་པའི་གཞན་ཕན་གྱི་བསམ་པ་ཞིག་ཡིན་པ་རེད། དེའི་ཐོག་ཉིན་ཤས་རིང་བྱང་ཆུབ་སེམས་བྱུང་གི་ལེགས་བཤད་སྨད་དུ་བྱུང་བ་སྤྱོདབའཇུག་གི་བཤད་ལུང་ཞུས་ཏེ་ངོས་རང་ཡང་བློ་བདེ་པོ་བྱུང་། ཁྱེད་རང་ཚོས་དཔེ་ཆ་ལག་པར་འཁྱེར་ནས་དུས་དུས་སུ་བསམ་བློ་བཏང་བ་དང་། དཔྱད་འཇོག་གི་སྒོམ་ཟུང་འབྲེལ་ཐོག་ནས་འགྲོ་བ་ཡིན་ན་ལོ་རེ་ནས་ལོ་རེར་རང་ཉིད་ཀྱི་སེམས་རྒྱུད་ཞི་ཞིང་དུལ་བ་དང་། དུལ་བའི་ལག་རྗེས་ལ་མི་ཚེ་སྐྱིད་པ། ལུས་བདེ་བ། དངངས་སྐྲག་ཆུང་བ་ཡོང་གི་རེད། ཚེ་འདི་སྐྱིད་པ་མ་ཟད་མི་ཚེ་འདིའི་རིང་ག་ཚོད་ཐུབ་ཐུབ་ཀྱི་བྱང་ཆུབ་ཀྱི་སེམས་བསམ་བློ་བཏང་ནས་གོམས་འདྲིས་ལྟ་བུ་གང་འཚམ་བྱུང་ན་འཆི་ཁར་ཡང་དེར་ཉམས་ལེན་བྱེད་ཐུབ་ཀྱི་རེད། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་བྱེད་ཐུབ་ཀྱི་རེད། དེ་ལྟར་བྱུང་ན་སྐྱེ་བ་ཕྱི་མ་མི་ལུས་བཟང་པོ་ཞིག་ཐོབ་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ་ཐམ་པ་ཐག་ཆོད་པ་རེད། ཤེས་སོང་ངམ། དེ་ལྟར་ཚང་མས་ཆོས་ཞུས་ནས་འཁྱེར་རྒྱུ་ཡོད་པ་ཞིག་དགོས་མ་གཏོགས་གཞན་དཀའ་ལས་ཁག་རོགས་ལྟ་བུ་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།

དེ་རྗེས་དབང་གོང་མ་གོང་ཆེན་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་བཀའ་དབང་དང་བཅས་པ་ཞུ་བ་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་རྣམས་ཕྱིར་བསྐྲད་པའི་བགེགས་གཏོར་བ་གནང་། དབང་གོང་མ་གོང་ཆེན་གྱི་བཀའ་དབང་རྣམས་༸རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་གིས་ཕྱོགས་བསྒྲིགས་མཛད་པའི་ཐོག་སྩལ་ཏེ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་བདག་མདུན་བུམ་པ་དང་། མཆོད་ཕྲེང་སོགས་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་ཐོག་ནས་རྒྱས་པས་སྔོན་དུ་སྨིན་སྒྲུབ་མཛད་ཚུལ་དང་། དབང་བཞི་པ་ལ་ཐུན་མོང་དང་ཐུན་མོང་པ་གཉིས་གསུང་ཚུལ། རྫོགས་རིམ་སྨིན་བྱེད་ཀྱི་དབང་ནོད་པའི་སྐབས་ནས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་གྱི་ཉམས་ལེན་གྱི་རྫོགས་རིམ་གྱི་ཉམས་ལེན་ཆགས་པ་དང་། གཉིད་ཀྱི་འོད་གསལ་གྱི་འགྲོ་ལུགས་སོགས་རྒྱས་པར་བཀའ་སྩལ་རྗེས་མཎྜལ་གསུངས་པ་དང་ཆོས་ཞུ་བ་ཁག་གཅིག་ལ་མཇལ་ཁ་སྩལ་རྗེས་གོང་མ་གསུམ་ལས་༡༽ བུམ་དབང་། ༢༽ གསང་དབང་། ༣༽ ཤེས་རབ་ཡེ་ཤེས་ཀྱི་དབང་། ༤༽ དབང་བཞི་པ་བཅས་སྩལ་རྗེས་བཀའ་དབང་དངོས་གཞི་ལས་གོང་ཆེན་བཞི་སོགས་རིམ་པར་སྩལ་རྗེས་གཏང་རག་གི་མཎྜལ་དང་། ཤིས་བརྗོད། བསྡུ་ཆོག་བཅས་མཛད་ནས་དུས་འཁོར་དབང་ཆེན་གྱི་ཉིན་གསུམ་པའི་དབང་གོང་མ་གསུམ་དང་། གོང་ཆེན་བཞི། རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་དང་བཅས་པའི་གནང་སྒོ་མཇུག་ལེགས་པར་གྲུབ་ཡོད་པ་བཅས།