ཨ་སམ་གྱི་གསར་ཤོག་ཐོག་མ་ལོ་ངོ་བདུན་ཅུའི་མཛད་སྒོར་ཆིབས་བསྒྱུར།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་སམ་མངའ་སྡེའི་རྒྱལ་ས་གྷོ་ཧ་ཊིའི་གནམ་ཐང་དུ་༸ཞབས་སོར་འཁོད་ཡོད་པ་དང་།  སྐབས་དེར་ཨ་སམ་མི་མང་དང་བོད་རིགས། གསར་འགོད་པ་སོགས་མི་ཧ་ཅང་མང་པོས་ཕེབས་བསུ་གཟབ་རྒྱབ་ཞུས་པ་དང་། ཉིན་གུང་ལྗགས་སྨིན་རྗེས་གྷོ་བ་ཧ་ཊི་མངའ་སྡེའི་ཨ་སམ་གྱི་གསར་ཤོག་The Assam Tribune ཞེས་པར་ལོ་འཁོར་བདུན་ཅུ་དོན་ལྔ་འཁོར་བའི་མཛད་སྒོའི་སྟེང་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཨ་སམ་གྲོང་ཁྱེར་གྱི་ the ITA Center for Performing Arts.ཞེེས་པའི་ཚོགས་ཁང་དུ་ཆིབས་བསྒྱུར་བསྐྱབས་པ་དང་།  མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Sarbananda Sonowal མཆོག་དང་།  མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ Banwarilala Purohit མཆོག  དེ་བཞིན་ཨ་སམ་ནང་གི་གསར་ཤོག་རྙིང་ཤོས་གྲས་ཨ་སམ་ཊིར་སྦུན་གྱི་ Assam Tribune འགན་འཛིན་བྷ་བྷི་ཏ་རཱཇ་ཁོ་བ་ Babita  Rajkhowa མཆོག་བཅས་སྡིངས་ཆའི་སྟེང་བཞུགས་གྲལ་དུ་འཁོད་མཚམས།   ཨ་སམ་སྲོལ་རྒྱུན་གྱི་ལམ་ནས་༸གོང་ས་མཆོག་གིས་གཙོས་སྐུ་མགྲོན་རྣམ་པར་ཕེབས་བསུའི་གཟབ་རྒྱས་ཞུས་ཡོད་པ་རེད།  

དེ་རྗེས་༸གོང་ས་མཆོག་གིས་གཙོས་སྐུ་མགྲོན་རྣམ་པས་སྣང་གསལ་ཞལ་ཕྱེ་མཛད་རྗེས་ཨ་སམ་ཊིར་སྦུན་གྱི་ Assam Tribune འགན་འཛིན་བྷ་བྷི་ཏ་རཱཇ་ཁོ་བ་ Babita  Rajkhowa མཆོག་གིས་ཕེབས་བསུའི་གསུང་བཤད་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་སྙིང་བསྡུས་ཤིག་ངོ་སྤྲོད་དང་འབྲེལ་The Assam Tribuneགསར་ཤོག་ནི་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་རྒྱ་གར་ནང་བཙན་བྱོལ་དུ་༸ཞབས་སོར་བདེ་བར་འཁོད་པའི་གནས་ཚུལ་ཐོག་མ་སྤེལ་མཁན་གྱི་གསར་ཤོག་ཐོག་མ་ཡིན་སྟབས་དགའ་སྤོབས་ཡོང་བཞིན་ཡོད་སྐོར་གསུང་བཤད་གནང་བ་དང་། ཨ་སམ་ཊིར་བྷུན་གསར་ཤོག་དེ་ནི་ཐོག་མར་ཕྱི་ལོ་ ༡༩༣༩ ཕྱི་ཟླ་ ༨ ཚེས་ ༡ ཉིན་ཨ་སམ་མངའ་སྡེའི་དིབ་རུ་གར་གྲོང་ཁྱེར་ནས་ཐོག་མར་བདུན་རེའི་གསར་ཤོག་གི་ཚུལ་དུ་འདོན་སྤེལ་གནང་རྗེས།   ཕྱི་ལོ་ ༡༩༤༦ ཟླ་ ༩ ཚེས་ ༣༠ ཉིན་གྷོ་ཧ་ཊིར་གནས་སྤོས་བྱས་ནས་ཉིན་རེའི་གསར་ཤོག་གི་ངོ་བོར་བསྒྱུར་ཡོད་འདུག

ཕེབས་བསུའི་གསུང་བཤད་གྲུབ་རྗེས་སྡེ་ནིག་ཨ་ཧོམ་ལོ་ལྔ་བཅུ་འཁོར་བའི་ཉིན་མོ་ཞེས་པ་དང་། The Assam Tribune གསར་ཤོག་གི་རྩོམ་སྒྲིག་པ་ཐོག་མ་སྐུ་ཞབས་ཨེལ་ལན་ཕུ་ཀན་ལགས་ཀྱི་སྐོར་བཅས་དཔེ་དེབ་གཉིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་མཛད། དེ་རྗེས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདིར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པ་དེས་ང་ཚོ་ཚང་མའི་སེམས་ནང་དགའ་ཚོར་ཧ་ཅང་སྐྱེས་ཐུབ་པ་བྱུང་ཡོད། དེ་ནི་གཙོ་བོ་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཆེ་བའི་ཡོན་ཏན་ཡིན།  ང་རང་སྒེར་ལ་མཚོན་ན་དེ་རིང་གི་མཛད་སྒོར་བཅར་དགོས་པའི་རྒྱུ་མཚན་གཙོ་བོ་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་དྲུང་ནས་མཇལ་ཁ་ཞུ་རྒྱུ་དང་།  ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བཟང་སྤྱོད་དང་འབྲེལ་བའི་བཀའ་སློབ་དེ་དག་གཞི་རྩར་བཟུང་ནས་ཨ་སམ་མངའ་སྡེའི་འཛིན་སྐྱོང་ལས་དོན་གཙོ་བོར་གྱུར་བའི་སྤྱི་ཚོགས་ཀྱི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་སླད་ང་ཚོས་འབད་བརྩོན་གང་ཡོང་ཞུ་དགོས་པ་ཆགས་ཡོད།  གང་ཡིན་བརྗོད་ན་ང་ཚོའི་མངའ་སྡེའི་ནང་གཙོ་བོ་མི་བཟང་སྤྱོད་ལྡན་པ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད།  གལ་ཏེ་དེ་ལྟར་བྱུང་ཐུབ་ཚེ་མངའ་སྡེའི་ནང་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོང་ངེས་རེད།  ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ཀུན་ལ་ཞི་བདེའི་དེད་དཔོན་ཞིག་ཡིན་པ་ཡོངས་སུ་གྲགས་ཡོད།  ཅེས་སོགས་ཀྱི་གསུང་བཤད་གནང་།

དེ་ནས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།  ངོས་ཀྱིས་རྒྱུན་དུ་གཏམ་བཤད་བྱེད་སྐབས་སྤུན་མཆེད་ཕོ་མོ་ཚོ། ཞེས་འགོ་འཛུགས་བཞིན་ཡོད། གང་ཡིན་བརྗོད་ན་ངོས་ཀྱི་དམ་བཅའ་གསུམ་ནས་གཅིག  ང་ཚོ་འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོད་པ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་ཡིན་བསམ་པའི་འདུ་ཤེས་གོང་མཐོར་གཏོང་རྒྱུ་འདི་ཡིན།  འདི་ནི་ངོས་ཀྱིས་ཧ་ཅང་གལ་ཆེན་པོ་ཞིག་ཡིན་པར་ངོས་འདིན་བྱེད་བཞིན་ཡོད།  དེང་སྐབས་འཛམ་གླིང་ནང་གི་དཀའ་ངལ་ཧ་ཅང་མང་པོ་ཞིག་ཡོད་པ་དེ་དག་གཙོ་བོ་མཐར་གཏུག་ན་མི་རང་གིས་བཟོས་པའི་དཀའ་ངལ་ཞིག་ཆགས་ཡོད།  དཔེར་ན། ཕན་ཚུན་དམག་འཁྲུག་བརྒྱབ་ནས་མི་གསོད་ཁྲག་སྦྱོར་གྱི་རིགས་ལ་བརྟེན་ནས་མི་ཉམ་ཆུང་ཉེས་མེད་མང་པོ་ཞིག་འཆི་རྐྱེན་རིགས་ཡོང་བཞིན་ཡོད།

ས་ཁུལ་ཁག་གཅིག་ནང་དུ་བྱིས་པ་མང་པོ་ལྟོགས་ཤི་ཐེབས་བཞིན་ཡོད། ཁོང་ཚོའང་ང་ཚོ་དང་མཚུངས་པར་འགྲོ་བ་མི་ཞིག་ཡིན་སྟབས། ང་ཚོས་སྣང་ཆུང་བྱེད་ནས་འཇོག་ཐབས་རྩ་བ་ནས་མེད། ཅེས་དང་། ཡང་༸གོང་ས་མཆོག་གིས་ཞལ་ཤོབ་དང་སྦྲགས་བཀའ་སློབ་སྩལ་དོན།  གོང་དུ་ཁྱེད་ནས་ངོས་རང་༸རྒྱལ་དབང་སྐུ་ཕྲེང་ ༡༣ ཡང་སྲིད་ཡིན་སྐོར་དང་། ངོས་རང་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་ཚུལ་གསུང་པ་དེར་གང་འདྲ་ཡིན་ནམ་སྙམ་པའི་ཐེ་ཚོམ་ཡོད། འོན་ཀྱང་ངོས་རང་འགྲོ་བ་མི་ཞིག་ཡིན་པ་བརྒྱ་ཆ་བརྒྱ་ནས་བརྒྱ་ཡིད་ཆེས་ཡོད།

ངོས་རང་ལོ་ན་ཚོད་རྒས་ཡང་རིག་པ་གྲུང་པོ་ཡོད། དེ་ནི་གཙོ་བོ་ངོས་རང་གཅིག་གི་སྤྲུལ་པ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་མིན།  དེ་ནི་གཙོ་བོ་བོད་བརྒྱུད་ནང་བསྟན་ལ་སློབ་སྦྱོང་བྱེད་སྐབས་གསུང་ཚད་ཐམས་ཅད་ཡིན་པ་རེད། ཅེས་ཆ་མ་བཞག་པར་དེ་ལྟར་ཡིན་པའི་དགོས་པ་གང་ཡིན། རྒྱུ་མཚན་གང་ཡིན། ཞེས་བརྟག་དཔྱད་བྱས། རིག་པས་བརྡར་ཤ་བཅད་ནས་རྩོད་པ་བྱས་ནས་ཕྱིན་པ་དེའི་དྲིན་ལ་བརྟེན་ནས་རེད།  ཅེས་དང་། 

ཡང་ཨ་སམ་ཊིར་སྦུན་འགོ་བཙུགས་ནས་ལོ་ངོ་ ༧༥ འཁོར་བའི་དུས་དྲན་སྲུང་བརྩི་དང་སྦྲགས་ནས་བཀའ་སློབ་སྩལ་དོན། དེ་རིང་གཙོ་བོ་གསར་ཤོག་འདི་དབུ་བརྙེས་ནས་མི་ལོ་ ༧༥ འཁོར་བ་རེད། དེ་རིང་གི་གསར་ཤོག་འདི་རེད། འདིའི་ནང་དུ་ངོས་རང་ཐོག་མར་རྒྱ་གར་བཙན་བྱོལ་ལ་འབྱོར་སྐབས་ངོས་ཀྱི་ཨ་མ་ལགས་དང་གཅེན་མོའི་པར་འདུག  ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྔམ་སྟོན་ཧ་ཅང་ཤུགས་ཆེན་པོ་ཞིག་བྱུང་བ་རེད།  ངོས་ནས་ཟིང་འཁྲུག་ཞི་འཇམ་ཡོང་ཐབས་སླད་འབད་བརྩོན་གང་ཡོང་བྱས་པ་ཡིན།  འོན་ཀྱང་མཐར་གླགས་མ་ཁེལ་བ་རེད།

སྐབས་དེར་རྒྱ་མིའི་དྲག་པོའི་དམག་དཔུང་ཉིན་རེ་བཞིན་ལྷ་སའི་ནང་ཇེ་མང་དུ་འགྲོ་བཞིན་ཡོད།  དེར་བརྟེན་མཐར་བྲོས་བྱོལ་ཡོང་རྒྱུ་ཁོ་ན་མ་གཏོགས་ཐབས་ལམ་གཞན་མ་རྙེད་པ་རེད།  ང་ཚོ་ལྷ་ས་ནས་བྲོས་བྱོལ་དུ་ཡོང་བའི་ཉིན་ཏེ།  ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༣ ཚེས་ ༡༧ ཉིན་ངོས་ནས་རང་སྲོག་ལ་མ་འཛེམས་པར་བྲོས་བྱོལ་དུ་ཡོང་བ་ཡིན། སྐབས་དེར་ང་ཚོའི་བསམ་བློའི་ནང་ང་ཚོ་བོད་ཀྱི་ལྷོ་ཕྱོགས་ས་ཁུལ་དུ་འབྱོར་མཚམས་རྒྱ་ནག་དང་ལྷན་སྐད་ཆ་བཤད་ནས་འགྲིག་འཇག་ཡོང་རྒྱུའི་རེ་བ་བྱས་པ་རེད།  ངོས་རང་ལྷ་ས་ནས་ཕྱི་ཚེས་ ༡༧ དགོང་མོ་བྲོས་པ་ཡིན། ཕྱི་ཚེས་ ༢༠ སྔ་དྲོར་རྒྱ་ནག་གཞུང་གིས་ལྷ་སར་འབར་རྫས་ཀྱི་གཏོར་རྒོལ་བཏང་བ་རེད།  དེར་བརྟེན་སྐད་ཆ་བཤད་ནས་འགྲིག་འཇག་ཡོང་རྒྱུའི་རེ་བ་སྟོང་ཟད་ཕྱིན་པ་རེད། དེ་རྗེས་ངོས་རང་རྒྱ་གར་ས་མཚམས་སུ་འབྱོར་སྐབས་རྒྱ་གར་གཞུང་གིས་ས་མཚམས་ནང་འཛུལ་བཅུག་ཨེ་ཡོང་བསམས་པའི་དོགས་པ་བ༔སྐྱེས་བྱུང་། དེར་བརྟེན་ངོས་ཀྱི་ལས་བྱེད་གཉིས་རྒྱ་གར་ས་མཚམས་སུ་བཏང་བ་ཡིན། ལས་བྱེད་ཁག་གཅིག་འབྲུག་ས་མཚམས་སུ་བཏང་བ་ཡིན། རྒྱ་གར་ཕྱོགས་སུ་བཏང་བའི་ལས་བྱེད་ཚོ་ཕྱིར་ལོག་ནས་རྒྱ་གར་གཞུང་གིས་ངོས་རང་རྒྱ་གར་ནང་ཕེབས་རྒྱུར་ཆོག་མཆན་ཡོད་སྐོར་བརྗོད་བྱུང་།

དེར་བརྟེན་རྒྱ་གར་ས་ཐོག་ཏུ་འཛུལ་ནས་ཀེན་ཛ་མ་ནིར་འབྱོར་སྐབས་ངོས་ཀྱི་གྲོགས་པོ་རྙིང་པ་སྐུ་ཞབས་མེ་ནོན་ Menon དམ་པ་ཁོང་དང་ཨ་ཊུག་བྷ་བྷུ། ཡ་ཝ་ཀ་ཛི་བཅས་ཕེབས་འདུག   ཁོང་ཚོ་དང་མཇལ་སྐབས་ཁོང་ཚོའི་སེམས་ནང་ལྷོད་ཤིག་ཤིག་ཆགས་སོང་བའི་རྣམ་པ་མངོན་བྱུང་།   རྒྱ་གར་བྱང་ཤར་ས་ཁུལ་དུ་འབྱོར་སྐབས་ངོས་ལ་རང་དབང་ཐོབ་པའི་སེམས་ཚོར་ཞིག་བསྐྱེད་བྱུང་།  སྐབས་དེར་ས་མཚམས་ས་ཁུལ་ཁག་གི་གཞུང་འབྲེལ་སྣེ་ལེན་གནང་སྐབས་ཁོང་ཚོས་ལྷག་བསམ་རྣམ་དག་ཐོག་ནས་ངོས་ལ་སྣེ་ལེན་གནང་བྱུང་།  སྐབས་དེ་ནས་ངོས་ཀྱི་མི་ཚེའི་ནང་གི་ལིའུ་གསར་པ་ཞིག་འགོ་བཙུགས་པ་རེད། སྐབས་དེར་ང་ཚོ་སྲོག་འགོ་ཐོན་ཐུབ་ན་བསམ་པ་ལས་གཞན་བསམ་བློ་དེ་ཙམ་མེད། འོན་ཀྱང་རིམ་བཞིན་བོད་མི་ཧ་ཅང་མང་པོ་རྒྱ་གར་དུ་བྲོས་བྱོལ་དུ་འབྱོར་སྐབས་ཐོག་མར་བོད་མི་ཁག་གཅིག་མེ་ས་མ་རིར་འབྱོར་བ་རེད།  སྐབས་དེར་ངོས་ཀྱི་རྗེས་འབྲང་ནས་རྒྱ་གར་དུ་བཙན་བྱོལ་ལ་ཐོག་མར་འབྱོར་མཁན་བོད་མི་ཁྲི་བདུན་བརྒྱད་ཙམ་རེད།  སྐབས་དེར་མེ་ས་མ་རིར་བོད་མི་དེ་དག་ལ་སྡོད་སྒར་བརྒྱབ་པ་རེད།  ཕལ་ཆེར་ཕྱི་ཟླ་ ༤ ནང་ཡིན་པ་ཡོད། ཧ་ཅང་ཚ་བ་ཆེན་པོ་འདུག   དེར་བརྟེན་སྐབས་དེར་ཛ་དྲག་ཆེ་བ་དེ་བོད་མི་དེ་དག་ས་བསིལ་ས་ཞིག་ལ་གཏོང་ཐུབ་ན་བསམ་པ་དེ་རེད།  དེ་ནས་རིམ་བཞིན་གཞིས་ཆགས་དེ་དག་ཚུགས་པ་རེད།


ཐོག་མའི་སྐབས་ང་ཚོ་རྒྱ་གར་དུ་བཙན་བྱོལ་བ་བྱེད་ནས་སྡོད་རྒྱུའི་དམིགས་ཡུལ་གཙོ་བོ་དེ་བོད་ཀྱི་ཐུན་མིན་རིག་གནས་སྤྱི་དང་། ལྷག་པར་རྒྱ་གར་གྱི་དཔལ་ན་ལེནྡྲའི་གཙུག་ལག་སློབ་གྲྭའི་ལེགས་བཤད་རྨད་དུ་བྱུང་བ་དེ་དག་དང་།  བོད་ཀྱི་སྐད་ཡིག་སོགས་གཅེས་འཛིན་དང་མི་ཉམས་རྒྱུན་འཛིན་བྱ་རྒྱུ་དེ་རེད།  དེ་ནས་སྲིད་བློན་ནེ་རུས་ཕྱག་རོགས་གནང་བར་བརྟེན་རྒྱ་གར་གྱི་ས་ཁུལ་འདྲ་མིན་ནང་བོད་མིའི་གཞིས་ཆགས་ཚུགས་པ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་The Assam Tribune ཞེས་པར་ལོ་འཁོར་བདུན་ཅུ་དོན་ལྔ་འཁོར་བའི་མཛད་སྒོ་མཇུག་ལེགས་པར་གྲུབ་ཡོད་པ་བཅས།