སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་དབང་བཀའ་དྲིན་སྩལ་བ།

མདུན་ངོས། / སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་དབང་བཀའ་དྲིན་སྩལ་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་འབུམ་སྡེ་ལར་རྟེན་གཞི་བྱས་པའི་སྟོན་པའི་སྐྱེད་མོས་ཚལ་དུ་ཆིབས་བསྒྱུར་བསྐྱངས་ཏེ་དད་ལྡན་ཆོས་ཞུ་བ་ ༡༥༠༠༠ བརྒལ་བར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་དབང་མ་སྩལ་ཡོད་པ་རེད། 

དེ་ཡང་ཐོག་མར་དགེ་འདུན་པ་དང་དད་ལྡན་མི་མང་གིས་ཕེབས་བསུ་དང་བཅས་བཞུགས་ཁྲིར་༧ཞབས་སོར་འཁོར་མཚམས་བཀའ་སློབ་སྩལ་དོན། དེ་རིང་འབུམ་སྡེ་ལར་འཁྱུག་ཙམ་ཡོང་བའི་རིང་མང་ཚོགས་ལ་ཆོས་འབྲེལ་བྱ་རྒྱུ་བྱས་པ་ཡིན། ཁྱེད་ཚོ་ཚང་མ་དོན་གཉེར་ཆེན་པོས་ནས་འདིར་ཡོང་བ་རེད། དེ་རིང་ཆོས་འབྲེལ་གཙོ་བོ་སེམས་སྐྱེད་བྱ་རྒྱུ་ཡིན། སྒྲོལ་དཀར་ཚེ་དབང་ནང་ལ་སེམས་སྐྱེད་ཡོད། དེ་ནས་སྒྲོལ་དཀར་གྱི་ཚེ་དབང་དང་། དེའི་མཇུག་ཏུ་གཟུངས་སྔགས་འགའ་ཤས་བཟླས་ལུང་བྱ་རྒྱུ་ཡིན། དེ་རིང་ང་ཚོ་འདིར་འདུ་རྒྱུ་ནི་སངས་རྒྱས་ཀྱི་ཆོས་འཆད་རྒྱུ་རེད། དེ་ལ་སྤྱིར་འཛམ་གླིང་འདིའི་སྟེང་ཕལ་ཆེར་ལོ་སྟོང་ཕྲག་བཞིའི་མཚམས་ནས་མི་ལ་དཀའ་ངལ་འཕྲད་སྐབས་སེམས་འཇོག་ས་ཞིག་མིས་དོན་གཉེར་བྱས་ནས། དཔེར་ན། གནའ་རབས་སུ་མིས་ཉི་མ་དང་ཟླ་བར་སྐྱབས་སུ་བཟུང་རྒྱུ་ལྟ་བུ། དེ་འདྲ་བྱས་ནས་རིམ་བཞིན་དད་པ་ཙམ་མིན་པར་ཆོས་ལུགས་ལྟ་གྲུབ་དེ་འདྲ་དར་ནས་བྱུང་བ་རེད། ད་ལྟ་འཛམ་གླིང་འདིའི་སྟེང་ཆོས་བརྒྱུད་དར་སྔ་ཤོས་ཕལ་ཆེར་རྒྱ་གར་ནང་ཡིན་ས་རེད། གྲངས་ཅན་པ་སོགས་ནས་བཟུང་ལོ་སྟོང་ཕྲག་གསུམ་བཞི་ཕལ་ཆེར་ཕྱིན་ཡོད། དེ་ནས་དཀྱིལ་ཤར་ཡུལ་གྲུའི་ནང་ཛོ་ར་ཛོ་དིན་དང་། ཇིའུ། ཡེ་ཤུ། ཁ་ཆེ་སོགས་དར་བ་རེད། ད་ལྟ་འཛམ་གླིང་ནང་ཆོས་བརྒྱུད་མང་པོ་ཡོད་པ་ཚང་མས་བཟང་པོའི་བསླབ་བྱ་རྒྱག་མཁན་རྐྱང་རྐྱང་རེད། བྱམས་པ་དང་བརྩེ་བ། ཆོག་ཤེས། སྙིང་རྗེ་ཉམས་ལེན་བྱེད་པར་བཟོད་བསྲན་ཉམས་ལེན་བྱེད་དགོས་པ་སོགས་ཀྱི་བཟང་པོའི་བསླབ་བྱ་རྒྱག་མཁན་ཡང་རེད།  གང་ལྟར་ཆོས་ལུགས་དེ་དག་ཚང་མས་ལོ་སྟོང་ཕྲག་གཉིས་ཙམ་རིང་མིའི་རིགས་ལ་ཕན་ཐོགས་རྒྱ་ཆེ་བསྒྲུབས་ཡོད། རྒྱ་གར་ལ་མཚོན་ན་འཛམ་གླིང་ཆོས་ལུགས་གཙོ་ཆེ་ཚང་མ་ཡོད་པ་ལྟ་བུ་རེད། མུ་སྟེགས་པའི་ལྟ་གྲུབ་དང་། རིག་འབྱེད་པ། གྲངས་ཅན་པ། གཅེར་བུ་པ། སངས་རྒྱས་པ། རིག་པ་ཅན་པ། སྤྱོད་པ་བ། དེ་བཞིན་ཕྱིས་སུ་སིག་བཅས་ནི་རྒྱ་གར་རང་གི་ནང་ནས་བྱུང་བའི་ཆོས་ལུགས་ཤིག་རེད། ཕྱི་ནས་ཡེ་ཤུ་དང་ཁ་ཆེ་སོགས་རྒྱ་གར་ནང་བསླེབས་ཏེ་འཛམ་གླིང་ནང་གི་ཆོས་ལུགས་ཚང་མ་རྒྱ་གར་ནང་ཡོད་པ་ལྟ་བུ་འདུག

དེར་བརྟེན་རྒྱ་གར་ནང་ཆོས་ལུགས་རིས་སུ་མ་ཕྱེ་བར་ཐུགས་མཐུན་བྱས་ནས་བསྡད་ཡོད་པ་འདི་འཛམ་གླིང་ལ་མིག་དཔེ་འོས་པ་ཞིག་ཆགས་ཡོད། ཧ་ཅང་ཡག་པོ་རེད། ད་དུང་ཡིན་ནའང་རྒྱ་གར་གྱི་གནའ་རབས་ནས་ཆོས་བརྒྱུད་རིས་སུ་མ་ཕྱེ་བ་ཚང་མ་མཐུན་པོ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁྱེད་རང་ཚོས་དོ་སྣང་ཡག་པོ་བྱེད་དགོས། གོང་དུ་བཤད་མ་ཐག་པ་ལྟར་ཆོས་ལུགས་དེ་དག་ཚང་མས་མི་ལ་དགོས་རྒྱུ་བྱམས་བརྩེ་རེད། མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་ཡང་བྱམས་བརྩེ་ཆགས་ཡོད། ང་ཚོའི་མི་ཚེའི་ནང་ལ་བསམ་བློ་གཏོང་དང་། ཇི་ཙམ་གྱིས་རང་ཉིད་ལ་བྱམས་བརྩེ་ཡོད་པའི་ཚོད་ཀྱིས་སོ་སོའི་གྲོགས་པོ་གྲོགས་མོ་བྱམས་བརྩེ་ལྡན་པ་ཡོང་ཐུབ་རྒྱུ་དང་། སོ་སོ་ཁོང་ཁྲོ་ལངས་ནས་བསྡད་པ་ཡིན་ན་བྱམས་བརྩེ་ལྡན་པའི་གྲོགས་པོས་བསྐོར་ནས་སྡོད་རྒྱུ་ཁག་པོ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀའ་དྲིན་སྩལ། 

དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབུམ་སྡེ་ལའི་སློབ་འབྲིང་གི་ཚོགས་ཁང་དུ་དམིགས་བསལ་འདེམས་སྒྲུག་བྱས་པའི་མང་ཚོགས་ ༣༠༠ བརྒལ་བར་འགྲོ་བ་མིའི་བཟང་པོའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། ཁོར་ཡུག་དང་བཅས་པ་འཛིན་སྐྱོང་སྤེལ་གསུམ་བཅས་༸སྐུ་ཚེའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་གྱི་སྐོར་ལ་བཀའ་སློབ་སྩལ་རྗེས་མང་ཚོགས་རྣམས་ཀྱི་དྲི་བར་བཀའ་ལན་སྩལ།

དེ་ཡང་མགོན་པོ་གང་ཉིད་མཆོག་ཚོགས་ཁང་གི་ཕྱི་རོལ་དུ་༸ཞབས་སོར་འཁོད་མཚམས་རྫོང་དཔོན་སོ་ནལ་སྭ་རུབ་མཆོག་གིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། དེ་རྗེས་ཚོགས་ཁང་ནང་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ། གུ་རུ་རིན་པོ་ཆེ་དང་། སློབ་གྲྭའི་དགེ་རྒན། གཞན་ཡང་མང་ཚོགས་བཅས་ཚང་འཛོམས་ཐོག་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ཁྱེད་རྣམ་པ་ནི་རྣམ་དཔྱོད་ཀྱི་ཤེས་རབ་གོང་འཕེལ་གཏོང་མཁན་དང་འགོ་འཁྲིད་མཁན་རེད། ཕྱི་ལོ་ ༡༩༧༣ ལོར་ངོས་རང་ཡུ་རོབ་ཏུ་ཐོག་མར་བསྐྱོད་པ་ནས་བཟུང་འཛམ་གླིང་ནང་དཀའ་ངལ་ཧ་ཅང་ཡོད་པ་ཤེས་བྱུང་། སྤྱིར་སྟངས་ངོས་ཆུང་ཆུང་སྐབས་ནས་ལ་ཡིབ་མེ་གེ་ཛིན་ Life Magazine དང་ NewsWeek ,Time Magazine དེ་བཞིན་རྒྱ་གར་གྱི་གསར་ཤོག་ཁག་གཅིག་བཅས་བཀླགས་མྱོང་ཡོད། ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་པོ་ཞིག་འགན་ཁུར་གྱི་བསམ་བློ་ཞན་པའི་དབང་གིས་དཀའ་ངལ་དེ་དག་འཕྲད་བཞིན་ཡོད། འཛམ་གླིང་ནང་གི་གནས་སྟངས་ཕྲན་བུ་བཟང་པོ་ཞིག་དང་འགྲོ་བ་མི་སྡེའི་སྤྱི་ཚོགས་ནང་ཞི་བདེ་བག་ཕེབས་ཀྱི་ཁོར་ཡུག་འདོད་བློ་ཁེངས་པ་ཞིག་མེད།


ང་ཚོ་མི་ལ་ཕུལ་དུ་བྱུང་བའི་ཀླད་པ་ཞིག་ཡོད། འོན་ཀྱང་དེ་ལྟ་བུའི་ངོ་མཚར་ལྡན་པའི་ཀླད་པ་དེ་གཏོར་བཤིག་གཏོང་རྒྱུར་བཀོལ་སྤྱོད་བྱེད་བཞིན་ཡོད། དེ་ནི་ཧ་ཅང་བློ་ཕམ་གྱི་གནས་ཚུལ་རེད། ཕྱོགས་གཅིག་ནས་ཤེས་ཡོན་དེ་ཧ་ཅང་གལ་ཆེན་པོ་རེད། འོན་ཀྱང་ད་ལྟ་ཡོད་བཞིན་པའི་ཤེས་ཡོན་ལམ་ལུགས་འདིས་གཙོ་བོ་ཕྱི་དངོས་པོའི་དཔལ་འབྱོར་གྱི་མཐུན་རྐྱེན་ཡར་རྒྱས་གཏོང་རྒྱུར་གཙོ་བོར་དམིགས་བཞིན་ཡོད། དེར་བརྟེན་ད་ཆ་ང་ཚོས་དེང་དུས་ཤེས་ཡོན་གྱི་ལམ་ལུགས་འདིར་མ་འདང་བའི་ཆ་གང་ཡོད་པ་དེའི་ཐོག་བསམ་བློ་གཏིང་ཟབ་ཅིག་གཏོང་དགོས་པའི་དུས་ལ་བབ་ཡོད། འདི་ནི་ང་ཚོ་འགྲོ་བ་མི་རིགས་ཐེར་འབུམ་བདུན་སྤྱི་ཡོངས་ཀྱི་བདེ་དོན་ཁོ་ནའི་ཆེད་དུ་རེད། དེང་དུས་ཤེས་ཡོན་འདི་ཕྱོགས་ཡོངས་ཀྱི་གནས་སྟངས་གཞི་ལ་བཞག་པའི་ཐོག་ནས་ལྟ་ཐུབ་པའི་གནས་སྟངས་ཤིག་དགོས། དཔལ་འབྱོར་འཛུགས་སྐྲུན་ཁོ་ནར་དམིགས་པ་ཞིག་མིན་པར་མིའི་སེམས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་ཐོག་སློབ་གསོ་སྤྲོད་ཐུབ་པ་དགོས། འདི་ནི་ཧ་ཅང་གལ་ཆེན་པོ་རེད། སྤྱིར་སྟངས་འདས་པའི་ལོ་ཤས་གོང་ནས་ང་ཚོས་རིས་མེད་ཀྱི་ལྟ་གྲུབ་གཞི་རྩར་བཟུང་བའི་སློབ་ཚན་ཞིག་དེང་དུས་ཤེས་ཡོན་སློབ་ཚན་ནང་འཇོག་ཐབས་བྱེད་བཞིན་ཡོད། ཟླ་བ་འདིའི་ཟླ་མཇུག་ཙམ་ལ་ང་ཚོས་དེའི་ཐོག་རྒྱ་གར་དང་ཨ་རི་བ་སོགས་འབྲེལ་ཡོད་མི་སྣ་འགའ་ཤས་དང་ལྷན་བགྲོ་གླེང་ཞིག་བྱ་རྒྱུ་ཡིན། ཁྱེད་ཚོ་འཛམ་གླིང་འགྱུར་བ་གཏོང་མཁན་རེད། གཞི་རྩའི་ཆ་ནས་ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཞིག་ཡིན། དེར་བརྟེན་མི་སྒེར་གཅིག་གི་བདེ་སྡུག་དེ་སྤྱི་ཚོགས་ཡོངས་ལ་རག་ལུས་ཡོད། དེ་ཡང་མཐར་གཏུག་ན་འགྲོ་བ་མི་རིགས་སྤྱི་ཡོངས་ལ་རག་ལུས་ཡོད། དེར་བརྟེན་ང་ཚོ་མི་སྒེར་གྱི་ཁེ་ཕན་ལ་བསམ་བློ་བཏང་བ་ཡིན་ནའང་ང་ཚོས་འགྲོ་བ་མི་རིགས་སྤྱིའི་བདེ་དོན་ལ་བསམ་བློ་གཏོང་དགོས་པ་ཆགས་ཡོད། འཛམ་གླིང་གི་བདེ་དོན་ཆེད་བསམ་བློ་གཏོང་དགོས།

ངོས་རང་ཚན་རིག་པ་དང་ལྷན་ལོ་ངོ་ ༣༠ ཙམ་རིང་བགྲོ་གླེང་བྱས་པ་ཡིན། ད་ཆ་ཚན་རིག་པ་ཁག་གཅིག་གིས་འགྲོ་བ་མིའི་གཞི་རྩའི་རང་བཞིན་དེ་བྱམས་བརྩེ་ལྡན་པ་རེད། ཅེས་བརྗོད་ཀྱི་འདུག འདི་ནི་བཟང་ཕྱོགས་ཀྱི་རེ་བ་རྒྱག་ས་ཡོད་པའི་རྣམ་འགྱུར་ཧ་ཅང་གལས་པོ་རེད། དེར་བརྟེན་གཞི་རྩའི་འགྲོ་བ་མིའི་རིགས་ཀྱི་ལྷན་སྐྱེད་ཀྱི་རང་བཞིན་དེར་གཞི་བཅོལ་ནས་མིའི་རྣམ་སྤྱོད་ཀྱི་བློ་གྲོས་ཡར་རྒྱས་གཏོང་ཐབས་བྱེད་དགོས། དེ་ནི་དངོས་གནས་ཡོང་སྲིད་པ་ཞིག་ཡིན། དད་པ་ཙམ་དང་ཚེ་ཕྱི་མ། དེ་བཞིན་ལྷ་ཡུལ་དང་དམྱལ་ཁམས་ཀྱི་སྐད་ཆ་མིན། ང་ཚོ་ཚེ་འདི་རང་ལ་ཆ་བཞག་ནའང་མི་སྒེར་གྱི་འཕྲོད་བསྟེན་ལའང་སེམས་ནང་གི་ཞི་བདེ་འདི་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་ནས་ཁྱིམ་གཅིག་གི་བདེ་སྐྱིད་ལ་མཚོན་ནའང་རེད། སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་གི་ཆེད་དུ་ཡིན་ནའང་རེད། མཐར་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་གི་ཆེད་དུ་ཡིན་ནའང་རེད། མིའི་ནང་གཤིས་རྒྱུད་དང་འབྲེལ་བའི་གཞི་རྩའི་བཟང་པོའི་རིན་ཐང་དེ་དག་ཧ་ཅང་གལ་ཆེན་པོ་ཡིན། དེར་བརྟེན་ངོས་རང་ས་གནས་གང་དུ་བསྐྱོད་ཀྱང་འགྲོ་བ་མིའི་ནང་གི་བཤིས་རྒྱུས་དང་འབྲེལ་བའི་བཟང་པོའི་རིན་ཐང་གོང་མཐོར་གཏོང་རྒྱུའི་སྐོར་བཤད་ཀྱི་ཡོད། དེ་ནི་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གཏོང་རྒྱུ་དེ་ཡིན། དེ་འདྲ་བྱུང་བ་ཡིན་ན་གཞན་གྱི་བདེ་དོན་ལ་སེམས་ཁུར་ངང་གིས་ཡོང་རྒྱུ་རེད། འདི་ནི་ངོས་ཀྱི་དམ་བཅའ་དང་པོ་དེ་རེད།

གཉིས་པ་འདི་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་འདི་རེད། ངོས་རང་ནང་པ་ཞིག་ཡིན་སྟབས་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་འདི་ཧ་ཅང་གལ་ཆེན་པོ་འདུག ཆོས་ལུགས་མཐུན་སྒྲིལ་ངེས་པར་དུ་ཡོང་ཐུབ་པའི་གནས་སྟངས་ཤིག་ཡིན། གང་ཡིན་བརྗོད་ན་རྒྱ་གར་ཡུལ་འདིའི་ནང་དུ་ལོ་ངོ་སྟོང་ཕྲག་རིང་ནས་ཆོས་ལུགས་མཐུན་སྒྲིལ་ཡོད། འཛམ་གླིང་ནང་མི་འབོར་མང་ཤོས་ཡོད་པའི་མང་གཙོའི་རྒྱལ་ཁབ་གཅིག་ཡིན་ཕྱིན་དཀའ་ངལ་དང་རྙོག་གྲ་མང་པོ་ཡོང་རྒྱུ་ཡིན་པ་ཆོས་ཉིད་རེད། འོན་ཀྱང་ལོ་ངོ་སྟོང་གི་རིང་ནས་ཆོས་ལུགས་མཐུན་སྒྲིལ་ལག་བསྟར་བྱེད་བཞིན་ཡོད། དེར་བརྟེན་ཆོས་ལུགས་མཐུན་སྒྲིལ་ཟེར་བ་དེ་ངོ་ཐོག་ལག་ལེན་འཁེལ་ཐུབ་པ་ཞིག་ཏན་ཏན་ཡིན་སྟབས་ང་ཚོས་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་ངེས་པར་དུ་བྱེད་དགོས། ངོས་ཀྱིས་དོ་སྣང་བྱེད་སྐབས་རྒྱ་གར་ནང་གི་ཁ་ཆེའི་ཕྲུ་གུ་ཆུང་ཆུང་དེ་ཚོའི་བསམ་བློའི་ནང་དུ་ཆོས་ལུགས་གཞན་ལ་བསམ་ཤེས་བྱ་རྒྱུའི་གོམས་གཤིས་ཤིག་ངང་གིས་ཡོང་བཞིན་ཡོད། ཕྱོགས་མཚུངས་མ་ལེ་ཤི་ཡའི་ཁ་ཆེའི་ཕྲུ་གུ་ཚོ་ལའང་བསམ་བློའི་གོམས་གཤིས་དེ་ཡོད་པ་ལྟ་བུ་འདུག གང་ཡིན་བརྗོད་ན་རྒྱ་རིགས་ཚོང་པ་ཧ་ཅང་མང་པོ་ཡོད་པ་རྣམས་ཕལ་ཆེ་བ་ནང་པ་རེད། ཕྱོགས་མཚུངས་རྒྱ་གར་ཧིན་དུའི་མི་འབོར་ཡང་མང་པོ་ཡོད། དེར་བརྟེན་མ་ལེ་ཤི་ཡའི་ཁ་ཆེ་བ་ཚོས་ཆོས་ལུགས་འདྲ་མིན་ཡོད་པ་རྣམས་ཀྱི་གཞི་རྩའི་བསླབ་བྱ་གཅིག་མཚུངས་ཡིན་པའི་བསམ་ཤེས་བྱ་རྒྱུ་ལས་སླ་བ་ཡོད།

དེ་ནས་ཨིན་ཌོ་ནེ་ཤི་ཡ་ལ་མཚོན་ནའང་ཕྲན་བུ་ཆོས་ལུགས་ཕན་ཚུན་བསམ་ཤེས་བྱ་རྒྱུ་དེ་དྲག་པ་འདུག སྤྱིར་སྟངས་བྱས་ན་འདས་པའི་དུས་སྐབས་སུ་ནང་པའི་ཡུལ་གྲུ་རེད། ཡུལ་དེར་ནང་ཆོས་དར་ཁྱབ་ཧ་ཅང་བྱུང་ཡོད། འོན་ཀྱང་དཀྱིལ་ཤར་ཡུལ་གྲུ་དེ་དག་ཕྲན་བུ་ཟུར་དུ་ལུས་པ་ལྟ་བུ་འདུག འཛམ་གླིང་ཕྱི་ལ་འབྲེལ་བ་ཧ་ཅང་ཉུང་ཉུང་རེད། ཆོས་ལུགས་གཅིག་ཁོ་ན་ལས་ཆོས་ལུགས་གཞན་གྱི་རིག་གཞུང་ཡང་མེད། དེར་བརྟེན་ཆོས་ལུགས་གཅིག་ཁོ་ན་དང་བདེན་པ་གཅིག་ཁོ་ན་རེད། སྙམ་པའི་འདུ་ཤེས་དེ་འདྲ་ཞིག་ཐོག་ནས་འགྲོ་བཞིན་ཡོད།

གསུམ་པ་ནི་ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ངོས་ཀྱི་ལས་འགན་རེད། ངོས་ཀྱིས་ཕྱི་ལོ་ ༢༠༡༡ ལོར་བོད་མིའི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་མི་མང་གིས་འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་འགོ་ཁྲིད་ཚོར་རྩིས་སྤྲོད་བྱས་ཟིན་ཡོད། ད་ཆ་ངོས་ཀྱི་ལས་འགན་ནི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དང་། བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་སྩལ། དེ་ནས་༸གོང་ས་མཆོག་སྟོན་འཁོར་ཧྲག་བསྡུས་སྡི་རང་ཐུབ་གསུང་དར་རྒྱས་གླིང་དུ་ཆིབས་སྒྱུར་བསྐྱངས་ནས་ཆུ་ཚོད་ ༤ ཡོལ་ཙམ་ལ་༸ཞབས་སོར་འཁོད་མཚམས་དགོན་པའི་གཙོ་འཛིན་ཐུབ་བསྟན་རིན་པོ་ཆེ་མཆོག་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་བསྟུན། ཐོག་མར་ཐུབ་གསུང་དར་རྒྱས་གླིང་དགོན་པ་དབུ་འབྱེད་མཛད་ཡོད་པ་བཅས།།