ཐུབ་གསུང་དར་རྒྱས་གླིང་གཙུག་ལག་ཁང་ལ་རབ་གནས་མི་མང་ལ་ཆོས་འབྲེལ་གནང་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྡི་རང་ས་གནས་སུ་རྟེན་གཞི་བྱས་པའི་ཐུབ་གསུང་དར་རྒྱས་གཙུག་ལག་ཁང་གསར་བཞེངས་ལེགས་པར་གྲུབ་པའི་རྟེན་དང་བརྟེན་པ་བཅས་པར་རབ་གནས་བཀའ་དྲིན་སྩལ་ཡོད་པ་རེད། 

དེ་ཡང་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཨ་རུ་ནཱ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་པདྨ་ན་བྷ་ཨ་ཅཱརྱ་མཆོག  སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཊི་ཨེན་ཐོང་ཏོག་ T.N Thongdok མཆོག སྡི་རང་ས་གནས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཕུར་པ་ཚེ་རིང་མཆོག འབུམ་ལ་ས་གནས་གྲོས་ཚོགས་འཐུས་མི་ཇབ་པུ་དེ་རུ་མཆོག Jabpu Deru མཆོག ཨ་རུ་ནཱ་ཅལ་མངའ་སྡེའི་ཆོས་རིག་འགན་འཛིན་སྐུ་ཞབས་འཇམ་དཔལ་མཆོག ནུབ་ཀེ་མེང་ West Kemeng Distt རྫོང་དཔོན་ལྕམ་སྐུ་སོ་ནལ་སྭ་རུབ་ Sonal Swaroop མཆོག རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རིན་ཆེན་མཁའ་འགྲོ་ཁིར་མེ་མཆོག གཞན་ཡང་རྟ་དབང་དགོན་པའི་མཁན་ལས་ཟུར་རྣམ་པ་དང་། རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་སོགས་ཀྱིས་གཙོས་བླ་སྤྲུལ་དགེ་བཤེས་རྣམ་པ་དང་། སྡི་རང་ས་གནས་གཙོ་བོར་གྱུར་བའི་ཉེ་འཁོར་གྲོང་གསེབ་ཆེ་ཆུང་ཁག་ནས་དད་ལྡན་ཆོས་ཞུ་བ་ཉིས་ཁྲི་ལྷག་འདུ་འཛོམས་གནང་ཡོད་པ་དང་། རབ་གནས་ཀྱི་མཛད་རིམ་གྲུབ་རྗེས་གཙུག་ལག་ཁང་གི་གཙོ་འཛིན་སྤྲུལ་སྐུ་ཐུབ་བསྟན་རིན་པོ་ཆེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས།

དེ་ནས་མོན་ཡུལ་གྱི་མི་སྐྱ་ཕོ་མོ་ཁག་གཅིག་གིས་རྟགས་གསལ་སྤྱན་བསྟར་ཞུས་པར་༸གོང་ས་མཆོག་ཐུགས་ཧ་ཅང་དགྱེས་ཚོར་མཛད་པ་མ་ཟད། རྟགས་གསལ་གཏོང་མཁན་རྣམས་སྡིངས་ཆའི་སྟེང་བཀའ་འགུག་མཛད་ནས་རེ་རེ་བཞིན་མཇལ་ཁ་དང་ཁྱེད་རང་ཚོས་རྟགས་གསལ་ཉིན་ག་ཚོད་བསླབས་པ་ཡིན། ཞེས་བཀའ་རྩད་མཛད་པར་ཟླ་བ་གཉིས་གོང་ནས་རྟགས་གསལ་བསླབས་ཡོད་སྐོར་སྙན་སྒྲོན་ཞུས་པར། ༸གོང་ས་མཆོག་གིས། ཕལ་ཆེར་མོན་པའི་ཡུལ་པ་ཚོས་རྟགས་གསལ་བཏང་བ་ཐོག་མ་ཆགས་ཡོད། ཧ་ཅང་ཡག་པོ་རེད། ཅེས་ཐུགས་དགྱེས་ཚོར་ཆེན་པོ་མཛད་རྗེས་ཁོང་རྣམས་དང་ལྷན་སྐུ་པར་ལྷན་སྒྲོན་མཛད་རྗེས་སྤྲུལ་སྐུ་ཐུབ་བསྟན་རིན་པོ་ཆེ་མཆོག་གིས་ཕེབས་བསུའི་གསུང་བཤད་དང་ལས་བསྡོམས་སྙན་སྒྲོན་ཞུས། དེ་ནས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་དང་མངའ་སྡེའི་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། 

ངོས་ནས་རྒྱུན་ལྡན་དུ་གཏམ་བཤད་བྱེད་སྐབས་མཆེད་གྲོགས་ཕོ་མོ་ཚོ་ཞེས་ཞུ་སྲོལ་ལྟར་འདིར་ཡང་དེ་ལྟར་འཚམས་འདྲི་ཞུ་རྒྱུ་ཡིན། དེའི་རྒྱུ་མཚན་ནི་རང་རེའི་འཛམ་བུ་གླིང་འདིར་དོན་དངོས་ཐོག་ང་རང་ཚོ་དེ་ལྟར་ཆགས་ཡོད། ཕན་ཚུན་དབར་འདུ་ཤེས་དེ་ལྟར་བཅང་རྒྱུར་ཤུགས་གནོན་ཐེབས་ན་འཛམ་བུ་གླིང་འདིར་ཕན་ཚུན་ཐུབ་ཚོད་གཏོང་རེ་དང་གསོད་རེ་ཡང་ཉུང་དུ་འགྲོ་ངེས་ཡིན། དེང་སང་ཚན་རིག་པ་ཚོས་ང་རང་ཚོའི་མིའི་ལྷན་སྐྱེས་ཀྱི་གཤིིས་ཀ་ནི་བརྩེ་བའི་རང་བཞིན་ཅན་ཞིག་ཏུ་འགྲེལ་བརྗོད་བྱེད་ཀྱི་ཡོད་ཅིང་། དེ་ཡང་བརྟག་དཔྱད་ཀྱི་ལམ་ནས་ཤེས་རྟོགས་ཐུབ་པ་བྱུང་ཡོད། དེ་ལས་ལྡོག་ཏེ་ཞེ་སྡང་དང་གནོད་སེམས། འཇིགས་སྣང་དང་དོགས་པ་བཅས་ཀྱི་བསམ་པ་རྒྱུན་དུ་བཅངས་ན་དེས་རང་གི་འཕྲོད་བསྟེན་ལ་གནོད་ཀྱི་ཡོད་པ་ཡང་ངོས་འཛིན་བྱུང་ཡོད། དེ་ལྟར་ཡིན་པ་ནི་འཛམ་གླིང་འདིར་མི་དུང་ཕྱུར་བདུན་ཙམ་ཡོད་པ་ཚང་མར་གཅིག་གྱུར་ཡིན། 

དེང་སང་ང་ཚོར་ཕྲད་པའི་དབུལ་ཕྱུག་གི་ཁྱད་པར་སོགས་ཀྱི་དཀའ་ངལ་མང་དག་ཅིག་མིས་བཟོས་པ་ཆགས་ཡོད། རྒྱ་གར་ནང་ལ་ཆ་མཚོན་ནའང་རིགས་བརྒྱུད་བཟང་ངན་གྱི་དབྱེ་འབྱེད་ཀྱི་སྲོལ་རྒྱུན་དེ་སྤྱིར་ནས་མི་རུང་ཞིང་། དུས་ཚོད་ཀྱི་དབང་དུ་བྱས་ཀྱང་རྗེས་ལུས་ཅན་ཞིག་ཡིན། ང་རང་ཚོ་ཚང་མ་མིའི་འགྲོ་བ་ཡིན་པའི་ཆ་ནས་ཚང་མར་ཐོབ་ཐང་འདྲ་འདྲ་དང་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་འདུན་པ་གཅིག་མཚུངས་ཡོད། ངོས་རང་ཡང་དེའི་ནང་གི་ཆ་ཤས་ཤིག་ཡིན། ངོས་ནས་རང་ཉིད་ནང་པ་ཡིན་པ་དང་། ཡང་ན་བོད་པ་ཡིན་པ། ཡང་ན་ཏཱ་ལའི་བླ་མའི་མཚན་གནས་འཆང་བ་ཡིན་པའི་ཆ་ནས་དབྱེ་འབྱེད་ཀྱི་བསམ་བློ་གུ་དོགས་པོ་གཏོང་གི་མེད། དེ་ལྟར་བྱས་ན་ངོས་རང་ཁེ་གཙང་དུ་ལུས་རྒྱུ་ཡིན། ངོས་ནས་འགྲོ་བ་མི་རིགས་རྣམས་གཅིག་གྱུར་གྱི་ནུས་པ་སྤེལ་རྒྱུར་བློ་རྩེ་བརྟན་པོ་ཡོད་ལ། དེ་ཡང་སྤྱི་སྒེར་མཐའ་དག་གི་བདེ་རྩ་དང་འབྲེལ་ནས་ཡིན། ཞེས་བཀའ་སྩལ། 

ཡང་དེ་རྗེས།  དེ་སྔ་གུ་ཧ་ཊི་ནས་དྷི་བྷུར་གྷར་གནས་གྲུ་བརྒྱུད་བསྐྱོད་སྐབས་རླུང་རྩུབ་ཀྱིས་ཉེན་ཁས་ཕལ་ཆེར་སྲོག་སྐྱོན་མི་ཡོང་ངམ་སྙམ་པ་བྱུང་། དེར་བརྟེན་ས་ལམ་བརྒྱུད་འགྲོ་རྒྱུར་ཐག་བཅད་ནས་འོང་བ་ཡིན་ལ། ལམ་ལ་མི་མང་པོ་ཐུག་འཕྲད་ཀྱི་གོ་སྐབས་ཀྱང་བྱུང་བས་གཞན་གནམ་གྲུར་ཕྱིན་ན་དེ་ལྟར་ཁག་པོ་ཡིན། ཞེས་དང་།   དེ་ནས་སྔར་གྱི་ཨི་ཇེབ་དང་རྒྱ་ནག་དེ་བཞིན་ཨིན་དྲ་སི་ཋེ་ལི་བཅས་ཀྱི་ཡར་ཐོན་གྱི་འཕོ་འགྱུར་ཆེན་མོ་དག་ལས་སེང་གི་ཁ་འབབ་གང་དུ་རྒྱུགས་པའི་རི་བརྒྱུད་༼Indus Valley༽ཀྱི་ཁྲོད་ནས་མཁས་པ་མང་དག་ཐོན་པ་བྱུང་ཡོད། རྒྱལ་བསྟན་སྤྱི་དང་བྱེ་བྲག་དཔལ་ན་ལནྡྲའི་ཆོས་བརྒྱུད་དེ་ཉིད་མཐར་ཨེ་ཤི་ཡའི་ཕྱོགས་གང་སར་ཁྱབ་པ་བྱུང་ཡོད་ཅིང་། ནང་པའི་ལྟ་གྲུབ་སྤྱི་དང་ཁྱད་པར་སྟོང་པ་རྟེན་འབྱུང་གི་ལྟ་གྲུབ་དེས་ཉོན་མོངས་ཅན་གྱི་བློར་མགོ་གནོན་བྱེད་རྒྱུར་ཕན་ཐོག་ཆེན་པོ་ཡོད། སངས་རྒྱས་བཅོམ་ལྡན་འདས་ནི་ནང་པའི་སྟོན་པ་ཙམ་དུ་མ་ཟད་རིགས་པ་སྨྲ་བ་དང་། ཚན་རིག་པ་ཞིག་ཀྱང་ཡིན་ཅིང་། རང་གི་རྗེས་འཇུག་ཚོར་ལུང་ཙམ་ལ་སྐྱབས་མི་འཚོལ་བར་རྒྱུ་མཚན་གཙོ་བོར་འཛིན་དགོས་པའི་ལམ་སྟོན་མཛད་མཁན་ཞིག་ཡིན་ཞེས་ཀྱང་བཀའ་སྩལ་གནང་།

དེང་སང་གི་རྒྱ་གར་བ་རྣམས་ནུབ་ཕྱོགས་པར་བློ་ཁ་ཕྱོགས་ཅིང་། དེང་དུས་ཀྱི་སློབ་སྦྱོང་སྤྲོད་སྟངས་ནི་དངོས་པོ་ཡར་རྒྱས་ཀྱི་བདེ་བ་འཚོལ་རྒྱུར་དམིགས་པ་ཤ་སྟག་ཡིན་ལ། ནང་གི་བསམ་བློའི་བདེ་སྐྱིད་ལ་དམིགས་པའི་སློབ་གསོས་ཕོངས་ཡོད། ང་རང་ཚོ་བཟང་སྤྱོད་ཀྱི་དབེན་པའི་དུས་ཤིག་ནང་གནས་ཡོད་པས། དེའི་གདོང་ལེན་ནི་ནང་གི་བསམ་བློ་སྦྱོང་རྒྱུ་དང་ཉོན་མོངས་ཀྱི་གཉེན་པོ་བསྟེན་ནས་བྱས་ན་མ་གཏོགས་སྨོན་ལམ་གཅིག་པུས་ཕན་ཐོག་རྒྱུ་ཁག་པོ་ཡིན། དེ་དང་མཚུངས་རང་རེ་ཚང་མར་འཛམ་གླིང་སྤྱི་ལ་ཁྱབ་པའི་སེམས་ཁུར་ཡང་བཅང་དགོས་ངེས་ཡིན་ཞིང་། ཆོས་ཡོད་མེད་ཀུན་གྱིས་སྤྱིར་གྱི་ཉམས་མྱོང་ཐུན་མོང་བ་དང་། ཐུན་མོང་བའི་རྒྱུ་མཚན། དེ་བཞིན་ཚན་རིག་གིས་རྙེད་པའི་གྲུབ་འབྲས་གསུམ་གཞིར་བཟུང་ནས་གཞན་ཕན་གྱི་བྱམས་བརྩེ་བསྐྱེད་ཐབས་བྱེད་རྒྱུ་ཡོད། ཅེས་བཀའ་སྩལ།

ཕྱི་དྲོ་སྡི་རང་ས་གནས་གཙོ་བོར་གྱུར་བའི་ཉེ་འཁོར་གྲོང་གསེབ་ཆེ་ཆུང་ཁག་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་ཁྲི་གཉིས་ཙམ་ལ་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་བཀའ་དབང་དང་། བློ་སྦྱོང་ཚིག་བརྒྱད་མའི་བཀའ་འཁྲིད། སྤྱན་རས་གཟིགས་ཀྱི་བླ་མའི་རྣལ་འབྱོར་གྱི་ལྗགས་ལུང་བཅས་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད་པ་དང་། སྐབས་དེར་བཀའ་སློབ་སྩལ་དོན།  ང་རང་ཚོ་འདིར་འཚོག་དོན་ཡང་ཚོང་ལས་སམ་ཡང་ན་གླིང་ག་གཏོང་ཕྱིར་མིན་པར་ཆོས་ཀྱི་ཕྱིར་འཛོམས་པ་ཡིན། སྤྱིར་བཏང་བདེ་བ་སེམས་ཀྱི་འཚོལ་དགོས་ཀྱང་། དེང་སང་དེ་ལས་ལྡོག་ཏེ་སྒོ་ལྔའི་དབང་པོའི་སྒོ་ནས་བདེ་བ་འཚོལ་ཐབས་ཁོ་ནར་འཇུག་བཞིན་པ་ལྟ་བུ་རེད། ཆོས་ལུགས་ཕལ་མོ་ཆེས་སེམས་ཀྱི་ཞི་བདེར་ཕན་ཐོག་ངེས་ཡིན་ཡང་། དད་པ་ཙམ་མིན་པར་ཤེས་རབ་ཀྱི་གྲོགས་དང་ལྡན་པའི་སྒོ་ནས་དད་པ་བསྐྱེད་ཐབས་ཁྱད་པར་བ་ཞིག་རང་རེའི་ནང་པའི་གཞུང་ནས་གསུང་གི་ཡོད། སེམས་ཀྱི་མི་ཤེས་པ་རྨོངས་པས་སྡུག་བསྔལ་བསྐྱེད་ལ། དེ་བཟློག་ཐབས་ཀྱང་སྟོང་པ་ཉིད་རྟོགས་པའི་ཤེས་རབ་བསྐྱེད་པའི་སྒོ་ནས་བྱེད་དགོས་ཀྱི་ཡོད། 

དེང་སང་མང་པོས་སངས་རྒྱས་ཀྱི་བསྟན་པ་ནི་སེམས་ཀྱི་ཚན་རིག་རེད་ཅེས་ཀྱང་བརྗོད་ཀྱི་ཡོད་ལ། དོན་དངོས་ཐོག་བློ་སྦྱངས་པས་སེམས་ལ་འགྱུར་བ་འགྲོ་བདེན་པ་ཡིན། ཉོན་མོངས་ཀྱི་རྩ་བ་ནི་མི་ཤེས་པའི་མ་རིག་པའམ་རྨོངས་པ་ཡིན་ལ། དེའི་ཁ་གཏད་དམ་གཉེན་པོ་ནི་བདག་མེད་པའི་ལྟ་བ་ཡིན་ལ། སངས་རྒྱས་ཀྱི་ཆོས་ཀྱང་བདག་མེད་པའི་ལྟ་བ་ལས་བརྩམས་པ་ཞིག་ཡིན། དེང་སང་ཚན་རིག་པས་རྟེན་འབྱུང་གི་ལྟ་བར་དགའ་མོས་ཆེན་པོ་བྱེད་བཞིན་ཡོད་ཀྱང་། ཚན་རིག་ནང་ད་བར་དེའི་དོད་ཐུབ་ཀྱི་ལྟ་བ་ཞིག་ཡོད་མེད་ངོས་ནས་ཚན་རིག་པ་ཚོར་དྲིས་སྐབས་ད་ལྟ་བར་དེ་འདྲ་མེད་ཅེས་་བརྗོད་ཀྱི་འདུག ཅེས་དང་། 

ཡང་བློ་སྦྱོང་ཚིག་བརྒྱད་མའི་བཀའ་འཁྲིད་སྐབས།  དེ་སྔ་ཆོས་རྒྱལ་ཁྲི་སྲོང་གིས་མཁན་ཆེན་ཞི་བ་འཚོ་གདན་དྲངས་ཏེ་བོད་དུ་སངས་རྒྱས་བསྟན་པའི་རྩ་བ་བཙུགས་པ་ཡིན། དེ་ནས་ལོ་ངོ་ཉིས་བརྒྱ་ཙམ་གྱི་རྗེས་བསྟན་པ་ཉམས་ཏེ་སླར་གསོ་ཕྱིར་ཇོ་བོ་རྗེ་བོད་དུ་གདན་དྲངས་ཏེ་བཀའ་གདམས་ཀྱི་བསྟན་པའི་སྲོལ་ཐོག་མར་བཙུགས་པ་ཡིན་ལ། དགེ་བཤེས་གླང་རི་ཐང་པ་ནི་བཀའ་གདམས་པའི་དགེ་བཤེས་ཆེན་པོ་ཞིག་ཡིན། ངོས་རང་ལ་བློ་སྦྱོང་ཚིག་བརྒྱད་པའི་བརྒྱུད་པ་དང་པོ་སྟག་བྲག་རིན་པོ་ཆེ་ནས་དང་། དེ་ནས་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ནས་ཐོབ་པ་ཡིན། གཞུང་འདིར་རྒྱ་ཆེ་སྤྱོད་བརྒྱུད་དང་། ཟབ་མོ་ལྟ་བརྒྱུད་ཀྱི་གདམས་པ་གཉིས་ཀ་གསུང་གི་ཡོད། ཅེས་སོགས་དང་། དེ་ནས་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་བཀའ་དབང་སྐབས། དེ་ཉིད་སྟག་ཕུའི་དག་སྣང་གི་ཆོས་སྐོར་ཞིག་ཡིན་པ་དང་། སྟག་ཕུ་རྡོ་རྗེ་འཆང་ནི་འཕགས་པ་སྒྲོལ་མས་རྗེས་སུ་བཟུང་བའི་སྐྱེས་ཆེན་དམ་པ་ཞིག་ཡིན། བཅས་བཀའ་སྩལ་ཏེ་ཉིན་དེའི་བཀའ་ཆོས་ཀྱི་མཛད་རིམ་ལེགས་པར་གྲུབ་ཡོད་པ་བཅས། །