༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དང་ལྷན་དུ་གསོལ་ཚིགས་གནང་བ།

མདུན་ངོས། / ༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དང་ལྷན་དུ་གསོལ་ཚིགས་གནང་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༩ ཉིན་གུང་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་ Nancy Pelosi མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་བརྒྱུད་ཀྱིས་གྲུབ་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་རྡ་རམ་ས་ལར་ཕེབས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཡོད་པ་རེད། 

དེ་ཡང་ཚེས་ ༩ ཉིན་གྱི་ཕྱི་དྲོ་ཆུ་ཚོད་གཉིས་པ་མ་ཟིན་ཙམ་ལ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་ལགས་དང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨི་ལོ་ཡི་ཊི་ཨེན་ཇེལ་ Eliot Engel ལགས། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་སེན་སེན་བྷེར་ནར་ Jim Sensenbrenner ལགས། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ Jim McGovern ལགས། གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་བྷེ་ཊི་མེག་ཀ་ལམ་ Betty McCollum ལགས། གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ཇོ་སི་བྷི་ཊི་ Joyce Beatty ལགས། གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་པར་མི་ལཇ་ཡ་པཱལ་ Pramila Jayapal ལགས།  གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇུ་ཌི་ཅུ་ Judy Chu ལགས་སོགས་རྡ་རམ་ས་ལར་ཕེབས་འབྱོར་གྱིས་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕོ་བྲང་དུ་ཆེད་ཕེབས་ཀྱིས་མཇལ་ཁ་ཞུས་ཡོད་པ་དང་། དེ་རྗེས་ཕོ་བྲང་གི་མཇལ་འཕྲད་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་རྣམ་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་སོགས་ཀྱིས་ཉིན་གུང་ལྗགས་སྨིན་ལྷན་བཞེས་བསྐྱངས་ཡོད་པ་རེད། 

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་ཚེས་ ༩ དང་ ༡༠ ཉིན་གཉིས་རིང་བཙན་བྱོལ་བོད་མི་ཚོགས་སྡེ་ཁག་ལ་འཚམས་གཟིགས་གནང་རྒྱུ་ཡིན་པ་དང་། ཚེས་ ༡༠ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་རྣམ་པར་གཞུང་འབྲེལ་ཆེ་བསྟོད་ཀྱི་ཕེབས་བསུའི་མཛད་སྒོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གནང་རྒྱུ་ཡིན་པ་བཅས།།