སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་སྩལ་བ།

མདུན་ངོས། / སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་སྩལ་བ།

༄༅། །བོད་རྒྱལ་ལོ་ ༢༡༤༤ ས་ག་ཟླ་བའི་ཚེས་ ༢ ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༧ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ས་ག་ཟླ་བའི་མ་ཎི་དུང་སྒྲུབ་དང་འབྲེལ་ནས་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་དང་སྤྱན་རས་གཟིགས་ཕྱག་བཞི་བའི་རྗེས་གནང་བཀའ་དྲིན་སྩལ་ཡོད་པ་རེད།  

དེ་ཡང་ཞོགས་པ་ཆུ་ཚོད་༧།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་ཆུ་ཚོད་གཅིག་རིང་བཀའ་དབང་སྔོན་འགྲོའི་སྒྲུབ་ཞག་གནང་བ་དང་། སྒྲུབ་ཞག་གྲུབ་མཚམས་རྡ་རམ་ས་ལར་གཉུག་མར་གནས་པའི་བོད་རིགས་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་མི། དེ་བཞིན་ཆེད་མངགས་གསུང་ཆོས་ཞུ་བར་ཕེབས་པའི་སེར་སྐྱ་སྔགས་བཙུན་སོགས་མི་མང་སྟོང་ཕྲག་བརྒལ་བར་བཀའ་དབང་སྔོན་འགྲོའི་བཀའ་སློབ་སྩལ་དོན། 

དེ་རིང་སྤྱིར་སེམས་ཅན་ཐམས་ཅད་དང་། ཡང་སྒོས་འཛམ་གླིང་འདིར་གནས་པའི་སྨྲ་ཤེས་ཤིང་དོན་གོ་བ་མིའི་རིགས་ཆགས་སྡང་གི་གཞན་དབང་དུ་གྱུར་བསྡད་པ་ཡིས། ང་ཚོ་ཚང་མ་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་ཡིན་ཡང་། ཆགས་སྡང་གི་གཞན་དབང་དུ་ཡིབ་བསྡད་སྡུག་བསྔལ་མི་འདོད་བཞིན་དུ་སྡུག་བསྔལ་གྱི་རྒྱུ་ལ་དང་དོད་ཀྱིས་སླེབས་བཞིན་ཡོད། སྡུག་བསྔལ་གྱི་རྒྱུ་ཕྱི་རུ་མེད་པར་གཙོ་བོ་སོ་སོའི་ནང་ལ་ཡོད། སྡིག་པ་ཅི་ཡང་མི་བྱ་ཞིང་།། དགེ་བ་ཕུན་སུམ་ཚོགས་པར་སྤྱད།། ཅེས་དགེ་བ་ཟེར་བ་ལ་དོན་དམ་པའི་དགེ་བ་བཤད་རྒྱུ་ཡོད་ཀྱང་། དགེ་བ་དང་སྡིག་པ་གཉིས་ནི་གཙོ་བོ་འབྲས་བུ་རང་དང་གཞན་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་ཚེ་དེ་དགེ་བ་དང་། རང་དང་གཞན་ལ་སྡུག་བསྔལ་ཡོང་བ་ཞིག་ཡིན་ཚེ་དེ་སྡིག་པ་ཡིན་པ་རེད། དེར་བརྟེན་དགེ་བ་དང་སྡིག་པ་ཅེས་པ་ནི་འབྲས་བུ་བཟང་ངན་ལ་བལྟས་ནས་འཇོག་རྒྱུ་མ་གཏོགས་རང་མཚན་པ་ཞིག་འཇོག་ཐབས་ཡོད་པ་མ་རེད། དེར་བརྟེན་ང་ཚོ་ཚང་མར་རང་བཞིན་ལྷན་སྐྱེས་ཀྱི་ཤེས་པ་ཞིག་ཡོད་བསྡད་པ་དེ་དང་འབྲེལ་ནས་ཚོར་བ་ཞིག་ཡོད་པ་དང་། ཚོར་བ་དེའི་ཐོག་ནས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་རང་གི་ངང་གིས་ཡོད་པ་རེད། སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་ཡང་། སྡུག་བསྔལ་གྱི་རྒྱུ་མཐར་ཐུག་ཆགས་སྡང་གཉིས་པོ་འཛམ་གླིང་འདིར་དང་དུ་བླངས་ནས་འགྲོ་བཞིན་ཡོད། 

སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག། ཅེས་དངོས་གནས་སྨོན་ལམ་རྒྱག་གི་ཡོད་ཚེ། ཁ་ཞེ་གཉིས་མེད་ཀྱི་བསམ་བློ་དེ་ཡིན་ཚེ་ག་ཚོད་ཐུབ་ཐུབ་ཀྱིས་སྡུག་བསྔལ་གྱི་རྒྱུ་སེམས་མ་བཏུལ་བ་ངོ་སྤྲོད་བྱས་ཏེ། དེས་སེམས་མ་སྐྱིད་པ་ཡོང་གི་ཡོད་པ་དེ་ངོ་སྤྲོད་བྱེད་པ་དང་།  བདེ་བའི་རྒྱུ་སེམས་བཏུལ་བ་རེད་དེ་ངོ་སྤྲོད་བྱས། ཆོས་ཡོད་ན་རེད་ཆོས་མེད་ནའང་རེད། ཆོས་གང་དང་གང་ཡིན་ཡང་ཁྱད་པར་མི་འདུག གང་ལྟར་སེམས་བཏུལ་བ་ཞིག་བྱུང་ན་བདེ་སྐྱིད་ཡོང་གི་རེད། སེམས་མ་བཏུལ་ན་སྡུག་བསྔལ་ཡོང་རྒྱུ་རེད། སྤྱོད་འཇུག་ནས་གསུངས་པ་ལྟར། སྡུག་བསྔལ་འདོར་འདོད་བློ་ཡོད་ཀྱང་།། སྡུག་བསྔལ་ཉིད་ལ་མངོན་པར་གྱུར།། བདེ་བ་འདོད་ཀྱང་གཏི་མུག་པས།། རང་གི་བདེ་བ་དགྲ་ལྟར་འཇོམས།། ཟེར་བ་ཏག་ཏག་རེད་འདུག འཛམ་གླིང་འདིར་དེ་ལྟ་བུ་འདུག 

འཛམ་གླིང་འདིར་སེམས་ཞི་བདེ་ཡོང་བ་ཞིག་དང་། ཆགས་སྡང་ལ་ཉེས་དམིགས་སུ་མཐོང་བ་ཞིག་ལ་ང་ཚོས་འབད་བརྩོན་བྱེད་དགོས་ཀྱི་ཡོད་པ་རེད། དེ་སློབ་གསོའི་ཐོག་ནས་ཡོང་རྒྱུ་རེད། ལོ་སྟོང་ཕྲག་ཁྲི་ཕྲག་རིང་སྨོན་ལམ་བརྒྱབ་ཡང་དེས་ཕན་གྱི་མི་འདུག དོ་བདག་སོ་སོས་སེམས་འདུལ་བའི་འབད་བརྩོད་བྱེད་པ་དང་། སེམས་མ་བཏུལ་བ་ཉུང་དུ་གཏོང་བར་འབད་བརྩོན་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད། 

དེ་རིང་འདིར་ཐུགས་རྗེ་ཆེན་པོའི་དབང་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་སེམས་མ་བཏུལ་བ་བཏུལ་བར་བྱེད་པ་རེད། སེམས་འདུལ་ཐབས་ལ་སྤྱིར་འཛམ་གླིང་ཀུན་ལ་ཁྱབ་པ་ཞིག་གི་ཐོག་ནས་བཤད་པ་ཡིན་ན། དམིགས་བསལ་ཆོས་དང་མ་འབྲེལ་བའི་ཡ་རབས་སྤྱོད་བཟང་གི་ཐོག་གནས་འཛམ་གླིང་འདིར་བྱམས་བརྩེ་སྤེལ་བ་ཞིག་བྱེད་དགོས་ཀྱི་ཡོད་པ་རེད། ལོ་སྟོང་ཕྲག་གི་རིང་གཙོ་བོ་རྒྱ་གར་འཕགས་པའི་ཡུལ་ལ་ Secular ཟེར་བ་དེ་ཆོས་དང་མ་འབྲེལ་བའི་ཐོག་ནས་མི་བཟང་པོའི་བསླབ་བྱ་བྱེད་པ་ཞིག་དང་། དེ་བཞིན་ non violence ཨ་ཧེམ་ས་ཞེས་པ་ནི་འཚེ་བ་མེད་པའི་དོན་རེད། འཚེ་བ་མེད་པ་ཞེས་པ་ནི་ཕྱི་རོལ་ཅ་ལག་ལྟ་བུ་ཞིག་གི་ཐོག་ནས་འཚེ་བ་ཡོད་མེད་སྐད་ཆ་བཤད་རྒྱུ་མ་ཡིན་པར། འཚེ་བ་ཡིན་དང་མིན་ཞེས་པ་ནི་སེམས་རྒྱུད་དང་འབྲེལ་བའི་ཐོག་ནས་སྐད་ཆ་བཤད་ཀྱི་ཡོད་པས་འཚེ་བ་མེད་པ་ལ་བྱམས་བརྩེ་དགོས་ཀྱི་ཡོད་པ་རེད། བྱམས་བརྩེ་ཡོད་ཚེ་གཞན་ལ་གནོད་པ་བྱེད་ཀྱི་མ་རེད།  ཅེས་སོགས་བཀའ་དབང་སྔོན་འགྲོའི་བཀའ་སློབ་སྩལ་བ་དང་། 

དེ་ནས་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་དང་སྤྱན་རས་གཟིགས་ཕྱག་བཞི་བའི་རྗེས་གནང་བཀའ་དྲིན་སྩལ་གྲུབ་མཚམས་ཐེངས་འདིར་བཀའ་དབང་གི་དངོས་ཀྱི་སྦྱིན་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ཕུགས་ཀྱི་སྦྱིན་བདག་བོད་གངས་ཅན་ལྗོངས་སུ་དད་དམ་གཡོ་བ་མེད་པའི་རྒྱ་ཆེའི་མི་མང་གིས་གཙོས་རྒྱ་ནག་སྐམ་ས་ཆེན་མོ་དང་འཛམ་གླིང་གང་སར་བཞུགས་པའི་དད་ལྡན་རྣམས་དང་གྲོགས་པོ་རྣམས་ཡིན་ཞེས་བཀའ་སྩལ་དོན། དེ་རིང་དངོས་ཀྱི་སྦྱིན་བདག་ངོས་རང་དང་ཕུགས་ཀྱི་སྦྱིན་བདག་བོད་གངས་ལྗོངས་ཀྱི་དད་པ་དང་དམ་ཚིག་གཡོ་བ་མེད་པའི་རྒྱ་ཆེའི་མི་མང་ཡིན། དེའི་མཚོན་པའི་ཆེན་པོ་རྒྱ་ནག་ནང་གི་སངས་རྒྱས་པའི་ཆོས་ལ་དད་པ་རྩེ་གཅིག་བྱེད་མཁན་རྣམས་ངོས་རང་ལ་ཐུག་སྐབས་མིག་ཆུ་གཏོང་བཞིན་འདུག དེ་དག་ལ་སོགས་པའང་སྦྱིན་བདག་ཡིན། དེ་བཞིན་འཛམ་གླིང་ཤར་ནུབ་ལྷོ་བྱང་ག་ས་གང་དུ་ངོས་ལ་གྲོགས་པོ་མང་པོ་ཡོད་པ་རེད། དེ་དག་ཚང་མར་ཕན་ན་བསམ་པའི་ཐོག་ནས་དེ་རིང་འཇིག་རྟེན་དབང་ཕྱུག་ལྷ་དགུའི་དབང་། དག་སྣང་ཐུན་མོང་མ་ཡིན་པ། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་ཐུན་མོང་མ་ཡིན་པར་འབྲེལ་ཡོད་པ་ཞིག་དང་། ངོས་རང་ལ་ཆ་བཞག་ནའང་ཆུང་ཆུང་སྐབས་ལ་གསང་བ་རྒྱ་ཅན་གྱི་དབང་ཞུ་སྐབས་ཕལ་ཆེར་ནུབ་རེ་བཞིན་དབང་གང་ཞུས་ལ་རྟགས་མཚན་ནམ་གོ་རྒྱུ་ཡོད་པའི་མཚན་མ་ལྟ་བུ་ཞིག་ཡོང་བཞིན་ཡོད། ལས་འབྲས་ཡོད་པ་གསལ་པོ་རེད། ༸གོང་ས་ལྔ་བ་ཆེན་པོ་དང་ལས་འབྲས་ཡོད་པ་ཕལ་ཆེར་གསལ་པོ་རེད། ལན་གཅིག་རྨི་ལམ་དུ་༸རྒྱལ་བ་ལྔ་བའི་སྐུ་ཐང་ཞིག་འདུག དེ་ལ་བལྟས་བསྡད་པར་༸རྒྱལ་བ་ལྔ་བ་རང་གི་སྐུ་ཞིག་ཚུར་ཐོན་ནས་ཁ་བཏགས་སེར་པོ་འདོམ་བཞི་ལྔ་ཡོད་པ་ཞིག་ངོས་རང་ལ་གཡོགས་གནང་སོང་། མཁྱེན་སོང་ངམ། ལས་འབྲས་ཤིག་ཡོད་འདུག ཅེས་དང་། གཞན་ཡང་དྲ་རྒྱ་བརྒྱུད་བཀའ་དབང་ལ་གསན་གཟིགས་གནང་མཁན་དད་དམ་གཙང་མ་ཅན་རྣམས་ལ་དབང་ཐོབ་རྒྱུ་ཡིན་པའི་བཀའ་ཕེབས་རྗེས་མ་ཎི་དུང་སྒྲུབ་གནང་མཁན་རྣམས་ལ་ཁྱོད་རང་ཚོས་མ་ཎི་གསོག་སྐབས་མ་འོངས་པར་རིལ་བུ་ཟ་མཁན་རྣམས་ལ་འཕྲལ་དུ་ལུས་བདེ་བ་དང་སེམས་སྐྱིད་པ། ཕུགས་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ནས་བླ་མེད་རྫོགས་བྱང་གི་གོ་འཕང་ཐོབ་པའི་གོམ་པ་རིམ་པ་དང་པོ་སྤོ་ཐུབ་པའི་སྨོན་ལམ་རྒྱག་དགོས་པ་རེད་ཅེས་བཀའ་སློབ་སྩལ་རྗེས་ཐུགས་རྗེ་ཆེན་པོའི་བཀའ་དབང་དང་རྗེས་གནང་གི་གནང་སྒོ་མཇུག་ལེགས་པར་གྲུབ་ཡོད་པ་བཅས།།