གཏན་ཉིན་སློབ་དགེ་ཚོར་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྤེལ་ཐབས་སྐོར་བཀའ་སློབ་སྩལ་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་གི་མཇལ་འཕྲད་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་སློབ་ཕྲུག་རྣམས་ལ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྤེལ་ཐབས་ཀྱི་ཚོགས་འདུར་ཕེབས་པའི་གཏན་ཉིན་སློབ་གྲྭ་ཁག་གི་དགེ་རྒན་ཚོར་དམིགས་བསལ་བཀའ་སློབ་སྩལ་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་གཏན་ཉིན་སློབ་གྲྭ་ཁག་གི་དགེ་རྒན་རྣམས་དགའ་ལྡན་ཕོ་བྲང་གི་མཇལ་འཕྲད་ཁང་དུ་ཕེབས་པ་དང་། གཏོང་ལེན་ཉལ་ཁང་གི་གི་སློབ་ཕྲུག་གཉིས་ཀྱིས་དགེ་རྒན་རྣམ་པར་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་མྱོང་ཚོར་སྤྱན་འབུལ་ཞུས། ཆུ་ཚོད་ ༡༡།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གྱིས་ཚོགས་མགོན་དུ་དབུ་བཞུགས་མཛད་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་འཚམ་འདྲིའི་གུས་ཕྱག་དང་འབྲེལ་ཚོགས་འདི་འདིར་རྡ་ས་བོད་ཁྱིམ་དང་མ་སུ་རི་བོད་ཁྱིམ། སམ་བྷོ་ཊ་བོད་སློབ། དབུས་བོད་སློབ་འཛིན་ཚོགས། བལ་ཡུལ་གངས་ཅན་བདེ་རྩ། བྷུན་ཏར་དང་ས་རཱ་མཐོ་སློབ། བྷེང་ལོར་མཐོ་སློབ། ཤེས་རིག་ལས་ཁུངས་ཀྱི་ལས་བྱེད། སྦྱིན་བདག ཤི་རི་ན་གར་བཅས་ནས་སླེབས་པའི་ཚོགས་བཅར་བ་ ༣༠༣ ཡོད་པ་སོགས་སྙན་སེང་ཞུས་པ་དང་།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ཡུན་རིང་པོ་ནས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་ལ་བཀའ་སློབ་དང་ཕྱབ་དེབ་ཁ་ཤས་བཏོན་གནང་ཡོད་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་སོགས་ཚུད་པའི་ཚོགས་འདུ་རིམ་པར་བཟང་སྤྱོད་སྐོར་ལ་བཀའ་སློབ་གནང་ནས་བཟང་སྤྱོད་ཀྱི་སློབ་དཔོན་ཆེན་པོ་ཞིག་ལ་མངའ་གསོལ་གནང་ཡོད་པའི་མཐོང་ཚུལ་བྱུང་བའི་སྐོར་དང་།  

གཞན་ཡང་། ཟླ་ ༤ ཚེས་ ༢༧ དང་ ༢༨ ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཐོ་རིམ་སློབ་གྲྭ་དང་འབྲེལ་ཡོད་དགེ་རྒན་ཚོར་ཚོགས་འདུ་ཞིག་གནང་སྐབས་བཀའ་བློན་ཁོང་དང་ཤེས་ཡོན་འཛིན་བཅར་བ་དང་། སྐབས་དེར་༸གོང་ས་མཆོག་གིས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཧ་ཅང་གལ་ཆེན་པོར་གཟིགས་གནང་ཡོད་པ་མ་ཟད་ཕྱག་རོགས་ཞུ་དགོས་པ་གལ་ཆེན་ནན་ཆེར་བཀའ་ཕེབས་ཡོད་པ་དང་། ཤི་ལོང་ཁུལ་ལ་འཚམས་གཟིགས་ཤིག་གི་སྐབས་སུ་སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་ཀྱིས་སྐུ་མདུན་གྱིས་བོད་པའི་དགེ་རྒན་ཚོར་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་ལ་བཀའ་སློབ་དང་མཇལ་ཁ་ཞིག་ལ་དགོངས་བཞེས་གནང་གི་འདུག་པས་དེ་ལྟར་གྲ་སྒྲིག་བྱེད་ཐུབ་ཀྱི་ཡོད་མེད་བཀའ་འདྲི་ཕེབས་པར་ང་ཚོས་གྲ་སྒྲིག་བྱེད་ཐུབ་པ་བྱེད་ཀྱི་ཡིན་ཞེས་ཤེས་རིག་ལས་ཁུངས་ནས་གོ་བསྡུར་བྱས་ཏེ་བོད་ཁྱིམ་ཁག་གཉིས་དང་སམ་བྷོ་ཊ་བཅས་ནས་མཉམ་རུམ་གྱིས་དགེ་རྒན་རྣམ་པ་དང་ལྟ་གྲུབ་དགེ་རྒན་རྣམ་པ་སོགས་དེ་རིང་འདིར་འབྱོར་ཐུབ་པ་བྱུང་ཡོད། ཅེས་སོགས་གསུང་བཤད་གནང་བ་དང་། 

དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པ་འདི་ཧ་ཅང་གལ་ཆེན་པོ་རེད་ལ། ༸གོང་ས་མཆོག་གིས་དུས་རྟག་ཏུ་འཛམ་གླིང་ས་ཁུལ་གང་སར་བཀའ་སླེབས་ཕེབས་ཀྱི་ཡོད་པས་ཤེས་རིག་ལས་ཁུངས་བརྒྱུད་ནས་རང་རེའི་སློབ་གྲྭ་ཁག་བཟང་སྤྱོད་སྐོར་ཐེངས་དང་པོར་ཁྲིད་མཁན་ཡིན་པ་མ་ཟད། ཡག་ཤོས་དང་སྤུས་དག་ཤོས་ཁྲིད་དགོས་པ་ཆགས་ཀྱི་རེད། ༸གོང་ས་མཆོག་གིས་འཛམ་གླིང་དུ་བཟང་སྤྱོད་སྐོར་བཀའ་སློབ་གནང་བཞིན་པའི་སྐབས་སུ་ང་ཚོའི་སློབ་གྲྭའི་ནང་སློབ་ཕྲུག་སྤུས་ཚད་ལྡན་པ་ཡོད་ཅེས་མིག་དཔེ་ལྟ་ས་བྱུང་བ་ཡིན་ན། བོད་པའི་གཤིས་ཀ་ཡག་པོ་ཡོད་ཅེས་པ་ངོམས་ཆོག་པ་ཞིག་འབྱུང་གི་རེད། དེར་བརྟེན་གལ་ཆེན་དོན་ཆེན་བརྩི་གནང་རོགས་ཞུ་རྒྱུ་ཡིན། ཞེས་སོགས་གསུང་བཤད་གནང་། 

དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ང་ཚོ་བཙན་བྱོལ་བ་ཆགས་ནས་ཤེས་ཡོན་གྱི་ཐོག་ལ་གལ་ཆེན་དོན་ཆེན་དུ་བརྩིས་ནས་ལས་ཀ་བྱས་པ་རེད། ཞིབ་ཕྲ་ངོས་ནས་བཤད་དགོས་པ་མི་འདུག་ཚང་མས་མཁྱེན་གསལ་རེད། དེ་སྔ་བོད་ལ་ཡོད་པའི་སྐབས་ནས་བཀའ་བློན་ཚོ་དང་གཙོ་བོ་ང་ཕོད་རེད། སྐབས་དེར་ང་ཕོད་ཀྱིས་རྒྱ་མི་ཚོར་འབྲེལ་བ་བྱས། རང་སྐྱོང་རྫོང་གྲ་སྒྲིག་ཨུ་ཡོོན་ལྷན་ཁང་ནང་དུའང་དྲུང་ཆེ་རེད། ང་ཚོས་ཤེས་ཡོན་ཡར་རྒྱས་གཏོང་དགོས་ཀྱི་འདུག དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་བྱེད་དགོས་ཀྱི་འདུག་ཅེས་བཤད་མྱོང་། དེ་ནས་ང་ཚོ་བཙན་བྱོལ་བ་ཆགས་ནས་སོ་སོར་རང་དབང་ཡོད་པ་རེད།  བོད་ལ་ཡོད་དུས་ཕྱོགས་གཅིག་ནས་ང་ཚོ་རང་དབང་རེད་ཟེར་དགོས་སམ། བོད་ཞི་བའི་བཅིངས་འགྲོལ་བཏང་ཞེས་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་ཀྱང་། དགའ་ལྡན་ཕོ་བྲང་ཟེར་ནའང་འདྲ་ས་གནས་སྲིད་གཞུང་ཟེར་ནའང་འདྲ་བྱེད་རྒྱུ་གང་ལ་གང་འཚམ་ཡོད་པ་རེད། ཡིན་ནའང་། ཕྱོགས་གཅིག་ནས་ང་ཚོའི་བོད་པ་ཚོ་སྔར་མེད་གསར་གཏོད་བྱས་ན་ཡག་པོ་ཡོད་པ་མ་རེད་ཅེས་སྔར་ལམ་གྱི་ལུགས་སྲོལ་དེད་ནས་འགྲོ་རྒྱུ་ཧ་ཅང་དགའ་བོ་ཡོད་པ་རེད། དོན་དག་ཁྱོན་ནས་མེད་པ་དེ་འདྲ་ལ་གལ་ཆེན་པོ་ཞིག་ཏུ་བརྩི་ཡི་རེད།  ཅེས་དེ་སྔ་ལྷ་སར་གཞུང་ཞབས་ཤིག་ལ་སྲིད་སྐྱོང་ལས་ཁུངས་ནས་ཉེས་པ་བཏང་བའི་སྐོར་དྲན་གསོ་གནང་བ་དང་།  

ཡང་། རྒྱ་གར་ལ་སླེབས་ནས་ལམ་ལུགས་བསྡད་མེད་པ་དང་ཐབ་གསར་གཞི་གསར་ཆགས་པ་རེད། དེ་ལྟ་བུའི་སྐབས་དཔལ་ལྡན་ནེ་ཧ་རུ་ཡོད་དུས་ནས་ཤེས་ཡོན་གྱི་འགྲོ་སོང་རྒྱ་གར་གཞུང་གིས་འགན་ཆ་ཚང་བཞེས་ནས་ཧ་ཅང་ཡག་པོ་ཡིན། དེ་ལྟར་རང་དབང་ལུང་པའི་ནང་དུ་སོ་སོས་ནུས་པ་འདོན་རྒྱུ་མེད་ན་མ་གཏོགས་ཡོད་ཚད་འདོན་ཐུབ་པ་ཞིག་དང་གོ་སྐབས་ཡོད་པ་ཞིག་བྱུང་བ་རེད། ད་ལྟའི་བར་དུ་ཡག་ཐག་ཆོད་བྱུང་། ཡིན་ནའང་། ལས་ཀ་མང་པོ་ཞིག་འགོ་འཛུགས་དུས་ཨ་གསར་དང་སྦྲགས་ནས་ཧ་ཅང་ཡག་པོ་ཡོད་པ་ཞིག་དང་། རིམ་གྱིས་འཆར་ཅན་སྒང་ལ་ཕྱིན་ནས་བོད་པའི་དཔེ་ལ། ཡར་བརླངས་པ་མར་ཐིགས་པ་ཟེར་བ་ལྟར་ཡར་བརླངས་མར་ཐིགས་མེད་པ་ཞིག་བྱུང་ན་འགྲིག་བསྡད་པ་ལྟར་འགྲོ་རྒྱུ་ཞིག་ཡོང་གི་འདུག  ཡར་རྒྱས་ལ་གཏོང་མ་དགོས་པར་ནམ་རྒྱུན་འཆར་ཅན་གྱི་ལས་ཀས་ཆོག་ཤེས་བྱས་ཏེ་འགྲིག་ཡོད་ཅེས་པ་ལྟར་མ་ཡིན་པར་སྐྱོན་ཆ་ཅི་ཞིག་འདུག སྐྱོན་སེལ་ཇི་ལྟར་བྱ་དགོས་ཀྱི་འདུག ལེགས་ཆ་བླངས་ནས་ཡར་རྒྱས་གཏོང་བར་ཅི་ཞིག་བྱེད་དགོས་ཀྱི་འདུག དུས་དང་དུས་ལ་ཚོགས་ནས་བགྲོ་གླེང་བྱས་གོ་བསྡུས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ལ་ཚང་མས་ཁུར་མཉམ་ལེན་བྱས་དགོས། ངོས་ཀྱིས་སྔོན་ནས་བཀའ་ཤག་ལ་ཁྱོད་རང་ཚོ་བཀའ་སྒུག་རིང་ལུགས་བྱེད་ཀྱི་འདུག ང་ཚོས་བསམ་བློ་འཁོར་ནས་མར་ལབ་ན་གཏོགས་སོ་སོས་བསམ་བློ་བཏང་ནས་རང་འགུལ་གྱི་ཐོག་ནས་བྱེད་རྒྱུ་མེད་པར་བཀའ་སྒུག་ནས་བསྡད་པ་ཞིག་རེད། འཛིན་སྐྱོང་གི་སྡེ་ཚན་གང་ཞིག་ཡིན་ནའང་བཀའ་ཕེབས་སོང་ཞེས་གཅིག་བྱས། སོ་སོ་ནམ་རྒྱུན་འཆར་ཅན་ལྟར་མ་གཏོགས་བསམ་བློ་མེད་པ་ལྟ་བུ་ཆགས་པ་ཡིན་ན་འཐུས་ཤོར་ལ་འགྲོ་གི་རེད། དེར་བརྟེན་ང་རང་ཚོ་ཚང་མས་ཁུར་མཉམ་ལེན་བྱས་ཏེ་ཧུར་ཐག་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། 

འདིར་གསུངས་པ་ལྟར་ཚང་མས་སེམས་ལ་ཚོར་བ་ཡོད་པ་ཞིག་དང་། བྱམས་བརྩེ་ཟེར་བ་ཚིག་ཙམ་མ་གྱི་སྐད་ཆ་གཅིག་པུ་མ་ཡིན་པར་མི་ལ་བྱམས་བརྩེ་ངོ་སྤྲོད་དང་བསླབ་བྱ་བྱེད་པའི་སྐབས་སུ་དགེ་རྒན་རང་ཉིད་ཀྱི་ཉིན་རེའི་འཚོ་བ་དང་། ལྷག་པར་དུ་འཛིན་གྲྭ་ཚོགས་ནས་སློབ་ཕྲུག་ཚོར་འགྲེལ་བཤད་བརྒྱག་པའི་སྐབས་སུ་བྱམས་བརྩེ་ལྡན་པ་ཞིག་གི་ཐོག་ནས་སློབ་ཕྲུག་གི་མི་ཚེའི་མདུན་ལམ་ལ་སེམས་ཁུར་བླངས་ནས། འཛིན་གྲྭ་ཚོགས་པའི་སྐབས་ལ་སློབ་ཚན་ལ་རྒྱུགས་འཕྲོད་ཙམ་ཞིག་བཤད་པ་གཅིག་པུ་མ་ཡིན་པར་ཚོར་བ་ཡོད་པ་ཞིག་བྱེད་དགོས། བློ་བཟང་སེང་གེ་ལགས་ཀྱིས་གསུངས་པ་བཞིན་རེད། བྱམས་བརྩེ་ལྡན་པའི་ཐོག་ནས་སློབ་ཁྲིད་བྱེད་མཁན་དེར་སློབ་ཕྲུག་གི་བསམ་བློའི་ནང་དུ་གུས་པ་དང་བརྩེ་བ་བསླེབས་པས་དགེ་རྒན་གྱིས་བསླབས་པ་དེའང་སློབ་ཕྲུག་གི་སེམས་ལ་འཇུག་པ་དང་། བྱམས་བརྩེ་མེད་པ་ཞིག་ཡིན་ན་འཛིན་གྲྭ་འཚོགས་པའི་སྐབས་སུ་ཁྲལ་ལྟར་བསླབ་པ་དེ་སློབ་ཕྲུག་གིས་སེམས་གཏིང་ལ་འཛིན་མི་ཐུབ་པ་དངོས་ཡོད་གནས་ཚུལ་དེ་ལྟར་རེད།  དགེ་བའི་བཤེས་གཉེན་གྱི་མཚན་ཉིད་གསུངས་པའི་སྐབས་སུ་བཤེས་གཉེན་དུལ་བ་ཞི་ཉེར་ཞི་བ། ། ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུགས། ། དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན།། བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན། ། ཞེས་གསུངས་ཡོད། སྤྱིར་བཏང་གི་དགེ་རྒན་ཡིན་ནའང་དེ་ཁོ་ན་ཉིད་རྟོགས་དགོས་ཀྱི་ཡོད་མེད་གང་ཤེས་མ་གཏོགས་བརྩེ་བ་ནི་ཧ་ཅང་གལ་ཆེན་པོ་རེད། རྗེ་རིན་པོ་ཆེའི་ལམ་རིམ་ཆེན་མོའི་ནང་དུ། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ།། ཅེས་པའི་མདོ་སྡེ་རྒྱན་གྱི་ཚིག་འགྲེལ་བཤད་སྐྱོན་པའི་སྐབས་སུ་རང་མ་བཏུལ་བར་གཞན་གདུལ་བའི་གནས་མེད་པས་གཞན་རྒྱུད་འདུལ་བར་འདོད་པའི་མི་དེས་ཐོག་མར་རང་གི་རྒྱུད་བཏུལ་བ་ཞིག་དགོས་སོ། ཞེས་གསུངས་ཡོད། དེ་བཞིན་དགེ་ཕྲུག་ཚོར་བྱམས་བརྩེ་སྤེལ་བ་དང་སློབ་ཁྲིད་བྱེད་པ་ཞིག་ཆགས་ཡོད་པས་སྔོན་ལ་སོ་སོ་རང་ཉིད་བྱམས་བརྩེའི་ཚོར་བ་ཡོད་པ་ཞིག་བྱེད་དགོས། ཞེས་དང་། 

མུ་མཐུད་དུ་བཀའ་སློབ་སྩལ་དོན། བྱམས་བརྩེ་ཟེར་བ་ནི་ང་ཚོ་བོད་པ་གཅིག་པུའི་སྐད་ཆ་མ་རེད། འཛམ་གླིང་སྤྱི་ལ་ཉིན་རེར་ང་ཚོས་གསར་འགྱུར་ཉན་པའི་སྐབས་སུ་མིས་མི་ལ་སྡུག་པོ་བཏང་ནས་མིས་མི་གསོད་རེས་གཏོང་བ་ཧ་ལས་པ་ཞིག་འདུག ད་གང་དྲག་བསམ་པ་ཡོང་གི་འདུག སྨོན་ལམ་བརྒྱབ་ནས་བསྡད་ཚེ་ཕན་ཐོགས་མི་འདུག ཆོས་ཁས་ལེན་མཁན་ཚོས་དུས་ད་ལྟ་བར་དུ་སྟོན་པའམ་དཀོན་མཆོག་ལ་གསོལ་བ་བཏབ་ནས་བསྡད་པ་རེད། དེས་ཕན་རྒྱུ་མི་འདུག གང་ལྟར་མིས་བཟོས་པའི་རྙོག་དྲ་མིས་སེལ་དགོས་པ་རེད་མ་གཏོགས་ལྷ་དང་དཀོན་མཆོག་ལ་གསོལ་བ་བཏབ་ནས་སེལ་ཐབས་མེད། དེ་ངོས་རང་ཐག་བཅད་ནས་བཤད་ཐུབ་ཀྱི་རེད། ངོས་རང་ལ་མཚོན་ན་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་རེད། ཉིན་རེར་ཁ་འདོན་ཆུ་ཚོད་ལྔ་ལ་བྱེད་ཀྱི་ཡོད། དེ་དུས་དཔྱད་སྒོམ་བྱེད་པ་དང་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དྲན་པའི་སྒོ་ནས་རྩེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང་། གཙོ་བོ་བཅོམ་ལྡན་འདས་ཀྱི་བསླབ་བྱ་ཟབ་པ་དང་རྒྱ་ཆེ་བའི་ཆོས་སྐོར་ལ་ཉིན་རེར་བཞིན་བསམ་བློ་གཏོང་བཞིན་ཡོད། འཛམ་གླིང་སྤྱིའི་སྟེེང་ལ་བསམ་བློ་གཏོང་སྐབས་ང་ཚོ་བོད་ལ་མཚོན་ནའང་རྒྱ་མི་མ་སླེབས་སྔོན་ལ་ཞབས་བརྟན་ཧ་ཅང་མང་པོ་འཚོགས་ཡང་ཕན་ཐོགས་གང་ཡང་བྱུང་མ་སོང། སྐབས་རེ་ཆོས་སྐྱོང་ཚོས་སྔ་ས་ནས་འཛམ་གླིང་རྒྱལ་ཁབ་གཞན་ལ་འབྲེལ་བ་བྱེད་དགོས་པ་རེད་ཅེས་གསུངས་དགོས་ཡང་དེ་གསུངས་མཁན་ཡང་བྱུང་མི་འདུག་དྲན་གྱི་འདུག དེར་བརྟེན་ང་ཚོ་མི་རང་གིས་འགུལ་བསྐྱོད་མ་བྱས་པར་སྔར་ལམ་རང་ལ་འཁོར་བསྡད་པས་ང་ཚོའི་ལུང་པ་ཤོར་ནས་ཐབས་སྐྱོ་པོ་དེ་བྱུང་བ་རེད། 

ལོ་རྒྱུས་ཀྱི་ཐོག་ནས་ཆོས་རྒྱལ་བཀའ་དྲིན་ཅན་ཚོའི་སྐབས་དུས་རབས་བདུན་པ་བརྒྱད་པ། དགུ་བ་བཅས་སུ་རྒྱ་བོད་ཧོར་གསུམ་ཞེས་སྟོབས་ལྡན་རྒྱལ་ཁབ་བྱས་ཏེ་བསྡད་པ་རེད། དེ་ནས་བོད་སིལ་བུར་འཐོར་ནས་སྤྱི་སེམས་མེད་པ་ཆགས་པ་རེད། ། ཆེ་ས་ནས་བསམ་བློ་མ་འཁོར་བར་ཆུང་ས་ནས་ཕྲག་དོག་དང་འགྲན་སེམས། རྒྱལ་པོའི་ཁྱིམ་ཚང་ནང་དུ་དགའ་མ་དགའ་བྱས་ཏེ་མངའ་བདག་ཁྲི་རལ་བ་ཅན་གྱི་མགུལ་གཅུས་ནས་བཀྲོངས་པ་རེད་ཅེས་ཟེར་གྱི་འདུག དེ་ནས་བཟུང་སྤྱི་བའི་དོན་ལ་བསམ་བློ་གཏོང་མཁན་ཧ་ཅང་ཉུང་ཉུང་རེད། སྟབས་ཡག་པ་ཞིག་ལ་སངས་རྒྱས་ཀྱ་ིབསྟན་པ་འདིས་བོད་ཆོལ་ཁ་གསུམ་ཡོངས་རྫོགས་གོང་བུ་གཅིག་གྱུར་བྱས་ཏེ་བསྡད་ཐུབ་པ་བྱུང་བ་རེད། ཆབ་སྲིད་ཀྱི་ཐོག་ནས་རྦད་དེ་ང་ཚོས་གོ་ཐང་གློད་འདུག ང་ཚོ་དེ་ལྟ་བུའི་ཐབས་སྐྱོ་པོ་ཆགས་པ་དང་བོད་མི་རིགས་རིག་གཞུང་དང་བཅས་པ་གནས་དང་མི་གནས་ཟེར་བའི་མཚམས་ལ་སླེབས་པ་རེད། ཧ་ཅང་ཐབས་སྐྱོ་པོ་རེད། དེ་སྔ་བོད་ལ་རྐྱེན་ངན་མང་པོ་བྱུང་ཡང་མི་རིགས་རྩ་མེད་འགྲོ་བ་དང་རིག་གཞུང་རྩ་མེད་འགྲོ་བའི་ཉེན་ཁ་ཕལ་ཆེར་བྱུང་ཡོད་པ་མ་རེད། 

དེང་སང་ཀྲུང་གོ་གུང་ཁྲན་ཏང་དམར་པོའི་རྒྱལ་ཁབ་གཅིག་སྡུད་རིང་ལུགས་ཡིན་པས་ལས་ཀ་ཤུགས་ཆེན་པོ་དང་ཚགས་ཚུད་པོ་བྱེད་མཁན་ཞིག་རེད། དེས་སྲིད་ཇུས་བཟུང་ཡོང་དུས་དེ་སྔ་རྒྱ་མིའི་དཔོན་པོ་དང་དམག་དཔོན་དེ་འདྲ་ཡོང་ནས་དགོན་པ་མེར་བསྲེགས་གཏོང་བ་སོགས་ཨ་མདོ་ཁུལ་དང་། ཁམས་ཁུལ་དུ་མང་པོ་བྱུང་ཡོད་ཀྱང་ཧ་ཅང་ཛ་དྲག་པོ་རང་བྱུང་མེད། ད་ལྟ་བོད་ཡུལ་ཡོངས་རྫོགས་ཇི་ལྟ་བུ་ཞིག་ཆགས་ཡོང་བསམ་པའི་དུས་ཚོད་སླེབས་འདུག ཡིན་ནའང་། བོད་ནང་གི་གཞིས་བཞུགས་རྒྱ་ཆེའི་མི་མང་ཚོ་ཧ་ལས་པའི་སེམས་ཤུགས་འདུག རྒྱ་ནག་ལ་སློབ་གྲྭར་བཞག་ཡོད་པའི་སློབ་ཕྲུག་ཚོས་བོད་སྐད་ཁྱོན་ནས་བརྒྱབ་མ་ཆོག་པ་དང་། སོ་སོའི་ཁྱིམ་ལའང་འབྲེལ་བ་བྱས་མ་ཆོག་པར་སློབ་གྲྭའི་ནང་ཆོས་ལ་སྐྱོན་བརྗོད་དང་ཆོས་མེད་རིང་ལུགས་ཆེད་མངགས་བསླབ་ཡོད་པའི་སློབ་ཕྲུག་ཁ་ཤས་ཚགས་པར་སྒང་ལ་སླེབས་འདུག ཆོས་ང་ཚོས་ཁྱོན་ནས་བྱེད་ཡ་ཡོད་པ་མ་རེད་ལབ་འདུག གང་ལྟར་མི་རབས་བརྗེ་འགྲོ་བཞིན་ཡོད་ཀྱང་བོད་མི་རིགས་ཀྱི་རིགས་ཞེན་དང་སོ་སོའི་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྒང་ལ་ཧ་ཅང་བློ་རྩ་བརྟན་པོ་རེད། སྲོག་གི་ཉེན་ཁ་ཡོད་མཁན་ཚོ་དེ་ལྟར་འགྲོ་བཞིན་ཡོད་དུས་ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོས་ཤུགས་རྒྱག་དགོས་པ་ཆགས་ཡོད། ཅེས་སོགས་བཀའ་སློབ་སྩལ་ཡོད་པ་བཅས།།