མ་ཡོ་སྨན་ཁང་དུ་༸སྐུའི་འཕྲོད་བཞེས་ལ་བརྟག་དཔྱད་བྱས་པ།

མདུན་ངོས། / མ་ཡོ་སྨན་ཁང་དུ་༸སྐུའི་འཕྲོད་བཞེས་ལ་བརྟག་དཔྱད་བྱས་པ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལོ་ལྟར་༸སྐུའི་འཕྲོད་བཞེས་ལ་སྨན་པའི་བརྟག་དཔྱད་ཞུ་སྲོལ་ཡོད་པ་ལྟར་ཨ་རིའི་མིན་ནེ་སོ་ཊ་མངའ་སྡེའི་གྲོང་ཁྱེར་རོ་ཆེ་སི་ཊར་ (Rochester) ནང་རྟེན་གཞི་བྱས་པའི་མ་ཡོ་སྨན་ཁང་ (Mayo Clinic) དུ་༸ཞབས་སོར་འཁོད་ཡོད་པ་རེད། 

དེ་ཡང་གནམ་ཐང་ནས་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་དང་མ་ཡོ་སྨན་ཁང་གི་འབྲེལ་ཡོད་སྐུ་ཚབ་འཐུས་མི། དེ་བཞིན་སྨན་ཁང་གི་༸སྐུའི་ཕྱི་ལུགས་བླ་སྨན་པ་བཅས་ཀྱིས་ཕེབས་བསུ་དང་བཅས་མེ་ཡོ་སྨན་ཁང་དུ་ཆིབས་བསྒྱུར་བསྐྱངས་སྐབས་བོད་མི་སེར་སྐྱ་རྒན་གཞོན་ཁྱོན་མི་གྲངས་ ༢༠༠ ཙམ་གྱིས་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་ཐུགས་དགྱེས་ཚོར་ཆེན་པོས་འཚམས་འདྲི་དང་། ཕེབས་བསུར་བཅར་བའི་ནད་པ་ཁག་གཅིག་ལ་ཐུགས་བརྩེ་བ་ཆེན་པོས་ནད་གཞིའི་སྐོར་བཀའ་རྩད་དང་། སྤང་བླང་འཇུག་ལྡོག་ཚུལ་བཞིན་བྱེད་དགོས་པའི་ལམ་སྟོན་མཛད་རྗེས་སྨན་ཁང་གི་སྟེང་ཐོག་ཏུ་ཕེབས་སྐབས་སྨན་པ་དང་སྨན་ཞབས་པ། དེ་བཞིན་ལས་བྱེད་སོགས་ཀྱིས་དགའ་བསུའི་འཚམས་འདྲི་ཞུས་པ་དང་། མ་ཡོ་སྨན་ཁང་ནས་ལོ་ལྟར་༸སྐུའི་འཕྲོད་བཞེས་ལ་བརྟག་དཔྱད་ཞུ་མུས་སྲོལ་ཡོད་པ་ལྟར་མགོན་པོ་གང་ཉིན་མཆོག་གི་སྐུ་ཁམས་སྔར་བཞིན་གསལ་ཐང་ཡིན་པའི་བརྟག་དཔྱད་གྲུབ་འབྲས་སྙན་སྒྲོན་ཞུས་ཡོད་པ་རེད། 

ཚེས་ ༡༥ ཉིན་༧གོང་ས་མཆོག་ཨ་རིའི་ནུབ་ཕྱོགས་ཁ་ལི་ཧྥོ་ནི་ཡའི་ནང་ཆིབས་བསྒྱུར་གནང་རྒྱུ་དང་། ཚེས་ ༡༦  ཉིན་གྱི་སྔ་དྲོ་ཨ་རིའི་ཁ་ལེ་ཧྥོར་ནེའུ་ཡའི་གཙུག་ལག་སློབ་གྲྭ་ཆེན་མོར་སྣ་ཚོགས་པའི་མཛེས་སྡུག་དང་ལེན་ (Embracing the Beauty of Diversity in our World) ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་སྩལ་རྒྱུ་ཡིན་པ་དང་། 

ཚེས་ ༢༤ ཉིན་སྔ་དྲོ་ཆུ་ཚོད་༩ པའི་ཐོག་་མི་ནི་སོ་ཊ་ཨ་རི་བོད་མིའི་སྤྱི་མཐུན་ཚོགས་པ་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་མི་མང་ལ་འཇམ་དཔལ་དབྱངས་ཀྱི་བསྟོད་པ་གང་བློ་མའི་ལྗགས་ལུང་བཀྲིན་སྩལ་རྒྱུ།