མི་ཚེའི་ནང་གལ་ཆེ་ཤོས་ཤིག་ནི་མཛའ་མཐུན་གྱི་བསམ་པ་ཡིན།

མི་ཚེའི་ནང་གལ་ཆེ་ཤོས་ཤིག་ནི་མཛའ་མཐུན་གྱི་བསམ་པ་ཡིན།

གཞི་རྩ་ང་རང་ཚོ་འགྲོ་བ་མི་ཡིན་པའི་ཆ་ནས་གཅིག་མཚུངས་ཡིན་པར་མ་ཟད། གླིང་གཅིག་ལ་དབང་ཞིང་གནས་འཆའ་བའི་ཆ་ནས་ཀྱང་གཅིག་མཚུངས་ཡིན། དེ་དང་འདྲ་བར་སེམས་ཅན་ཚང་མ་ལ་རང་བཞིན་ལྷན་སྐྱེས་ཀྱིས་རང་ཉིད་བདེ་བ་འདོད་ཅིང༌། སྡུག་བསྔལ་མི་འདོད་པའི་བློ་ཡོད་པ་གཅིག་མཚུངས་ཡིན། ང་ཚོ་ཚང་མ་རང་ཉིད་ལ་བརྩེ་བ་ཡོད་པར་མ་ཟད་ལེགས་པོ་ཞིག་བྱུང་ན་བསམ་གྱི་ཡོད། ཕྱི་དངོས་པོའི་ཡར་རྒྱས་ཐད་བསམ་བློ་བཏང་ན་ཡར་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད། གླིང་འདིའི་ཐོག་ཡོད་པའི་རྒྱལ་ཁབ་ཚང་མས་མཐུན་རྐྱེན་ཚགས་ཚུད་གཏོང་རྒྱུའི་དམིགས་ཡུལ་བཟུང་སྟེ། བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་འཛུགས་སྐྲུན་གྱི་ཆེད་དུ་འབད་བརྩོན་བྱེད་ཀྱི་ཡོད་ལ། དེ་ལྟར་མཐའ་མཇུག་ང་ཚོས་ད་ལྟའི་འདོད་དོན་འགྲུབ་ཐུབ་པའང་ཡོང་སྲིད། ཡིན་ན་ཡང་མིའི་བདེ་སྐྱིད་ནི་དངོས་པོ་ཡར་རྒྱས་གཅིག་པུས་འདང་གི་མེད། དེའི་རྒྱུ་མཚན་ནི། འགྲོ་བ་མི་རྣམས་འཕྲུལ་ཆས་ཀྱིས་བསྐྲུན་པའི་དངོས་པོ་ལྟ་བུ་མིན་པར་དེ་ལས་ལྷག་པ་ཞིག་ཡིན་པར་བརྟེན། བདེ་སྐྱིད་ཡོང་བར་ཕྱིའི་དངོས་པོ་ཙམ་མིན་པར་དེ་ལས་ལྷག་པ་ཞིག་ཡོད་དགོས། མིའི་མི་ཚེའི་ནང་གལ་ཆེ་ཤོས་ཤིག་ནི་མིའི་མཛའ་བརྩེའི་བསམ་པ་ཡིན། མཛའ་བརྩེའི་བསམ་པ་མེད་ན་དོན་དམ་པའི་བདེ་སྐྱིད་ཡོང་མི་ཐུབ། རང་གི་མི་ཚེའི་ནང་ཁྱིམ་ཚང་དང༌། ཁྱིམ་མཚེས། རྒྱལ་ཁབ་བཅས་བདེ་སྐྱིད་ལྡན་པ་ཞིག་དགོས་ན་དེའི་ལྡེ་མིག་ལྟ་བུ་ནི་ནང་བསམ་བློའི་ཡོན་ཏན་དེ་ཡིན། འཛམ་གླིང་འདིར་གནས་པའི་འགྲོ་བ་མི་དུང་ཕྱུར་བདུན་ཅུ་པོ་ཚང་མ་ཨ་སྒོར་ས་ཡ་ཡོད་པའི་བདག་པོ་ཆགས་ཀྱང༌། ནང་བསམ་བློའི་ཡོན་ཏན་ཡར་རྒྱས་མེད་ན་ཞི་བདེའམ་གཏན་གྱི་བདེ་བ་ཡོང་མི་ཐུབ། མི་ཁ་ཤས་ཧ་ཅང་ཕྱུག་པོ་ཡོད་ཀྱང་སེམས་མ་སྐྱིད་པར་སྡོད་པ་རང་རེས་མཐོང་གསལ་ཡིན། དེས་ན་གདུང་སེམས་མཉམ་སྐྱེད་དང༌། བྱམས་བརྩེ། སྙིང་རྗེ་སོགས་ནི་མིའི་མི་ཚེའི་ནང་ཧ་ཅང་གལ་ཆེ་བའི་བདེ་སྐྱིད་ཀྱི་ཆ་རྐྱེན་ཡིན། སེམས་ཞི་ལྷོད་དུ་གནས་རྒྱུ་ནི་གཟུགས་པོའི་འཕྲོད་བསྟེན་ལ་མེད་དུ་མི་རུང་བ་ཞིག་ཡིན། མཐུན་རྐྱེན་བཟང་པོ་དང༌། སྨན་དང་ཟས་བཅུད་ཡག་པོ་སོགས་ཀྱིས་གཟུགས་པོར་ཕན་གྱི་ཡོད་ཀྱང༌། གཙོ་བོ་སེམས་ཀྱི་བདེ་སྐྱིད་ནི་འཕྲོད་བསྟེན་གྱི་རྒྱུའི་ཆ་རྐྱེན་གལ་ཆེ་ཤོས་དེ་ཡིན། མི་ཚང་མས་འཛམ་གླིང་ཞི་བདེའི་ཆེད་དུ་སེམས་འཁུར་བྱེད་ཀྱི་ཡོད་ཅིང༌། གོ་མཚོན་དང་དམག་ཤུགས་ལ་བརྟེན་ནས་གནས་སྟངས་དང་དུས་སྐབས་ཁྱད་པར་ཅན་གྱི་འོག་ལྟོས་ས་ལྟོས་འཇོག་གིས་ཞི་བདེ་ཕྲན་བུ་བསྐྲུན་ཐུབ་ཀྱང༌། ཕུགས་ལ་དམག་འཐབ་དང༌། ཞེ་སྡང༌། བློ་དོགས་སོགས་ཀྱི་བསམ་བློས་བརྒྱུད་བསྐུལ་ནས་དོན་དམ་ཡུན་རིང་གི་འཛམ་གླིང་ཞི་བདེ་ཞིག་ཡོང་རྒྱུ་ཁག་པོ་ཡིན། འཛམ་གླིང་གི་ཞི་བདེ་ངོ་མ་ནི་སེམས་ཀྱི་ཞི་བདེ་སྟེ། ཕན་ཚུན་ཡིད་ཆེས་དང༌། གུས་བརྩི་སོགས་བརྒྱུད་ནས་ཡོང་དགོས། དེ་ལྟར་ཡོང་བ་ལའང་སྙིང་རྗེ་དང་གཞན་ཕན་གྱི་བསམ་པ་གཉིས་ནི་ལྡེ་མིག་ལྟ་བུར་གལ་ཆེན་པོ་ཆགས་ཡོད།

ཁྱིམ་ཚང་བདེ་སྐྱིད་ཀྱི་ཆ་རྐྱེན་གལ་ཆེ་ཤོས་ཀྱང་བརྩེ་བ་ཡིན།

དཔེར་ན། ཁྱིམ་ཚང་སྐྱིད་པོ་ཡོད་པ་ཞིག་ལ་ཆ་བཞག་ན། དེ་ལྟར་ཡོང་བའི་ཆ་རྐྱེན་གལ་ཆེ་ཤོས་བརྩེ་བ་ཡིན། མི་ཞིག་གི་མི་ཚེའི་མདུན་ལམ་མཐའ་འཁྱོལ་དང་མ་འཁྱོལ་ཡང་འཚར་ལོངས་བྱེད་སའི་ཁོར་ཡུག་ལ་ཧ་ཅང་ལྟོས་ཚབས་ཆེན་པོ་ཡོད། བྱམས་བརྩེ་དང་སྙིང་རྗེ་ལྡན་པའི་ཁོར་ཡུག་ནས་ཡོང་བའི་ཕྲུ་གུ་རྣམས་ནི་སྐྱིད་སྣང་ལྡན་ཞིང་མདུན་ལམ་ཡང་མཐར་ཕྱིན་ཡོང་བ་དང༌། དེ་ལས་ལྡོག་སྟེ་བྱམས་བརྩེ་མེད་པའི་ཁོར་ཡུག་དང་ཞེད་སྣང་འོག་འཚར་ལོངས་བྱུང་བའི་ཕྲུ་གུ་རྣམས་ལ་དེ་ལྟར་ཡོང་བ་དཀའ། འོ་ན་བྱམས་བརྩེ་ཞེས་པ་གང་ནས་ཡོང་བ་དང་། དེ་སྐྱེད་ཐབས་དང་ཡར་རྒྱས་གཏོང་ཚུལ་ཇི་ལྟར་ཡིན་ཞེ་ན། སྤྱིར་ཇི་སྲིད་མིའི་སེམས་ཡོད་པ་དེ་སྲིད་དུ་བརྩེ་སེམས་ཀྱི་ས་བོན་ཡང་ཡོད་ཅིང༌། བློ་བཟང་པོ་དང་ངན་པ་ཉོན་མོངས་པའི་བློ་སོགས་ནི་མིའི་སེམས་ཀྱི་ཆ་ཤས་ཤིག་ཡིན་ནའང༌། མིའི་མི་ཚེའི་བསམ་བློའི་ནང་བསམ་བློ་སྟོབས་ཆེ་ཤོས་ནི་བརྩེ་སེམས་ཡིན། དེར་བརྟེན་སྙིང་རྗེའི་ས་བོན་ནི་ང་ཚོ་སྐྱེས་ཙམ་ཉིད་ནས་རང་བཞིན་གྱིས་སེམས་ཀྱི་ཆ་ཤས་སུ་གྲུབ་ཡོད། ང་ཚོ་མའི་མངལ་ནས་བཙས་པའི་སྐབས་སུ་རྗེས་སུ་ཡོང་རྒྱུའི་ཆོས་ལུགས་དང་གྲུབ་མཐའི་ལྟ་གྲུབ་ཀྱི་རིགས་མེད་པར་བཙས་པ་ཡིན་ནའང༌། མིའི་བྱམས་བརྩེའི་དགོས་མཁོ་ལ་ངེས་པར་དུ་ལྟོས་དགོས། བྱམས་བརྩེ་མེད་ན་ཕྲུ་གུ་དེ་ཉིད་འཚོ་གནས་ཐུབ་ཐབས་མེད། བྱམས་བརྩེ་ནི་ཨ་མའི་མངལ་དུ་ཕྲུ་གུ་འཁོར་བར་ཆ་རྐྱེན་གལ་ཆེ་ཤོས་ཤིག་ཡིན། མིའི་བརྩེ་བ་དང༌། སྙིང་རྗེ་གཉིས་ནི་ཆགས་སེམས་དང་འདོད་གཡེང་གི་བདེ་བ་འཚོལ་སྒྲུབ་བྱེད་པ་དེ་ཙམ་མིན། སྙིང་རྗེ་ངོ་མ་ནི་གདུང་སེམས་དང་སེམས་ཐག་ཉེ་པོའི་ཚོར་བ་ཙམ་མིན་པར་གཞན་དོན་ཁུར་དུ་ལེན་པའི་ཚོར་བ་དྲག་པོ་ཞིག་ཡོད་པ་དེ་ཡིན། 

བཅོས་མིན་གྱི་སྙིང་རྗེ་དང་འདོད་ཆགས་ཀྱི་ཁྱད་པར།

བཅོས་མིན་གྱི་སྙིང་རྗེ་ནི་སྡུག་བསྔལ་གྱིས་མནར་ཞིང་བདེ་བས་ཕོངས་པ་དང་ཡར་རྒྱས་གང་ཡང་མེད་པའི་སྐྱེ་བོ་དེ་དག་རང་རེ་དང་འདྲ་བར་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་ཤེས་པའི་ཐོག་ནས་སྙིང་རྗེ་སྐྱེ་བ་དང༌། སྙིང་རྗེ་དེས་ཕ་རོལ་པོའི་ཆེད་དུ་ཁ་ཞེ་གཉིས་མེད་ཀྱིས་སེམས་འཁུར་བླངས་ཏེ་ཡར་རྒྱས་གཏོང་ཐབས་བྱེད་པ་ཡིན། ནམ་རྒྱུན་ང་ཚོའི་སྙིང་རྗེ་ནི་རང་གི་གྲོགས་པོའི་ཕྱོགས་ལ་སེམས་ཐག་ཉེ་པོའི་ཚོར་སྣང་ཡོད་པ་འདི་ཙམ་ཞིག་ཡིན་པར་བསམ་གྱི་ཡོད། འོན་ཀྱང་ཚོར་སྣང་དེ་ནི་བསམ་བློའི་གོམས་ཕྱོགས་ཀྱིས་སྒྲོ་བཏགས་ནས་བསླད་ཞུགས་པ་ཡིན། མི་གང་ཞིག་རང་དང་ཇི་ཙམ་གྲོགས་པོ་ཉེ་པོར་གནས་ན་དེའི་རིང་མི་དེར་ལྟ་ཕྱོགས་བཟང་པོ་ཡོང་བ་དང༌། ཉིན་ཞིག་ཕར་ཕྱོགས་ཀྱི་མི་དེའི་བྱ་སྤྱོད་ལ་འགྱུར་བ་ཕྱིན་པའམ། ཡང་ན་ང་ཚོའི་ངོས་ནས་ཁོ་ལ་འཛིན་པའི་ལྟ་སྟངས་ལ་འགྱུར་བ་ཕྱིན་ན་དེ་མ་ཐག་སྙིང་རྗེ་དེ་ཡང་རྒྱུན་ཆད་ངེས་ཡིན། འདི་སྙིང་རྗེ་ངོ་མ་མིན་པར་འདོད་ཆགས་ཀྱི་ཆར་གཏོགས་པའི་སྙིང་རྗེ་ཡིན། སྙིང་རྗེ་ངོ་མ་ཡིན་ན་ཕ་རོལ་པོ་དེ་རང་ཉིད་ལ་སེམས་ཐག་ཉེ་མིན་ལ་མ་ལྟོས་པར་དེའི་གནས་སྟངས་ལ་བསམ་གཞིགས་བྱེད་མཁན་ཞིག་ཡིན་དགོས། དངོས་ཡོད་གནས་ཚུལ་ཐོག་ལ་མི་དེར་དཀའ་ངལ་ཕྲད་དེ་སྡུག་བསྔལ་གྱིས་མནར་བཞིན་ཡོད་ན། མི་དེ་སྡུག་བསྔལ་དེ་ལས་གྲོལ་ཏེ་བདེ་བ་དང་ལྡན་པར་བྱ་རྒྱུའི་ཐོབ་ཐང་ཡོད་པ་རང་དང་གཅིག་མཚུངས་ཡིན། གཉེན་སྒྲིག་བྱེད་པ་དང་མངལ་དུ་ཕྲུ་གུ་ཆགས་པ་དེ་དག་འདོད་ཆགས་ཀྱིས་མྱོས་པའི་འབྲས་བུ་གཅིག་པུ་མིན་པར། ཕོ་མོ་ཕན་ཚུན་གཅིག་གིས་གཅིག་རྒྱུས་མངའ་ཡག་པོ་ལོན་པའི་ཐོག་ནས་ཡོང་དགོས། རང་ཉིད་ཀྱི་བཟའ་ཟླའི་བྱད་གཟུགས་ཀྱི་རྣམ་པ་དང༌། བསམ་བློའི་འཁྱེར་སོ་ཤེས་པའི་ཐོག་ནས་ཕན་ཚུན་ཡིད་ཆེས་དང་གུས་བརྩི་ཡོང་གི་ཡོད། དེ་གཞི་ལ་བཞག་སྟེ་གཉེན་སྒྲིག་བྱེད་པ་དང་ཆབས་ཅིག འགན་འཁུར་ལེན་པའི་ཐོག་ནས་མངལ་སྦྲུམ་དགོས་པ་ཡིན། ང་ཚོ་འགྲོ་བ་མི་ཡིན་པའི་ཆ་ནས་རྣམ་དཔྱོད་ཀྱི་རིག་སྟོབས་དང་ཁྱད་དུ་འཕགས་པའི་ནུས་རྩལ་མང་པོ་ཡོད། ཇི་ཙམ་རིག་སྟོབས་ཆེ་བ་ཡོད་པ་དེ་ཙམ་གྱིས་མ་འོངས་པར་རྒྱང་ལྟ་བྱེད་ཐུབ། འཇོན་ཐང་ཆེ་བའི་མི་རྣམས་ཀྱིས་རང་གཞན་གཉིས་ཀའི་གནས་སྟངས་ལ་འགན་འཁུར་ཆེན་པོ་ལེན་ཐུབ་ཀྱི་ཡོད། དངོས་གནས་བྱས་ན་འགྲོ་བ་མི་ཙམ་མ་ཡིན་པར། སེམས་ཅན་གཞན་དང་འཛམ་གླིང་ཧྲིལ་པོའི་ཆེད་འགན་འཁུར་ལེན་དགོས། 

མིའི་རྣམ་དཔྱོད་དང་ནུས་སྟོབས་བེད་སྤྱོད་གཏོང་སྟངས།

གལ་སྲིད་ང་ཚོར་ཡོད་པའི་མིའི་རྣམ་དཔྱོད་དང་ནུས་སྟོབས་རྣམས་གཏོར་བཤིག་གཏོང་བའི་ལག་ཆར་བེད་སྤྱོད་བཏང་ན། དེའི་མཇུག་འབྲས་ནི་གཏོར་བཤིག་དང་གོད་ཆག་ཁོ་ན་ལས་ཡོང་རྒྱུ་མེད། དེས་ན་ང་ཚོའི་རྣམ་དཔྱོད་དང་ནུས་སྟོབས་རྣམས་དོན་ཕན་ལྡན་པའི་ཡར་རྒྱས་ཀྱི་ཆེད་དུ་བེད་སྤྱོད་གཏོང་དགོས། རང་ཉིད་ཀྱི་ཁེ་ཕན་གྱི་ཆེད་དུ་མི་གཞན་དང་གནས་ཚུལ་གཞན་གཡོ་ཐབས་ཀྱིས་བེད་སྤྱོད་གཏོང་རྒྱུར་ཧ་ཅང་སྤྱང་གྲུང་དང་རིག་སྟོབས། ནུས་རྩལ་ཡོད་མཁན་གྱི་མི་དེ་ཚོར་མཐའ་མར་བློ་འགྱོད་ཆེན་པོ་ཞིག་ཡོང་རྒྱུ་ནི་གཏན་འཁེལ་བ་ཡིན། ངོས་ཀྱི་བསམ་པར་འགྲོ་བ་མི་དང་སེམས་ཅན་དུད་འགྲོ་གཉིས་ཀ་རང་བཞིན་ལྷན་སྐྱེས་ཀྱིས་བདེན་པ་ལ་བརྩི་མཐོང་བྱེད་མཁན་ཞིག་ཡིན་པ་མཐོང་གི་འདུག དཔེར་ན། ལྷག་བསམ་རྣམ་དག་གིས་ཁྱིའམ་ཞི་མི་གང་རུང་ཞིག་ལ་བྱམས་པོ་བྱས་ན་ཁོ་ཚོས་དེ་ལ་བརྩི་མཐོང་བྱེད་པ་དང་། གལ་སྲིད་ང་ཚོས་མགོ་སྐོར་བཏང་ན་ཁོ་ཚོས་དགའ་བོ་མི་བྱེད་པ་མངོན་གསལ་ཡིན། མི་དང་མིའི་དབར་དྲང་པོ་དྲང་བཞག་གི་འབྲེལ་བ་བྱས་ན་དེ་ལ་གཞིགས་པའི་བརྩི་མཐོང་བྱེད་པ་དང༌། གལ་སྲིད་དྲང་པོ་མ་བྱས་པར་མགོ་སྐོར་བཏང་བ་ཡིན་ན་ཕ་རོལ་པོ་སློབ་སྦྱོང་ཡོད་མེད་དང༌། དབུལ་ཕྱུག་གང་ཡིན། ཆོས་ལ་ཡིད་ཆེས་ཡོད་མེད་སོགས་ཇི་ལྟར་ཡང་དེ་དང་བསྟུན་པའི་ཚུར་ཡ་ལན་སློག་རྒྱུ་གཏན་འཁེལ་བ་ཡིན། དེར་བརྟེན་སྙིང་རྗེ་དང་དྲང་བདེན་གྱི་བསམ་བློ་ཡོད་དགོས་པའི་རྒྱུ་མཚན་ནི་ང་ཚོས་མི་གཞན་ལ་མགོ་སྐོར་མི་གཏོང་བ་དང༌། གཞན་རྣམས་ཀྱང་རང་དང་མཚུངས་པར་བདེ་སྐྱིད་ཀྱི་ཐོབ་ཐང་འདྲ་མཚུངས་སུ་ཡོད་པ་ཤེས་ཐུབ་པ་དེ་ཡིན། སྙིང་རྗེ་ནི་ཡུལ་དེ་ལ་སྙིང་བརྩེ་དང་སེམས་ཁུར་གྱི་བློ་གཉིས་ལྡན་ཞིག་གམ་ཡང་ན་ཡུལ་དེར་སེམས་ཐག་ཉེ་བོ་དང་འགན་འཁུར་གྱི་ཚོར་བ་གཉིས་ལྡན་ཞིག་ཡིན། མི་ཁ་ཤས་ཀྱི་སྙིང་རྗེ་དང་བརྩེ་བ་བཟོད་སྒོམ་སོགས་ནི་ཆོས་ལུགས་ཀྱི་གནད་དོན་ཡིན་པར་ངོས་འཛིན་བྱེད་མཁན་ཡོད་ཀྱང་བསམ་ཚུལ་དེ་ནོར་བ་ཡིན། སྐྱེ་བོ་གང་ཞིག་ཆོས་ལ་ཡིད་ཆེས་ཡོད་མེད་ཇི་ལྟར་ཡང་བརྩེ་བ་དང་སྙིང་རྗེ་ནི་བརྩི་མེད་གཏོང་ཐུབ་ཐབས་མེད། གང་ཡིན་ཞེ་ན། བརྩེ་བ་དང་སྙིང་རྗེ་ནི་མིའི་མི་ཚེའི་ནང་དགོས་ངེས་ཅན་ཡིན། གལ་ཏེ་ང་རང་ཚོ་བདེ་བ་ལྡན་པ་དང་མི་སེར་ཡག་པོ་ཞིག་བྱེད་འདོད་ཡོད་ན་དེ་དག་མེད་དུ་མི་རུང་བ་ཡིན།  ཆོས་ལུགས་གང་ཞིག་རང་ཉིད་ལ་འཚམ་པོ་ཡོད་པ་དེ་དང་དུ་ལེན་དགོས། གལ་སྲིད་དང་དུ་ལེན་འདོད་མེད་ཚེ་བཏང་སྙོམས་སུ་བཞག་ནའང་འགྲིག ཡིན་ནའང་བྱམས་བརྩེ་ནི་འགྲོ་བ་མིར་དགོས་ངེས་ཅན་གྱི་གཞི་རྩའི་ཁྱད་ནོར་ཞིག་ཡིན་པས། དེའི་རང་བཞིན་ནམ་ཁྱད་ཆོས་ཤེས་པ་བྱ་རྒྱུ་གལ་ཆེན་པོ་ཡིན། བདེ་སྐྱིད་ནི་མིའི་བསམ་བློའི་ཁྱད་ཆོས་འབའ་ཞིག་ཡིན་པས། དེ་ནི་རིན་གྱིས་ཉོ་མི་ཐུབ་ལ་འཕྲུལ་ཆས་ཀྱིས་ཀྱང་བཟོ་མི་ཐུབ། དངུལ་དང་ཕྱིའི་དངོས་པོ་ནི་བདེ་སྐྱིད་ཡོང་བའི་ཆ་རྐྱེན་གྱི་ཆ་ཤས་ཙམ་ལས་དེས་བདེ་བ་ངང་གིས་བསྐྲུན་མི་ཐུབ། བདེ་བ་ནི་མི་སུས་ཀྱང་སྤྲོད་མི་ཐུབ་པར་སོསོའི་ནང་གི་བསམ་བློ་ཡར་རྒྱས་བཏང་ནས་ཡོང་དགོས་པ་ཞིག་ཡིན། བདེ་སྐྱིད་ཀྱི་འབྱུང་ཁུངས་མཐར་ཐུག་པ་ནི་ཞི་བདེའི་སེམས་ཡིན་ཅིང༌། དེ་ནི་ཕྱིའི་ཆ་རྐྱེན་ལ་ལྟོས་པ་ཞིག་མིན། གལ་ཏེ་ནང་གི་བསམ་བློར་གདེང་ཚོད་ཡོད་ན་ཕྱིའི་སློབ་སྦྱོང་དང་མཐུན་རྐྱེན་འཛོམས་པོ་མེད་པ་དང་མི་ཚེ་ལམ་ལྷོང་དེ་ཙམ་ཡོང་གི་མེད་ཀྱང་སྐྱོན་མེད། མི་གཞན་ལ་སེམས་འཁུར་དང༌། བརྩི་མཐོང༌། བྱམས་བརྩེ་སོགས་ནི་ང་ཚོར་བདེ་བ་ཡོང་རྒྱུའི་ཆ་རྐྱེན་གལ་ཆེ་ཤོས་ཤིག་ཡིན་པར་མ་ཟད། སྙིང་རྗེས་ང་ཚོར་ནང་གི་ནུས་སྟོབས་དང་རིན་ཐང་གི་ཚོར་སྣང་སྦྱིན་པར་བྱེད། སྲིད་དོན་པ་དང༌། ཆོས་པ། ཚོང་པ་སོགས་སུ་ཞིག་ཡིན་ཀྱང་བསམ་པ་བཟང་པོ་ལྡན་པའི་མི་ཡག་པོ་ཞིག་བྱ་རྒྱུའི་འབད་བརྩོན་བྱེད་དགོས། མི་སྒེར་གཅིག་གི་ཀུན་སྤྱོད་ཀྱིས་ཁྱིམ་ཚང་ཞིག་གམ་ཡང་ན་སྤྱི་ཚོགས་ཤིག་སྐྱིད་པོ་ཡོང་བར་མཐུན་སྦྱོར་གྱི་ཞལ་འདེབས་གང་འཚམ་འབུལ་ཐུབ། 

ཆོས་ལུགས་ཆེ་ཁག་ཚང་མའི་གཞི་མཐུན་གྱི་བསླབ་བྱ།

ཡུལ་དུས་སོ་སོར་ཆོས་ལུགས་མི་འདྲ་བ་མང་པོ་བྱུང་ཡོད་པ་དེ་དག་གིས་མིའི་གཤིས་རྒྱུད་དུ་ཡོད་པའི་མི་དགེ་བ་ཉུང་དུ་གཏོང་བ་དང༌། བཟང་པོའི་ཡོན་ཏན་གོང་དུ་སྤེལ་བའི་ཐོག་ནས་མིའི་སྤུས་ཚད་སྔར་བས་ཇེ་བཟང་དང་ནུས་པ་ཆེ་རུ་གཏོང་གི་ཡོད། བཤད་སྟངས་མི་འདྲ་བ་ཙམ་ལས་འཛམ་གླིང་གི་ཆོས་ལུགས་ཆེ་ཁག་ཚང་མས་བྱམས་བརྩེ་དང་སྙིང་རྗེའི་སྐོར་བསླབ་བྱ་གཅིག་མཚུངས་གནང་ཡོད་པ་དང༌། ཚང་མས་བརྩེ་བ་དང་བཟོད་བསྲན་གཉིས་གལ་འགངས་ཆེན་པོ་ཡིན་པ་ཤེས་ཀྱི་ཡོད་ལ། མིའི་བཟང་པོའི་ཡོན་ཏན་ལ་སྐྱེད་སྲིང་གོང་འཕེལ་གྱི་ནུས་པ་ཡོད་པར་བཤད་ཡོད། ལོ་བརྒྱ་ཕྲག་མང་པོའི་རིང་མི་ས་ཡ་མང་པོར་ཆོས་ལུགས་འདྲ་མིན་དེ་དག་གིས་ཕན་ཐོགས་ཆེན་པོ་བྱུང་ཡོད། དེས་ན་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་ཕན་ཚུན་སྡང་སེམས་དང༌། འཁྲུག་རྩོད་སོགས་མི་འཚམ་པའི་གནས་ཚུལ་ཡོང་གི་ཡོད་པ་འདི་ཧ་ཅང་བློ་ཕམ་གྱི་རང་བཞིན་ཡིན། གལ་ཏེ་ཆོས་ལུགས་འདྲ་མིན་ཁག་གི་མི་ཡག་པོ་བཟོ་བའི་ནུས་པ་དེ་དག་ལ་ང་ཚོས་སློབ་སྦྱོང་དང་ཉམས་ཞིབ་བྱས་ན། ཆོས་ལུགས་ཁག་ཚང་མར་གུས་བརྩི་བྱེད་དགོས་པའི་རྒྱུ་མཚན་མང་པོ་ཡོད། དེ་དག་ཐམས་ཅད་ཀྱི་སྤྱོད་པའི་སྙིང་པོ་གཙོ་བོ་རྣམ་པར་མི་འཚེ་བ་ལ་འདོད། འཚེ་བ་མེད་པ་དེ་ཅིའི་ཕྱིར་གལ་ཆེན་པོ་ཡིན་ནམ་ཞེ་ན། དེ་ནི་ཆོས་ཐམས་ཅད་ཕན་ཚུན་གཅིག་ལ་གཅིག་བརྟེན་པའི་རྟེན་ཅིང་འབྲེལ་བའི་ལྟ་བའི་དབང་གིས་གལ་ཆེན་པོ་ཆགས་པ་ཡིན། དཔེར་ན། ང་རང་ཚོའི་བདེ་སྐྱིད་ནི་རྐྱེན་མང་པོ་ཞིག་ལ་ལྟོས་པ་བཞིན། ང་ཚོ་འཚོ་གནས་ཐུབ་པ་དེ་ཡང་རྒྱུ་རྐྱེན་མང་པོ་ཞིག་ལ་ལྟོས་ཡོད། དེ་བཞིན་ནད་ན་ཚ་དང་རྐྱེན་ངན་གོད་ཆག་སོགས་ཀྱང་རྐྱེན་མང་པོ་ཞིག་ལ་ལྟོས་ཡོད། ང་ཚོས་རང་ཉིད་ཀྱི་བདེ་བ་དང་ཉམས་མྱོང་གཙིགས་ཆེན་པོར་འཛིན་པ་བཞིན། དེ་དག་གི་རྒྱུ་ལའང་གཙིགས་ཆེན་པོ་བྱེད་དགོས། དེའི་ཕྱིར་ནང་པ་སངས་རྒྱས་པའི་ལྟ་བ་དང་སྤྱོད་པའི་སྙིང་པོ་ནི་རྟེན་འབྲེལ་གྱི་ལྟ་བ་དང་འཚེ་བ་མེད་པའི་སྤྱོད་པ་གཉིས་ཡིན། བདེ་སྐྱིད་ནི་གཞན་གྱིས་སྤྲད་དེ་ཡོང་ཐབས་ཡོད་པ་ཞིག་མིན་ལ། ཕྱིའི་དངོས་པོར་འགན་ཁག་དཀྲི་ས་ཡང་མེད། ངེས་པར་རང་གི་ནང་བསམ་བློ་ཡར་རྒྱས་ཀྱི་ཐོག་ནས་ཡོང་དགོས་པ་ཡིན།                  

ཕྱི་ལོ་༡༩༩༢ ལོར་ལྡི་ལི་རྩ་ཁྲིམས་ཚོགས་པའི་གླིང་གར་བཀའ་སྩལ།