ཁེལ་ལི་ཧྥོར་ནི་ཡ་གཙུག་ལག་མཐོ་སློབ་ཀྱི་བསླབ་པ་མཐར་སོན་མཛད་སྒོར་དབུ་བཞུགས།

མདུན་ངོས། / ཁེལ་ལི་ཧྥོར་ནི་ཡ་གཙུག་ལག་མཐོ་སློབ་ཀྱི་བསླབ་པ་མཐར་སོན་མཛད་སྒོར་དབུ་བཞུགས།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༧  ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སན་དྷི་ཡ་གྷོའི་ཁེལ་ལི་ཧྥོར་ནི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་(University of California San Diego)བསླབ་པ་མཐར་སོན་གྱི་མཛད་སྒོར་གསུང་བཤད་གནང་མཁན་གཙོ་བོར་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར་མཛད་སྒོར་དབུ་བཞུགས་དང་བཀའ་སློབ་སྩལ་ཡོད་པ་རེད། 

དེ་ཡང་ཐོག་མར་མཐོ་སློབ་ཀྱི་རིགས་བདག་སྐུ་ཞབས་པྲཱ་ཌིབ་ཁོ་སི་ལ་ Pradeep Khosla མཆོག་གིས་ཕྱི་ལོ་ ༢༠༡༧ ལོའི་བསླབ་པ་མཐར་སོན་པའི་སློབ་མ་རྣམས་དང་ཕ་མ་སོགས་ལ་དགའ་བསུའི་འཚམས་འདྲི་ཞུས་དང་སྦྲགས། ཚོགས་བཅར་བ་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་སྙིང་བསྡུས་ཤིག་དང་།  མཐོ་སློབ་དེའི་གཟེངས་རྟགས་མཐོ་ཤོས་དེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་མཆོག་ལ་འབུལ་ལམ་ཞུ་རྒྱུ་ཡིན་སྐོར་སོགས་ངོ་སྤྲོད་ཞུས། དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། བརྩེ་བའི་སྤུན་ཟླ་ཕོ་མོ་རྣམ་པ་ལགས། ངོས་རང་འདིར་མཛད་སྒོར་ཞུགས་ཐུབ་པར་ཧ་ཅང་དགའ་བོ་བྱུང་། ངོས་ནས་ཕྱི་ལོ་ ༡༩༤༠ ལོར་ཨིན་ཡིག་སྦྱངས་འགོ་བཙུགས་པ་ཡིན་མོད་ད་དུང་ཡང་ཆ་ཚང་བ་ཞིག་ཤེས་ཀྱི་མེད། ནང་པའི་གྲྭ་པ་ཞིག་ལ་ཆ་མཚོན་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་དབྱིན་ཡིག་ངེས་པར་དུ་ཤེས་དགོས་པ་དེ་འདྲ་མ་རེད་སྙམ། ཆུང་དུས་ནས་བཟང་ངོས་རང་སློབ་མ་ལེ་ལོ་ཅན་ཞིག་བྱེད་པའི་འདོད་བློ་ཡོད་མཁན་ཞིག་ཡིན། ཁྱེད་ཚོ་ལྟ་བུའི་ན་གཞོན་དག་ནི་འགྲོ་བ་མིའི་རིགས་ཀྱི་མ་འོངས་པ་ཡིན། ད་ལྟའི་དུས་རབས་ ༢༡ པའི་དུས་འགོ་འདིར་དབུལ་ཕྱུག་གི་ཁྱད་པར་མེད་ལ། བདེ་སྐྱིད་ལྡན་པ། དེ་བཞིན་འཚེ་བ་མེད་ཅིང་ཞི་བདེའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་གོ་སྐབས་དང་འགན་འཁྲི་ཁྱེད་རང་ཚོ་ལ་ཡོད། ང་ཚོ་རྒན་པ་ཚོ་ཡུན་རིང་འཚོ་གནས་ཐུབ་པའི་ངེས་པ་མེད་ནའང་ཁྱེད་ཚོར་ཡོད། 

འགྲོ་བ་མི་ནི་སྤྱི་ཚོགས་ལ་བརྟེན་ནས་འཚོ་དགོས་པའི་སེམས་ཅན་ཡིན།  དེང་སྐབས་གོ་ལའི་གནམ་གཤིས་ཀྱི་འཇིགས་པ་དེ་ང་ཚོ་ཐུན་མོང་གི་དཀའ་ངལ་ཞིག་ཆགས་ཡོད།  རང་བཞིན་འབྱུང་བའི་འཇིགས་པས་ང་ཚོར་མཉམ་རུབ་ཀྱི་འབད་བརྩོན་ཐོག་ནས་ཐུན་མོང་གི་དམིགས་ཡུལ་སྒྲུབ་དགོས་པའི་སློབ་གསོ་གཏོང་བཞིན་ཡོད། གལ་ཏེ་དུས་རབས་འདིའི་ནང་འཛམ་གླིང་བདེ་ཞིང་སྐྱིད་པ་ཞིག་དགོས་ན། མིའི་བསམ་བློའི་ནང་ཞི་བདེ་གོང་སྤེལ་བཏང་བ་བརྒྱུད་ནས་བསྐྲུན་ཐུབ་རྒྱུ་ལས་གོ་མཚོན་ཡར་རྒྱས་བཏང་ནས་བདེ་སྐྱིད་བསྒྲུབ་ཐབས་མེད།  ཁྱེད་ཚོས་བརྩོན་པ་ཆེན་པོས་སློབ་སྦྱོང་བྱས་འབྲས་སུ་དེ་རིང་འདིར་བསླབ་པ་མཐར་སོན་གྱི་ལག་འཁྱེར་ཐོབ་པ་རེད།  དེར་བརྟེན་ངོས་ཀྱིས་ཁྱེད་ཚོར་འཚམས་འདྲི་ཞུ་རྒྱུ་ཡིན།  ད་ཆ་ཤེས་ཡོན་གང་སྦྱངས་པ་དེ་དག་གཞན་ལ་རྙོག་གྲ་བཟོ་གཞི་ཞིག་ཏུ་མ་སོང་བར་ཞི་བདེ་བསྐྲུན་རྒྱུར་ཞབས་འདེགས་བསྒྲུབ་ཐུབ་པ་ཞིག་དགོས།  དེ་ནི་གཙོ་བོ་ནང་གི་བསམ་བློ་དེ་བྱམས་བརྩེས་ཟིན་པའི་ཐོག་ནས་ཆོད་སེམས་དང་བཟང་ཕྱོགས་ཀྱི་རེ་བར་གཞི་བཅོལ་ནས་རང་གིས་རང་ལ་གདེང་ཚོད་དགོས།   གཞན་གྱི་བདེ་སྡུག་ལ་སེམས་ཁུར་བྱ་རྒྱུའི་བྱམས་བརྩེའི་ཚོར་བ་དེས་རང་ལ་སྙིང་སྟོབས་སྤེལ་བཞིན་པ་ངོས་ཀྱིས་ཉམས་མྱོང་ཐོག་ནས་བརྗོད་ཐུབ། ཅེས་དང་། 

ད་ནི་ཁྱེད་ཚོས་རང་ཉིད་ལ་ཐོབ་པའི་ཤེས་བྱ་དག་ཇི་ལྟར་བེད་སྤྱོད་གཏོང་དགོས་པའི་ཐོག་བསམ་བློ་གཏོང་དགོས་པ་ལྟར། རང་ཉིད་ཀྱི་ཤེས་བྱ་དག་མི་གཞན་ལ་དཀའ་ངལ་བཟོ་བར་བེད་སྤྱོད་མི་གཏོང་བར་ཞི་བདེ་བསྐྲུན་རྒྱུའི་ཐོག་གཏོང་དགོས།  སེམས་བཟང་པོ་ནི་ཁྱད་པར་བཟོ་མཁན་དེ་ཡིན་པས། ཁྱེད་རང་ཚོར་ཆོད་སེམས་དང་ཕུགས་བསམ། འདུན་པ་དང། རང་ཉིད་རང་ལ་གདེང་ཚོད་དགོས། ངོས་ཀྱི་ཉམས་མྱོང་ལ་བལྟས་ན་མི་གཞན་ལ་སེམས་བཟང་པོའི་ཐོག་ནས་སེམས་ཁུར་བྱས་ན་ང་ཚོའི་གདེང་ཚོད་སྲ་བརྟན་དུ་གཏོང་བ་དེ་རེད། ཅེས་བཀའ་སློབ་སྩལ་བ་དང་འབྲེལ་ཚོགས་བཅར་བའི་ཁྲོད་རྒྱ་གར་བ་ཡོད་མེད་བཀའ་རྩད་མཛད་ནས་མགོན་པོ་གང་ཉིད་མཆོག་གིས་སྐུ་ཚེ་ཧྲིལ་པོའི་རིང་རྒྱ་གར་སྲོལ་རྒྱུན་གྱི་དཔལ་ནཱ་ལེནྡྲའི་བཞེས་སྲོལ་དྲི་མ་མེད་པ་དེ་དག་ལ་སྦྱངས་བརྩོན་མཛད་སྐོར་དང་།  ད་ཆ་རྒྱ་གར་རང་ཉིད་ཀྱི་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་གནའ་བོའི་ལེགས་བཤད་དེ་དག་ཉམས་ཆག་ཕྱིན་ཡོད་སྟབས། ལེགས་བཤད་དེ་དག་རྒྱ་གར་ནང་ངེས་པར་དུ་སླར་གསོ་བྱེད་དགོས་པར་བརྟེན་རྒྱ་གར་བ་ཚོས་དེར་ངེས་པར་དུ་གལ་ཆེར་རྩི་དགོས་པའི་སྐོར་བཀའ་སློབ་སྩལ།

དེ་བཞིན། རྒྱ་ནག་ལ་མཚོན་ནའང་སྲོལ་རྒྱུན་ཐོག་ནས་ཡུལ་དེར་ནང་ཆོས་ཤུགས་ཆེ་དར་ཡོད་པ་མ་ཟད། ཉེ་ལམ་རྒྱ་ནག་གི་མཐོ་སློབ་ཅིག་ནས་རྒྱ་རིགས་ཉམས་ཞིབ་པ་ཞིག་གིས་གྲངས་ཐོ་ལྟར་ན། དེང་སྐབས་རྒྱ་ནག་ཏུ་རྒྱ་རིགས་ནང་པ་ས་ཡ་ ༣༠༠ ལྷག་ཡོད་པ་བརྗོད་ཡོད། དེར་བརྟེན་རྒྱ་རིགས་ཚོས་ཀྱང་རང་གི་ཕ་མེས་ནས་བརྒྱུད་པའི་རིག་གནས་དེ་དག་ལ་ངེས་པར་དུ་གཅེས་འཛིན་བྱེད་དགོས་པ་དང་།  རྒྱ་དཀར་ནག་གཉིས་ནང་དུ་ནང་གི་བསམ་བློའི་རིན་ཐང་བྱམས་བརྩེ་དང་བཟོད་བསྲན་སོགས་གོང་མཐོར་གཏོང་རྒྱུའི་སྲོལ་རྒྱུན་གྱི་ལེགས་བཤད་དེ་དག་རྒྱུན་འཛིན་ལག་བསྟར་བྱེད་ཐུབ་ཚེ་ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་སེལ་ཐུབ་རྒྱུ་ཙམ་མ་ཟད། དབུལ་ཕྱུག་བར་ཁྱད་ཇེ་ཉུང་དུ་གཏོང་ཐུབ་རྒྱུ་ཡིན་སྐོར་བཀའ་སློབ་སྩལ།  དེ་བཞིན་༸གོང་ས་མཆོག་གིས་བློའི་རྣམ་གཞག་དང་བྱེད་ལས། ཚད་མ་རིག་པའི་རྣམ་གཞག་སོགས་ནི་ནང་ཆོས་གཅིག་པོའི་རྣམ་གཞག་རེད་ཅེས་བརྗོད་རྒྱུ་གང་ཡང་མེད། རིག་གནས་དེ་དག་སྤྱི་ཡོངས་ཀྱི་ཤེས་ཡོན་སྡེ་ཚན་ནང་འཇོག་ཐུབ།  མཐོ་སློབ་འདིར་ཡང་སློབ་ཚན་དེ་དག་ཐོག་སློབ་ཁྲིད་བྱེད་ཐུབ་པ་ཞིག་ཡིན། ཕྱོགས་མཚུངས་འབད་བརྩོན་བྱེད་ཆོག་པ་ཞིག་ཀྱང་ཆགས་ཡོད།

བློའི་རྣམ་གཞག་སྐོར་དེ་ད་ལྟ་འཚོ་བཞིན་པའི་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་ཚང་མར་འབྲེལ་བ་ཡོད།  གང་ཡིན་བརྗོད་ན་ང་ཚོས་བསམ་བློའི་ནང་ཉོན་མོངས་པའི་བློ་ཤུགས་ཆུང་དུ་བཏང་ནས་བསམ་བློའི་ནང་ཞི་བདེ་བསྐྲུན་ཐབས་བྱེད་བཞིན་ཡོད། དེ་ལྟར་ཡོང་བར་ཐོག་མར་རྣམ་རྟོག་གི་འགྲོ་སྟངས་དེ་དག་སྐོར་ཤེས་དགོས།  སྐྱེ་བ་ཕྱི་མ་དང་ལྷ་ཡུལ། དེ་བཞིན་དམྱལ་བའི་སྐོར་སྐད་ཆ་བཤད་ཀྱི་མེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་དང་། ཐེངས་འདིར་བསླབ་པ་མཐར་སོན་གྱི་སློབ་ཕྲུག་དྲུག་སྟོང་དང་སློབ་ཕྲུག་དང་ཕ་མ་སོགས་ཁྱོན་བསྡོམས་སྟོང་ཕྲག་སུམ་ཅུ་ཡོད་འདུག