ཨ་རིའི་མངའ་སྡེ་མི་ནི་སུ་ཊར་མང་ཚོགས་རྣམས་ལ་བཀའ་སློབ་སྩལ་བ།

མདུན་ངོས། / ཨ་རིའི་མངའ་སྡེ་མི་ནི་སུ་ཊར་མང་ཚོགས་རྣམས་ལ་བཀའ་སློབ་སྩལ་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༤ རེས་གཟའ་སྤེན་པའི་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་མངའ་སྡེ་མི་ནི་སུ་ཊར་གནས་འཁོད་སེར་སྐྱ་མང་ཚོགས་རྣམས་ལ་བཀའ་སློབ་སྩལ་དོན། བོད་གངས་ཅན་ལྗོངས་སུ་ཡོད་པའི་སངས་རྒྱས་ཀྱི་ཆོས་དང་། ལྷག་པར་སངས་རྒྱས་ཀྱི་ལྟ་གྲུབ་ནི་སྔར་རྒྱ་གར་དུ་ཐོག་མར་ཏཀ་ཤཱ་ཤི་ལ་དང་། དེ་ནས་ནཱ་ལེནྡྲ། བྲི་ཀྲམ་ཤཱི་ལ་བཅས་སུ་དུས་རབས་སོ་སོའི་ནང་གནས་དེ་དག་གཞི་ནས་ནང་ཆོས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུའི་གནས་གཞི་ཆེན་པོ་ཞིག་དེ་ལྟར་ཆགས་འདུག དེའི་ནང་ནས་ཤུགས་ཆེ་ཤོས་དཔལ་ནཱ་ལེནྡྲ་རེད་འདུག ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དང་ཐོགས་མེད་སྐུ་མཆེད་ལ་སོགས་པ་དེ་དག་ནཱ་ལེནྡྲ་ནས་ཕེབས་འདུག

བོད་གངས་ཅན་ལྗོངས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་སངས་རྒྱས་པའི་བསྟན་པ་ཐོག་མར་དབུ་བརྙེས། དེ་དུས་ནས་རྒྱ་གར་ལ་ཧ་ཅང་ཐུགས་སྣང་གནང་འདུག གཞན་ཆོས་རྒྱལ་རང་ཉིད་རྒྱ་བཟའ་དང་ཁྲུང་ས་བསྐྱོན་ནས་རྒྱ་ནག་ཐང་རྒྱལ་པོའི་སྲས་མོ་དང་ཁྲུང་ས་བསྐྱོན་ནས་འབྲེལ་བ་ཧ་ཅང་ཉེ་པོ་ཆགས་ཡོད། འོན་ཀྱང་བོད་ཡིག་འདི་རྒྱ་གར་ཡི་གེ་ནས་དཔེ་བལྟས་འདུག དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་དུས་རབས་བརྒྱད་པའི་སྐབས་ནང་ཆོས་ཤུགས་ཆེན་པོ་དར་ཁྱབ་གཏོང་རྒྱུའི་དགོངས་པ་བཞེས་པའི་སྐབས་སུ་རྒྱ་ནག་བརྒྱུད་ནང་ཆོས་བཞེས་ནའང་ལས་སླ་པོ་ཡོད་ཀྱང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་བོད་ཡིག་རྒྱ་གར་གྱི་ཡི་གེར་དཔེ་བལྟས་ནས་བཟོས་་གནང་བ་རེད། དེར་བརྟེན་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་རྣམ་གཉིས་རྒྱ་གར་ནས་གདན་ཞུ་གནང་། འདིར་མཁན་སློབ་ཆོས་གསུམ་གྱི་སྐུ་ཐང་ཡོད་པ་འདི་ང་རང་ཚོ་ཚང་མའི་ཁ་ལ་མཁན་སློབ་ཆོས་གསུམ་ཞེས་བཤད་ཀྱི་ཡོད། དེའི་ནང་ནས་མཁན་སློབ་ཆོས་གསུམ་ཟེར་རྒྱུ་འདི། མཁན་པོ་ཟེར་རྒྱུ་ནི་མཁན་ཆེན་འདུལ་བ་འཛིན་པ་ཞི་བ་འཚོ་ཆགས་ཡོད། མཁན་ཆེན་ཞི་བ་འཚོ་དུས་རབས་བརྒྱད་པའི་ནང་དཔལ་ནཱ་ལེནྡྲའི་མཁས་པ་མང་པོའི་ནང་ནས་མཁས་པའི་གཙུག་རྒྱན་ལྟ་བུ་ཆགས་འདུག དེ་ལྟར་ཡིན་པའི་རྟགས་ནི་ཚད་མའི་གཞུང་ཚད་ཆེན་མཛད་ཡོད། 

སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་སྐབས་སུ་ཚད་མའི་གཞུང་མཛད་པ་དེ་དུས་མུ་སྟེགས་པའི་གྲུབ་མཐའ་དང་ཚད་མའི་སྐོར་དེ་འདྲ་བགྲོ་གླེང་གནང་བ་དེ་ཚོའི་གྲས་དཔལ་ལྡན་ཆོས་གྲགས་དགོངས་པ་རྫོགས་ཆར་བའི་རྗེས་མུ་སྟེགས་པའི་མཁས་དབང་དེ་འདྲ་ཡར་བྱུང་བ་དེ་ཚོ་དང་མཉམ་རྩོད་པའི་མཐའ་བསྐྱལ་རྒྱུ་དེ་མཁན་ཆེན་ཞི་བ་འཚོའི་ཚད་ཆེན་ནང་མཛད་འདུག ལྟ་བའི་སྐོར་ཆ་བཞག་ན་ཁོ་རང་དབུ་མ་པའི་ལྟ་བ་འཛིན་པ་གནང་མཁན་དང་། ནང་གསེས་རྣལ་འབྱོར་སྤྱོད་པའི་དབུ་མ་བ་ཟེར་རྒྱུ་ཞིག་རང་སྣང་གི་གྲུབ་མཐའ་ཞིག་སྲོལ་གཏོད་འདུག

སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ། དཔལ་ས་སྐྱ་པའི་མཁས་དབང་ཚོས་རང་རྒྱུད་ནང་རང་རྒྱུད་གོང་མ་དང་འོག་མ། རྣམ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ། སྤྱིར་སེམས་ཙམ་པ་གྲུབ་མཐའ་གོང་མ་ཡིན་སྟབས། རང་རྒྱུད་གོང་མ། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་མདོ་སྡེ་པ་གྲུབ་མཐའ་འོག་མ་ཡིན་སྟབས། རང་རྒྱུད་འོག་མ། ཞེས་དེ་ལྟར་གསུང་གི་འདུག གང་ལྟར་མཁན་ཆེན་ཞི་བ་འཚོ་དངོས་འབྲེལ་སྙན་གྲགས་ཡོད་པའི་མཁས་དབང་ཆེན་པོ་ཞིག་རེད་འདུག མཁས་དབང་འདི་བོད་ལ་ཡར་གདན་ཞུ་གནང་ནས་ཁོང་གིས་བོད་ལ་སངས་རྒྱས་ཀྱི་བསྟན་པ་དཔལ་ནཱལེནྡྲའི་མཁས་པའི་བཞེད་གཞུང་དྲི་མ་མེད་པ་དེ་ཁོང་གིས་བཙུགས་པ་རེད། 

དེར་བརྟེན་དེང་སྐབས་བོད་ཀྱི་ནང་པ་སངས་རྒྱས་པའི་ལྟ་གྲུབ་སློབ་སྦྱོང་བྱས་པ་དེ་ཚོའི་གྲས་འཛམ་གླིང་འདིའི་སྟེང་ནང་པ་ཧ་ལམ་དུང་ཕྱུར་ཁ་ཤས་ཡོད་པའི་ནང་ཕལ་ཆེར་བོད་པ་གཅིག་པུ་རེད་འདུག གཞུང་དེ་དག་ལོ་ཉི་ཤུ་སུམ་ཅུ་སློབ་གཉེར་བྱས་ནས་པའི་གྲུབ་དོན་སོ་སོས་ཉམས་ལེན་བྱས་ནས་མཐོས་བསམ་སྒོམ་པ་འགྲོ་རྒྱུ་དེ་ཕལ་ཆེར་བོད་པ་གཅིག་པོ་རེད་འདུག 

རྩ་བའི་ནང་པའི་ལུང་པ་མང་པོ་ཡོད་རེད། ཉམས་ལེན་རིགས་གནང་གི་ཡོད་ཀྱང་ལོ་ཉི་ཤུ་སུམ་ཅུའི་རིང་སློབ་གཉེར་ཤུགས་རྒྱག་མཁན་ཕལ་ཆེར་དཀོན་པོ་རེད་འདུག དེར་བརྟེན་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་འདི་དཔལ་ནཱལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་འཛིན་མཁན་ཆགས་འདུག དེང་སྐབས་འཛམ་གླིང་འདིའི་སྟེང་བོད་གངས་ཅན་གྱི་ལྗོངས་སུ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོའི་བཞེད་གཞུང་ང་ཚོས་སློབ་གཉེར་བྱས་ནས་མཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ཐོག་ནས་བདག་པོ་བརྒྱབ་པ་འདི་འཛམ་གླིང་སྤྱི་ལ་གང་ཙམ་ཕན་ཐོགས་ཞབས་འདེགས་བསྒྲུབ་ཐུབ་རྒྱུ་ཞིག་ངོས་ཀྱིས་མཐོང་གི་འདུག 

སྔ་མོ་ང་ཚོ་ཐོག་མར་བཙན་བྱོལ་དུ་འབྱོར་བའི་སྐབས་སུ་ང་རང་ཚོའི་ཆོས་དང་རིག་གཞུང་ཡོད་པ་དེ་དག་མི་ཉམས་པ་བདག་པོ་བརྒྱག་རྒྱུའི་བསམ་བློ་དེ་ཙམ་མ་གཏོགས་མེད། ང་ཚོའི་སློབ་གྲྭ་འཛུགས་རྒྱུ་དང་བདག་པོ་བརྒྱག་རྒྱུ་དེང་དུས་ཀྱི་ཤེས་ཡོན་ཡོད་པའི་ཐོག་ནས་ང་རང་ཚོའི་ཆོས་དང་རིག་གཞུང་བདག་པོ་བརྒྱག་རྒྱུའི་བསམ་བློ་དེ་ལྟར་བཏང་ནས་ཐོག་མར་ང་ཚོའི་སློབ་གྲྭ་དེ་དག་འཛུགས་རྒྱུ་གལ་ཆེན་པོ་བརྩིས་པ་རེད། དེ་བཞིན་སྦག་ས་ཆོས་སྒར་འཛུགས་རྒྱུ་གལ་ཆེན་པོ་བརྩིས་པ་རེད། དེ་ནས་རིམ་པས་གཞིས་ཆགས་ཁག་དེ་དག་སྤུས་དག་པོ་དང་བརྟན་པོ་ཆགས་ཡོང་དུས་ཆོས་སྒར་གཙོ་ཆེ་བ་དེ་དག་གཞིས་ཆགས་ཁག་གི་ནང་ཚུགས་ཏེ་གང་ལྟར་ང་རང་ཚོས་བདག་པོ་ཡག་པོ་ཞིག་བརྒྱག་ཐུབ་ན་བསམ་པའི་བསམ་ཚུལ་འདི་རེད། དེ་ནས་ཕྱི་ལོ་ ༡༩༧༠ །༡༩༨༠ སྐབས་ཀྱི་དུས་ཚོད་སླེབ་ཡོང་དུས་ང་ཚོས་བདག་པོ་བརྒྱབ་པ་འདི་བོད་པ་རང་གི་གཅེས་ནོར་བྱས་ནས་བདག་པོ་བརྒྱབ་པ་གཅིག་པུ་མིན་པར་འཛམ་གླིང་གི་ཁྲོམ་རའི་སྟེང་གདོན་ཆོག་པ་ཞིག་མཐོང་གི་འདུག  ཅེས་སོགས་ཀྱི་བཀའ་སློབ་སྩལ།།