ཨོ་སི་ཁྲི་ལི་ཡའི་གཟའ་འཁོར་ཕྱི་མའི་མཛད་འཕྲིན་སྙིང་བསྡུས།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༠ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མི་གཙོས་དད་ལྡན་མང་ཚོགས་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་དང་བཅས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནིའི་ Sydney ནང་གི་ལུ་ན་ཕར་ཁུ་Luna Park ཞེས་པའི་སྐྱེད་མོས་ཚལ་དུ་ཆིབས་སྒྱུར་བསྐྱངས་པ་ཏེ་མི་གྲངས་ ༡༧༠༠ བརྒལ་བར་བདེ་སྐྱིད་དང་དེའི་རྒྱུ་ Happiness & Its Causes ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་བ་དང་། ལྷན་ཚོགས་ནང་ཆིབས་སྒྱུར་མ་བསྐྱངས་གོང་ཁུལ་དེར་ཡོད་པའི་རྒྱ་གར་གཞུང་ཚབ་པ་སྐུ་ཞབས་སན་ཇེ་སུ་དིར་ Sunjay Sudhir ལགས་ཀྱི་ནང་མི་རྣམས་ལ་མཇལ་ཁ་གནང་།

ཚེས་ ༡༡ ཉིན་ཨོ་སི་ཁྲི་ལི་ཡའི་བྷི་རི་སི་བྷན་གྲོང་ཁྱེར་གྱི་སི་ཊི་ཕན་ཡི་ཤུའི་མཆོད་ཁང་ St Stephen’s Cathedral དུ་དད་མོས་སྣ་ཚོགས་ཀྱི་ལས་འགུལ་multi-faith event ཞེས་པར་ཆིབས་བསྒྱུར་བསྐྱངས་པ་དང་། ཡི་ཤུའི་མཆོད་ཁང་དུ་༧ཞབས་སོར་འཁོད་སྐབས་ཡི་ཤུའི་མཆོད་དཔོན་སྐུ་ཞབས་མར་ཁུ་ཀོ་ལི་རི་ཇི་ Reverend Mark Coleridge ལགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས། ཆིབས་བསྒྱུར་འདི་དང་བསྟུན་ནས་ས་གནས་སུ་གནས་སྡོད་བོད་རིགས་དང་སོག་རིགས། འབྲུག་པ་བཅས་ཁྱོན་མི་གྲངས་ ༣༠༠ ཙམ་ལ་བཀའ་སློབ་སྩལ། དེ་རྗེས་གྲོང་ཁྱེར་བྷི་རི་སི་བྷན་གྱི་འགྲེམས་སྟོན་བསྟི་གནས་ཁང་ (Brisbane Convention and Exhibition Centre ) ཞེས་པའི་ཚོགས་ཁང་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་དབུ་འཛུགས་མཛད།

ཚེས་ ༡༢ ཉིན་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་མཇུག་སྒྲིལ་མཛད་རྗེས་ཀྱི་ཕྱི་དྲོ་ཚོགས་ཁང་དེ་གའི་ནང་ཆིབས་སྒྱུར་བསྐྱངས་ཏེ་ཁྱོན་མི་གྲངས་ ༤༠༠༠ བརྒལ་བར་བཀའ་སློབ་སྩལ་བ་དང་། བཞད་གད་སྒྱུ་རྩལ་བ་མེ་ཤེལ་ལོ་རི་ Meshel Laurie ལགས་དང་། རྐྱལ་རྩེད་པ་ཨེ་ཡན་ཐོར་པི་ Ian Thorpe ལགས་གཉིས་ཀྱིས་༧གོང་ས་མཆོག་མི་མང་ལ་ངོ་སྤྲོད་ཞུས་རྗེས་༸གོང་ས་མཆོག་གིས་བཀའ་སློབ་གསུང་བཤད་དང་མི་མང་གི་དྲི་བར་བཀའ་ལན་སྩལ་རྗེས་བྷི་རི་སི་བྷན་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཀྱི་ས་གནས་ཨུ་ལུ་རུར་(Uluru) ཆིབས་ཞལ་སྒྱུར།

ཚེས་ ༡༣ ཉིན་ཨོ་སི་ཁྲི་ལི་ཡའི་བྱང་ཕྱོགས་ས་ཁུལ་གྱི་གདོད་མའི་མི་རིགས་ས་ཁུལ་ཨུ་ལུ་རུ་ཞེས་པར་ཆིབས་སྒྱུར་བསྐྱངས་པར་སི་ཌི་ནིར་གྲོང་ཁྱེར་ནས་བཅར་བའི་བོད་མི་ཁག་གཅིག་དང་། ས་གནས་མི་མང་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་། བོད་རིགས་ཁག་གཅིག་དང་ལྷན་སྐུ་པར་སྒྲོན་གནང་རྗེས། ཨུ་ལུ་རུར་གནས་གཟིགས་སུ་ཕེབས། སྐབས་དེར་གསར་འགོད་པས་༧གོང་ས་མཆོག་ཨུ་ལུ་རུར་ཕེབས་དོན་གང་ཡིན་སྐོར་བཀའ་འདྲི་ཞུས་པར་བཀའ་ལན་སྩལ།

དེ་ནས་ཕེབས་བསུར་བཅར་བའི་བོད་པ་བགྲེས་སོང་ཞིག་ལ་ཐུགས་སྤོབས་ཆེན་པོས་ང་ཚོ་བོད་ལ་རང་གི་མེས་པོ་ཚོས་མཛད་པའི་ཁེ་གཙང་གི་སྐད་ཡིག་ཅིག་ཡོད་པ་དེས་གཞན་ལ་བསྟུན་མ་དགོས་པར་རང་མགོ་ཐོན་པ་ཆགས་ཡོད་པས་རླབས་ཆེན་རེད་ཅེས་སོགས་བཀའ་སློབ་སྩལ། ཨུ་ལུ་རུར་གནས་གཟིགས་ལེགས་པར་གྲུབ་མཚམས་ཁུལ་དེའི་མུ་ཊི་ཇུ་ལུ་ལྷན་ཚོགས་ (Mutitjulu community) ཞེས་པས་གོ་སྒྲིག་དང་སྣེ་ལེན་ཞུས་པ་དང་སྦྲགས་ཁུལ་དེའི་མི་གྲངས་ ༣༠༠ ཙམ་ལ་བཀའ་སློབ་གསུང་བཤད་གནང་བ་དང་། དེ་ནས་བརྙན་འཕྲིན་པར་ལེན་པ་ཀར་ལ་གེ་རན་ཊི་ (Karla Grant) ལགས་ཀྱི་དྲི་བར་བཀའ་ལན་གནང་།

ཚེས་ ༡༤ ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་པཱར་ཐ་(Perth) ནང་༸ཞབས་སོར་བདེ་བར་འཁོད་པ་དང་། ཕྱི་དྲོ་ཕར་ཐཱི་རུ་ཨ་རུས་ན་ (Perth Arena) ཞེས་པའི་ཚོགས་ཁང་ནང་ཆིབས་སྒྱུར་བསྐྱངས་ཏེ་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཀྱི་གཞས་སྣ་འཁྲབ་སྟོན་པ་ཁག་གཅིག་གིས་གཞས་སྣ་འཁྲབ་སྟོན་གྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་བཅས་མི་གྲངས་ཁྱོན་ ༤༠༠༠ ལ་གཏོང་ལེན་ཉམས་ལེན་གྱི་རྣམ་དཔྱོད་ཅེས་པའི་བརྗོད་གཞིའི་ཐོག་མི་མང་གསུང་བཤད་དང་མང་ཚོགས་ཀྱི་དྲི་བར་བཀའ་ལན་སྩལ། གསུང་བཤད་གྲུབ་མཚམས་༸གོང་ས་མཆོག་ཨོ་སི་ཊོ་ལི་ཡར་གདན་ཞུ་ཚོགས་ཆུང་ (Dalai Lama in Australia Ltd,) གི་ཚོགས་གཙོ་སྐུ་ཞབས་རོབ་ཀེལ་ཌོ་ལིས་ (Rob Keldoulis) ལགས་ཀྱིས་ཆིབས་སྒྱུར་དང་འབྲེལ་བའི་ལས་བསྡོམས་སྙན་སྒྲོན་དང་། གདན་ཞུ་ཚོགས་ཆུང་གི་འགན་འཛིན་ལྕམ་སྐུ་ལིན་བྷ་ཡེན་ (Lynn Bain) ལགས་ཀྱིས་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག ཨོ་སི་ཊོ་ལི་ཡའི་མང་ཚོགས་ ༢༠༠༠ གིས་འཚམས་འཕྲིན་འཁོད་པའི་དཔེ་དེབ་ཅིག་ཕྱག་རྟགས་སུ་འབུལ་ལམ་ཞུས། དེ་ཉིན་གྱི་མཛད་སྒོའི་མཐའ་མར་ཨོ་སི་ཊོ་ལི་ཡའི་འཁྲབ་སྟོན་པ་སུ་ཛི་མེ་ཐར་ (Suzie Mather) ལགས་དང་། ཇེ་མ་རིཀ་སི་ (Jemma Rix) ལགས་རྣམ་གཉིས་ཀྱིས་སྣེ་ཁྲིད་དེ་དེར་འདུས་མང་ཚོགས་རྣམས་ཀྱིས་༸གོང་ས་མཆོག་ལ་འཁྲུངས་སྐར་གྱི་འཚམས་འདྲིའི་གླུ་དབྱངས་ཕུལ།

ཚེས་ ༡༥ ཉིན་ཨོ་སི་ཊོ་ལི་ཡའི་ Seven West Media ཞེས་པའི་བརྙན་འཕྲིན་ལས་ཁང་གི་གསར་འགོད་པ་མོ་ནི་ཀ་ཀོ་སི་ (Monika Kos) ལགས་ཀྱི་བཅར་འདྲིར་བཀའ་ལན་སྩལ་བ་དང་། བོད་མི་ཁྱོན་མི་གྲངས་ ༥༠ ཙམ་ལ་མཇལ་ཁ་གནང་། དེ་རྗེས་༸གོང་ས་མཆོག་གིས་ University of Western Australia ཞེས་པའི་གཙུག་ལག་སློབ་གཉེར་ཁང་དུ་གཙུག་ལག་སློབ་ལག་ཁང་དང་ས་གནས་སློབ་གྲྭ་ཁག་འདྲ་མིན་ནས་ཁྱོན་སློབ་མ་གྲངས་ ༧༠༠ བརྒལ་བར་ཤེས་ཡོན་དང་སྤྱི་ཚོགས་ཞབས་ཞུ་སྒྲུབ་ཕྱོགས་སྐོར་བཀའ་སློབ་གསུང་བཤད་གནང་། དེ་ནས་ཨོ་སི་ཊོ་ལི་ཡ་དང་ཨི་སི་རེལ་ཚོང་ལས་མཐུན་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཉིན་གུང་ལྗགས་སྨིན་ལྷན་བཞེས་དང་སྦྲགས་མི་གྲངས་ ༦༥༠ ཙམ་ལ་བཀའ་སློབ་གསུང་བཤད་དང་། དེ་ཉིན་གྱི་མཛད་འཕྲིན་མཐའ་མར་ཁུལ་དེར་གནས་སྡོད་འབྲུག་པ་དང་སོག་པོའི་མི་རིགས་ཁྱོན་མི་གྲངས་ ༧༠༠ ཙམ་ལ་བཀའ་སློབ་སྩལ་གྲུབ་རྗེས། ཨོ་སི་ཊོ་ལི་ཡ་ཁུལ་གྱི་མཛད་འཕྲིན་ཁག་རེ་ཞིག་ཡོངས་སུ་ལེགས་པར་གྲུབ་སྟེ་སངྒ་པུར་དུ་མཚན་གཅིག་བཞུགས་བཞག་མཛད་རྗེས་ཕྱི་ཉིན་སྔ་དྲོ་རྒྱ་གར་ཕྱོགས་སུ་ཆིབས་ཞལ་སྒྱུར།

ཚེས་ ༡༦ ཉིན་གྱི་ཕྱེད་ཡོལ་གྷ་གྷལ་གནམ་ཐང་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་བཅས་ཀྱིས་ཕེབས་བསུ་དང་། གྷ་གྷལ་གནམ་ཐང་ནས་བཞུགས་སྒར་ཕོ་བྲང་དུ་ཆིབས་སྒྱུར་བསྐྱངས་སྐབས་རྡ་སར་གནས་སྡོད་མི་མང་སོགས་ཀྱིས་ལག་ཏུ་མཇལ་དར་དཀར་གཙང་དང་བདུག་སྤོས་སོགས་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་། ཕོ་བྲང་གི་རྒྱལ་སྒོའི་ནང་བརྟན་བཞུགས་ཆེད་ཕེབས་པའི་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་གཙོས་རི་བོ་དགེ་ལུགས་པའི་མཁན་བླ་སྤྲུལ་རྣམས་དང་། ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་གཙོས་ཁྲིམས་ཞིབ་པ་གཞན་གཉིས་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་བཀའ་བློན་རྣམ་པ་བཅས་ཀྱིསཕེབས་བསུ་དང་བཅས་༧ཞབས་སོར་བདེ་བར་འཁོད།