༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཡུ་རོབ་ཏུ་ཚན་རིག་པ་དང་བགྲོ་གླེང་གནང་བ། ༢

མདུན་ངོས། / ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཡུ་རོབ་ཏུ་ཚན་རིག་པ་དང་བགྲོ་གླེང་གནང་བ། ༢

——དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྟ་བ་གསར་བའི་སྐོར་གླེང་བ།

 

ཏེང་དབྱི་ཧྥུས་བརྩམས། རྔ་བ་ཚེ་རྒྱམ་གྱིས་བསྒྱུར།

 

དེ་ཨ་མ་ལགས་ཡིན་ལ། མ་ཡུམ་ཆེན་མོའི་བྱམས་བརྩེའི་ཞལ་རས་ཀྱིས་དུས་རྟག་ཏུ་ཁོང་གི་སེམས་ལ་དྲོ་སྐྱིད་དང་བྱམས་བརྩེ་སྟེར་ཞེས་དང་། སྤྱི་ཚོགས་ཇི་འདྲ་ཞིག་ཡིན་ན་ཡང་། བུད་མེད་རྣམས་ཀྱིས་གཞན་ལ་སེམས་ཁུར་དང་གཟིགས་སྐྱོང་མང་བ་བྱེད། བུད་མེད་ཀྱི་སེམས་ཁོངས་སུ་བྱམས་བརྩེ་མང་བ་དང་། བུད་མེད་རྣམས་ཞི་བདེ་ལ་བློ་ཁ་མང་དུ་ཕྱོགས། གལ་སྲིད་བུད་མེད་གང་མང་སྲིད་དོན་གྱི་འགན་དབང་ལེན་པའི་སྤྱི་ཚོགས་སུ་ཞུགས་ན། སྤྱི་ཚོགས་སྔར་ལྷག་ཞི་འཇགས་ཡོང་བར་ཡིད་ཆེས་ཡོད་ཅེས་གསུངས། ཡང་ཁོང་གིས་རྩེད་མོ་དང་སྦྲགས་ཏེ་ཉན་མཁན་རྣམས་ལ་གསུངས་དོན། མི་རེ་འགས་ཏཱ་ལའི་བླ་མ་ནི་བུད་མེད་རིང་ལུགས་པ་ཞིག་རེད་ཅེས་བརྗོད་ཅིང་། ཁོང་གིས་དགའ་སྤྲོའི་ངང་མཚན་གནས་དེ་བཞེས་རྒྱུ་ཡིན་ཞེས་གསུངས། ༧གོང་ས་མཆོག་གི་གསུངས་བཤད་གནང་བའི་བར་མཚམས་སུ། མི་མང་གིས་དགའ་བསུའི་ཐལ་མོ་བརྡབས་པའི་ཐལ་སྒྲ་ཡང་ཡང་གྲགས་ཤིང་། ཚོགས་ཁང་ནང་དགའ་སྤྲོའི་རྣམ་པས་ཁེངས།

དེ་རིང་གི་བགྲོ་གླེང་གནང་མཁན་མཐའ་མ་དེ་༧གོང་ས་མཆོག་གི་ཉེ་འགྲམ་དུ་བཞུགས་རྗེས། ཚོགས་ཁང་དུ་སླར་ཡང་ཐལ་སྒྲ་གྲགས་ཏེ་དགའ་བསུ་ཆེན་པོ་བྱས། ཁོང་ནི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་ཝི་ལིམ་སི་( Jody Williams) རེད། ལྕམ་ཝི་ལིམ་སི་ནི་འཛམ་གླིང་དུ་སྐད་གྲགས་ཡོད་པའི་སྤྱི་ཚོགས་ལས་འགུལ་བ་ཞིག་ཡིན་ལ། ཁོང་གིས་ས་འོག་འབར་མདེལ་བཀག་སྡོམ་བྱེད་པའི་གཞུང་འབྲེལ་མིན་པའི་མང་ཚོགས་ཀྱི་ལས་འགུལ་སྤེལ་བ་དང་རྩ་འཛུགས་བྱས་རྐྱེན། ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་རེད། ༧གོང་ས་མཆོག་དང་ཁོང་གཉིས་སྔར་ནས་ངོ་ཤེས་ཤིང་། འཛམ་གླིང་ཞི་བདེ་དོན་དུ་གཉེར་བའི་བྱེད་སྒོ་མང་པོར་མཉམ་ཞུགས་བྱས་མྱོང་བ་མ་ཟད། ཕན་ཚུན་བརྩི་མཐོང་ཆེན་པོ་ཡོད། གྲོགས་པོ་རྙིང་པ་བསྐྱར་དུ་ཐུག་པས་ཧ་ཅང་སྤྲོ་སྣང་ལྡན་ཞིང་། ཁོང་གཉིས་ལ་བསྟན་བཤིག་ཚ་པོའི་ཐུན་མོང་གི་གཤིས་ཀ་ལྡན་པས། ངོ་ཐུག་མ་ཐག་རྩེད་མོ་རྒྱུན་མ་ཆད་པ་དང་བཞད་མོ་ཆེས་ཆེར་བཞད་ཅིང་། ཚོགས་ཁང་ཡང་དགོད་སྒྲས་ཁེངས།

ལྕམ་ཝི་ལིམ་སིས་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཀྱི་སྲིད་གཞུང་ལ་སྐྱོན་བརྗོད་དྲག་པོའི་རྣམ་འགྱུར་བསྟན་པ་དང་། ཆབས་གཅིག་ཁོང་གིས་སྲིད་གཞུང་གི་འགན་འཁྲིའི་སྐོར་ཡང་གསལ་སྟོན་བྱས། ཁོང་གིས་རང་ཉིད་མཉམ་ཞུགས་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ “PeaceJam”ཞེས་པ་དཔེར་དྲངས་ཏེ། དམངས་ཁྲོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པས། དབང་ཆ་འདྲ་མཉམ་དང་། ནད་ཡམས་སྔོན་འགོག དབུལ་ཕོངས་གཙང་སེལ། འགྲོ་བ་མིའི་ཐོབ་ཐང་འགན་སྲུང་། ཁོར་ཡུག་སྲུང་སྐྱོབ། གོ་མཚོན་ཚོད་འཛིན། དྲག་སྤྱོད་ལ་བག་ཟོན། འཐུང་ཆུ་གཙང་མ་འགན་ལེན་སོགས་ཀྱི་ཕྱོགས་སུ་ནུས་པ་ཐོན་པའི་སྐོར་གསལ་བཤད་གནང་།

ཏཱ་ལའི་བླ་མའི་གསུངས་དོན་ལ། དེང་དུས་འགྲོ་བ་མིའི་སྤྱི་ཚོགས་ལ་འཕྲད་པའི་དཀའ་རྙོག་ནི། མི་དུང་ཕྱུར་བདུན་ཅུ་ཐུན་མོང་གི་དཀའ་རྙོག་ཅིག་ཡིན་ལ། དཀའ་རྙོག་འདི་དག་ནི་མིས་བཟོས་པ་ལས། དཀོན་མཆོག་དང་། སངས་རྒྱས། ཨ་ལཱ་སོགས་ཀྱིས་བཟོས་པ་མིན། དེའི་ཕྱིར་གསོལ་འདེབས་སམ་སྨོན་ལམ་ཁོ་ན་ལ་བརྟེན་ནས་དཀའ་རྙོག་འདི་དག་སེལ་མི་ཐུབ་ལ། མིས་བཟོས་པའི་དཀའ་རྙོག་དེ་མི་རང་ཉིད་ཀྱིས་སེལ་དགོས། ད་ལྟ་འདིར་འཛོམས་པའི་ང་ཚོ་ཚང་མ་དུང་ཕྱུར་བདུན་ཅུའི་ནང་གི་ཆ་ཤས་ཡིན་པས། ང་ཚོ་ཡང་དཀའ་རྙོག་འདི་དག་བཟོ་མཁན་གྱི་གྲས་སུ་ཡོད་ལ། ང་ཚོ་ལའང་གནད་དོན་དེ་དག་ཐག་གཅོད་བྱེད་པར་མཉམ་ཞུགས་དགོས་པའི་འགན་ཁྲི་ཡོད།

དེར་བརྟེན། ང་ཚོ་མི་རེ་ངོ་རེས་བསམ་བློ་གཏོང་དགོས་པ་ཞིག་ནི། འགྲོ་བ་མིའི་རིགས་ཐུན་མོང་གི་དཀའ་རྙོག་ཐག་གཅོད་བྱེད་པའི་ཕྱོགས་སུ། རང་ཉིད་ཀྱིས་ཅི་ཞིག་བསྒྲུབ་ཐུབ་བམ། ཅི་ཞིག་བསྒྲུབ་དགོས་སམ། རང་ཉིད་མི་གཅིག་གི་ནུས་པ་ཧ་ཅང་ཆུང་ཆུང་ཡིན་པར་སྙམ་སྟེ་འབད་བརྩོན་བྱེད་རྒྱུ་བློས་མི་གཏོང་བར། ནུས་པ་ཆུང་ཆུང་ཡིན་པའི་མི་རེ་རེ་མཉམ་འདུས་བྱས་ན། འཛམ་གླིང་འགྱུར་བ་གཏོང་ཐུབ་པ་དང་། འཛམ་གླིང་སྔར་ལས་མཛེས་སྡུག་ལྡན་པར་བསྐྲུན་ཐུབ་བོ།།

མ་རྩོམ་འབྲེལ་ཐག http://www.dalailamaworld.com/topic.php?t=929