༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཡུ་རོབ་ཏུ་ཚན་རིག་པ་དང་བགྲོ་གླེང་གནང་བ། ༡

མདུན་ངོས། / ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཡུ་རོབ་ཏུ་ཚན་རིག་པ་དང་བགྲོ་གླེང་གནང་བ། ༡

——སྲོག་ཆགས་ཀྱི་བྱ་སྤྱོད་རིག་པ་དང་། མིའི་རིགས་རིག་པ། སྐྱེས་ཁམས་རིག་པ་བཅས་ཀྱི་ཐོག་ནས་འགྲོ་བ་མིའི་རྒྱུད་ཀྱི་བྱམས་བརྩེའི་སྐོར་གླེང་བ།

 

ཏེང་དབྱི་ཧྥུས་བརྩམས། རྔ་བ་ཚེ་རྒྱམ་གྱིས་བསྒྱུར།

 

ཕྱི་ཟླ་ ༩ ཚེས་ ༩ ནས་ ༡༡ བར། ༧གོང་ས་ཏཱ་ལའི་བླ་མས་བྷེལ་ཇམ་ཀྱི་རྒྱལ་ས་སྦར་སེལ་དུ་ཉིན་གསུམ་རིང་ཚན་རིག་པ་དང་མཉམ་དུ་བགྲོ་གླེང་བྱེད་རྒྱུ་ཡིན་པ་དང་། དེ་རིང་ནི་བགྲོ་གླེང་གི་ཉིན་དང་པོ་རེད། ཐེངས་འདིའི་བགྲོ་གླེང་ནི་༼སེམས་དང་སྲོག་གི་ཞིབ་འཇུག་ཁང་༽གི་ཡུ་རོབ་ཡན་ལག་ཁང་གིས་གོ་སྒྲིག་བྱས་ཤིང་། སྤྱིའི་བརྗོད་གཞི་ནི་༼དབང་ཆ་དང་སེམས་ཁུར།༽ཞེས། མི་དང་མིའི་བར་གྱི་དབང་ཆ་བེད་སྤྱོད་དང་གཞན་ལ་སེམས་ཁུར་རམ་ཕན་སེམས་སྐོར་འཚོལ་ཞིབ་བྱེད་རྒྱུ་རེད། རྒྱ་ཡིག་ནང་ Power ལ་དབང་ཆ་ཞེས་པ་ལས་ཚིག་ཆ་མཚུངས་པ་ཏག་ཏག་ཅིག་མེད་ལ། ཚིག་དེ་ད་དུང་ཆབ་སྲིད་ཀྱི་དབང་ཆ་ལས་གཞན་པའི་ནུས་ཤུགས་ལ་ཡང་གོ་ཆོག དཔེར་ན། ཤེས་ཡོན་ནི་ནུས་ཤུགས་རེད་ཅེས་པའི་ནུས་ཤུགས་ནི་“Power”ཞེས་པའི་ཚིག་དེ་ཡིན། ཐེངས་འདིའི་བགྲོ་གླེང་ཐོག་གི་“སེམས་ཁུར་”ཞེས་པའི་བསྟན་དོན་ནི་གཞན་ལ་བརྩེ་སེམས་དང་རོགས་རམ་ལ་གོ།

ད་ཐེངས་ཀྱི་བགྲོ་གླེང་ནི་ཡོངས་བསྒྲགས་ཀྱི་གླེང་སྟེགས་ཤིག་ཡིན་ཏེ། གྲོང་ཁྱེར་སྦར་སིལ་གྱི་པོ་རྫར་(Bozar) ཞེས་པའི་སྐད་གྲགས་ཅན་གྱི་འཁྲབ་སྟོན་ཁང་ཆེན་པོ་དེའི་ནང་དུ་ཚོགས་ཤིང་། མི་མང་ལ་སྒོ་འཛིན་བཙོང་སྟེ། མི་མང་པོས་དྲ་ལམ་ནས་སྒོ་འཛིན་མངགས་ཉོ་བྱས་འདུག ཞོགས་པ་ཚོགས་ཁང་ཀྱི་སྒོ་ཕྱེ་རྒྱུར་ད་དུང་ཆུ་ཚོད་གཅིག་ལྷག་ཡོད་པའི་གོང་ནས་སྒོ་འཛིན་ལེན་སར་མི་ཚོགས་ཀྱི་ཕྲེང་རིང་པོ་བསྒྲིགས་འདུག ངས་ལོ་ཤས་སྔོན་དུ་རྒྱ་གར་གྱི་ཚན་རིག་ཚོགས་འདུའི་སྐབས་མཇལ་མྱོང་བའི་ཚན་རིག་པ་ཁ་ཤས་ཕེབས་འདུག་པ་མཐོང་ཞིང་། ཁོང་ཚོས་ཀྱང་ལག་ཏུ་སོ་སོའི་འཛིན་བྱང་འཁྱེར་ནས་ནང་དུ་འཛུལ། ༧གོང་ས་མཆོག་གི་སློབ་མ་གློག་བརྙན་འཁྲབ་མཁན་གྲགས་ཅན་རེ་ཆཱར་གྷར་ཡང་འཛིན་བྱང་བསྣམས་ཏེ་ཁུ་སིམ་སིམ་ངང་ཚོགས་ཁང་དུ་འཛུལ་བ་མཐོང་སོང་།

ཏཱ་ལའི་བླ་མའི་ཕེབས་འཁོར་ཚོགས་ཁང་གི་སྒོ་འགྲམ་དུ་འབྱོར་ཞིང་། ༧གོང་ས་མཆོག་རླངས་འཁོར་ལས་བབས་ཏེ་སྒོ་འགྲམ་དུ་སྒུག་བཞིན་པའི་མི་རྣམས་ལ་ཞལ་འཛུམ་ཞིང་། ཁ་ཤས་ལ་ཕྱག་གིས་འཇུས་ཏེ་ཐུགས་བརྩེ་བ་ཆེན་པོས་བྱམས་པོ་གནང་། མི་རྣམས་ཚོགས་ཁང་དུ་འཛུལ་བར་ལུས་བཤེར་ཞིབ་ཚགས་བྱེད་དགོས་མོད། སྒྲིག་ལམ་ལྡན་པ་དང་ཧ་ཅང་ལྷིང་འཇགས་ལྡན་པའི་ངང་ཚོགས་ཁང་མིས་ཁེངས་སོང་།

དེ་རིང་གི་བགྲོ་གླེང་ལ་སྔ་དྲོ་དང་ཕྱི་དྲོ་བྱས་ཏེ་ཚོགས་ཐུན་གཉིས་སུ་དབྱེ་ཞིང་། ༧གོང་ས་མཆོག་གི་གསུང་བསྒྱུར་ནི་ཐུབ་བསྟན་སྦྱིན་པ་རང་འཇགས་རེད། སྔ་དྲོའི་བགྲོ་གླེང་གཙོ་སྐྱོང་བ་ནི་གཟན་ཤམ་དམར་སྨུག་གྱོན་པའི་ཧྥ་རན་སིའི་དགེ་སློང་མཱ་ཐུའུ་རེད་ལ། ཁོང་ཚན་རིག་པ་ཞིག་ཡིན་པ་མ་ཟད། ཉམས་ལེན་གཏིང་ཟབ་ཡོད་པའི་ནང་པའི་དགེ་སློང་ཞིག་ཀྱང་ཡིན། ཁོང་གིས་བརྩམས་པའི་༼དགེ་འདུན་པ་དང་ལྟ་གྲུབ་སྨྲ་བ།༽ཞེས་པའི་དེབ་དེ་ནུབ་ཕྱོགས་སུ་སྐད་གྲགས་གང་འཚམ་ཡོད། ཕྱི་དྲོའི་གཙོ་སྐྱོང་བ་དེ་ཡང་གྲྭ་ཆས་སྨུག་པོ་གྱོན་པའི་བཙུན་མ་ཇོན་ཧེ་རིས་ཡིན་ལ། ཁོ་མོ་ནི་འགྲོ་བ་མིའི་རིགས་རིག་པའི་མཁས་པ་དང་། དེ་བཞིན་ནང་པའི་བཙུན་མ་རྒན་གྲས་ཤིག་ཡིན་ལ། བརྩམས་ཆོས་ཀྱང་མང་པོ་ཡོད།

སྔ་དྲོའི་བགྲོ་གླེང་ནི། སྲོག་ཆགས་ཀྱི་བྱ་སྤྱོད་རིག་པ་དང་། འགྲོ་བ་མིའི་རིགས་རིག་པ། སྐྱེ་ཁམས་རིག་པ་སོགས་ཀྱི་ཐོག་ནས་དེང་དུས་འགྲོ་བ་མིའི་དབང་ཆ་དང་བྱམས་སྐྱོང་ལ་ལྟ་བ་དང་། ཕྱི་དྲོའི་བརྗོད་གཞི་ནི་སེམས་ཁམས་རིག་པ་དང་། གསང་རྒྱུད་ཟགས་གཤེར་རིག་པ(內分泌學endocrinology)། དབང་རྩའི་ཚན་རིག་སོགས་ཀྱི་ཐོག་ནས་མི་གཞན་ལ་བྱམས་སེམས་ཀྱི་ཀུན་སློང་དང་སྤྱོད་པ་ཇི་ལྟར་འབྱུང་སྟངས་ལ་རྩད་ཞིབ་སྐོར་རེད། བརྗོད་གཞི་དང་བརྗོད་བྱ་འདི་དག་གི་ཐོག་མི་ཚང་མར་རང་རང་གི་མྱོང་ཚོར་ཡོད་པ་དང་། དེ་བཞིན་ཡ་མཚར་ཡང་སྐྱེས། ཚོགས་ཁང་ནང་གི་མི་རྣམས་ཧ་ཅང་དགའ་ཚོར་དང་ཐུགས་སྣང་ཆེན་པོ་རེད།

སྐྱེ་དངོས་ཚན་རིག་པ་དང་མཐོ་རིམ་སྲོག་ཆགས་ (primates靈長類動物) རིག་པའི་སློབ་དཔོན་ཧྥི་རན་སི་ཝལ་(Frans Waal) ནི། སྤྲའམ་མི་རྒོད་(大猩猩gorilla)ཀྱི་བྱ་སྤྱོད་དང་སྤྱི་ཚོགས་རང་བཞིན་ལ་ཉམས་ཞིབ་བྱེད་མཁན་གྲགས་ཅན་ཞིག་ཡིན་ལ། ཁོང་གི་སྙན་སྒྲོན་མགོ་བཙུགས་མ་ཐག་ཉན་མཁན་རྣམས་ལ་སྤྲོ་སྣང་སྟེར། ཁོང་གིས་སྤྲ་ལྟ་བུའི་སྤྱི་ཚོགས་(མཉམ་སྡོད་)སེམས་ཅན་དང་། འགྲོ་བ་མིའི་རིགས་འདྲ་ས་མང་པོ་ཡོད་པ་རེད་ཅེས་བཤད་པ་དང་། རྩེད་མོ་དང་སྦྲགས་ནས་༼སྤྲ་ཡི་སྲིད་དོན་རིག་པ་༽ཞེས་སྤྲའི་སྤྱི་ཚོགས་ལ་གྲལ་རིམ་ཡོད་པར་བཤད། འོན་ཀྱང་དབང་ཆའམ་གོ་གནས་མཐོ་ཤོས་ཀྱི་སྤྲ་ནི། གཟུགས་བོངས་ཆེ་ཤོས་དང་། ཤུགས་སྟོབས་ཆེ་ཤོས། འཁྲུག་འཛིང་ངར་ཤོས་སམ་ཡང་ན་ལོ་ན་རྒན་ཤོས་ཡིན་པའི་ངེས་པ་མེད་ལ། དབང་ཆ་གྲུབ་སྟངས་ལ་རྙོག་འཛིང་ཅན་གྱི་རྒྱུ་རྐྱེན་མང་པོ་ཡོད་པ་དེའི་ནང་། རང་གི་གཤམ་འོག་གི་རྒྱབ་སྐྱོར་པ་ལ་བྱམས་པོ་དང་བདག་སྐྱོང་བྱེད་པ་ཡང་ཚུད། བྱ་སྤྱོད་རྙོག་འཛིང་ལྡན་པའི་མི་སྤྲ་ཡི་སྤྱི་ཚོགས་ཁྲོད། གཞན་ལ་ཡུན་རིང་བདག་སྐྱོང་བྱེད་མཁན་དང་། གཉོམ་ཆུང་ལ་དུས་ཐོག་ཏུ་རོགས་རམ་བྱེད་མཁན། ཚོགས་པའི་ནང་ཁུལ་ཞི་མཐུན་ཡོང་བར་བྱེད་མཁན་དག་ལ། སྤྲ་རིགས་མང་ཤོས་ཀྱིས་རྒྱབ་སྐྱོར་ཐོབ་ཏེ་མཐར་“དབུ་ཁྲིད་”དུ་གྱུར་གྱི་ཡོད། ཁོང་གིས་པར་རིས་དང་བརྙན་ཐུང་བརྒྱུད་དེ། ཚོགས་པའི་དབུ་ཁྲིད་ཀྱིས་དུས་ཐོག་འཁྲུག་འཛིང་བཀག་འགོག་དང་། ཞི་འགྲིག་ཡོང་ཐབས། གཉོམ་ཆུང་ལ་བདག་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་གསལ་སྟོན་བྱས།

འགྲོ་བ་མིའི་འཕེལ་འགྱུར་རིག་པའི་མཁས་པ་ Sarah Blaffer Hrdy ནས། ཁོ་མོས་གདོད་མའི་སྤྱི་ཚོགས་ཀྱི་འགྲོ་བ་མིའི་རིགས་ལ་བརྟག་ཞིབ་ཀྱི་ཉམས་མྱོང་གི་ཐོག་ནས་གསུངས་དོན་ལ། འགྲོ་བ་མིའི་སྤྱི་ཚོགས་འཕེལ་འགྱུར་ཁྲོད་དང་། འགྲོ་བ་མི་སྒེར་གྱི་འཚར་ལོངས་རྒྱུད་རིམ་ཁྲོད། མི་གཞན་གྱིས་གཅེས་སྐྱོང་དང་ལྟ་རྟོག་ཐོབ་པ་འམ། ཡང་ན་མི་གཞན་ལ་གཅེས་སྐྱོང་དང་ལྟ་རྟོག་བྱེད་པ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། དེ་བཞིན། ཨ་མ་འམ་ཡང་ན་སྒེར་བ་གཞན་གྱིས་ཚོགས་པའི་ནང་གི་ཕྲུ་གུ་མ་འབྱར་གྱི་ལུས་ཕུང་ལ་རེག་པའི་དཔེ་མཚོན་གྱི་སྒོ་ནས། དེ་ལྟ་བུའི་རེག་ཚོར་གྱིས་ཀླད་པའི་འཕེལ་འགྱུར་དང་། སེམས་ཁམས་དང་རྣམ་དཔྱོད་ཡར་རྒྱས། གཤིས་ཀ་གྲུབ་ཚུལ་སོགས་ལ་ཤུགས་རྐྱེན་ཐེབས་པའི་སྐོར་གསལ་བཤད་བྱས་ཤིང་། མཐོ་རིམ་སྲོག་ཆགས་ཀྱི་ནང་དུ། ཕྲུ་གུ་སྐྱེས་རྗེས་ཀྱི་ཐོག་མའི་ཟླ་ངོ་ཁ་ཤས་ནང་ཨ་མའི་པང་པ་དང་གཏན་ནས་མི་འབྲལ་བ་དང་། མིའི་རིགས་ཀྱིས་ཕྲུ་གུ་སྐྱེས་མ་ཐག་ཨ་མ་དང་སྒེར་བ་གཞན་དང་ཡང་འབྲེལ་བ་བྱེད་པ་མ་ཟད། ཨ་མས་རང་གི་ཕྲུ་གུ་ཡིད་ཆེས་ཡོད་པའི་མི་ལ་ལྟ་སྐྱོང་བྱེད་འཇུག འགྲོ་བ་མིའི་རྒྱུན་ལྡན་གྱི་མཚར་ལོངས་ཁྲོད། ངེས་པར་དུ་ཨ་མ་དང་གཞན་གྱིས་གཅེས་སྐྱོང་དང་ལྟ་རྟོག་ཐོབ་དགོས་པ་ལས། དེ་མིན་སེམས་ཁམས་དང་སྤྱོད་ལམ་ལ་ཆག་གྲུམ་འབྱུང་རྒྱུ་ཡིན་པར་བཤད། བྱིས་པ་ཆུང་ཆུང་སྐབས་སུ་མི་གཞན་གྱིས་ངེས་ཅན་གྱི་གཅེས་སྐྱོང་དང་བྲལ་ན། འཚར་ལོངས་བྱུང་རྗེས་མི་གཞན་ལ་སྣང་མེད་དང་། གཤིས་ཀ་ཁྱད་མཚར་ཅན་ཞིག་ཆགས་ངེས་རེད་ཅེས་བརྗོད་དེ། ཁོ་མོས་དམིགས་སུ་བཀར་ནས་དེ་སྔའི་རོ་མ་ནེ་ཡའི་དྭ་ཕྲུག་ཁང་གི་དྭ་ཕྲུག་གི་སེམས་ཁམས་གནས་སྟངས་གླེང་ཞིང་། དེ་ནི་ཡོངས་གྲགས་ཀྱི་དཔེ་མཚོན་ཞིག་རེད།

སུ་ཝེ་ཌན་རྒྱལ་ཁབ་ཀྱི་སི་ཌོག་ཁོལམོ་མཐོ་སློབ་ཀྱི་ཁོར་ཡུག་ཚན་རིག་པ་གྲགས་ཅན་ཇོན་རོཀ་སི་ཁྲི་རོམ་(Johan Rockstrom) ནས། དེང་དུས་ཁོར་ཡུག་དང་སྐྱེས་ཁམས་ཉམས་རྒུད་ཀྱི་གནད་དོན་སྐོར་དང་། ལྷག་པར་དུ་གོ་ལའི་ཚ་དྲོད་འཕེལ་བས་སྐྱེས་ཁམས་ཉམས་འཇིག་གི་ཉེན་ཁ་སྙན་སྒྲོན་ཞུས། ཁོང་ནས། དེང་སྐབས་འགྲོ་བ་མིའི་རིགས་ཐུན་མོང་ལ་འཕྲད་པའི་གོ་ལའི་སྐྱེས་ཁམས་ཁོར་ཡུག་ཉམས་ཆག་ཏུ་འགྲོ་བཞིན་པའི་དཀའ་ངལ་དང་། ལྷག་པར་ཉེ་བའི་ལོ་ཉི་ཤུ་ལྷག་གི་ནང་གནས་སྟངས་ཇེ་མགྱོགས་སུ་ཕྱིན་པ། ང་ཚོ་འགྱུར་བའི་དཀྱོགས་མཚམས་ཤིག་དང་འཕྲད་བསྡད་ཡོད་པ། དཀྱོགས་མཚམས་དེའི་གཞུག་ལ་གོད་ཆགས་རང་བཞིན་གྱི་མཇུག་འབྲས་ཇི་འདྲ་ཞིག་ཡོད་མེད་སོགས། ང་ཚོས་སུས་ཀྱང་ཚོད་དཔག་བྱེད་མི་ཐུབ་ཅེས་དང་། གལ་སྲིད་ང་ཚོས་མུ་མཐུད་དེ་གནད་དོན་འདིར་སྣང་ཆུང་བྱས་ན། འགྲོ་བ་མིའི་རིགས་འདི་ང་ཚོའི་མི་རབས་ཀྱི་ལག་ཏུ་ཆག་འཇིག་འབྱུང་སྲིད་པས། ང་ཚོ་མི་རེ་ངོ་རེས་ངེས་པར་དུ་ཁོར་ཡུག་དང་། མི་གཞན་ལ་ལྟ་ཚུལ་འགྱུར་བ་གཏོང་དགོས་ཞེས་བཤད།

ཚན་རིག་པ་རེ་རེས་གཏམ་བཤད་གྲུབ་མཚམས། ཚང་མས་ཏཱ་ལའི་བླ་མར་དཔྱད་བརྗོད་གནང་བའི་རེ་བ་ཞུས། ༧གོང་ས་མཆོག་གིས་ཉན་མཁན་ཡོངས་ལ་གསུང་དབྱངས་ལྷུག་པོའི་ངང་། ཁོང་ཕྱི་ལོ་ ༡༩༧༣ ལོར་ཡུ་རོབ་ཏུ་ཐོག་མར་ཆིབས་བསྒྱུར་གནང་བའི་སྐོར་ཕྱིར་དྲན་གནང་ཞིང་། སྐབས་དེར་ནུབ་ཕྱོགས་ཀྱི་ཡར་རྒྱས་ལྡན་པའི་ཕྱི་དངོས་པོའི་དཔལ་ཡོན་མཐོང་བ་དང་ཆབས་གཅིག ཕྱོགས་ཡོངས་ཀྱི་དཀའ་ངལ་དང་། གང་ས་གང་དུ་འགྲན་བསྡུར་ཆེ་བའི་གནས་སྟངས་ལའང་དོ་སྣང་བྱུང་སྐོར་གསུངས། ཁོང་གིས་སྐབས་དེ་དུས་ནས་བསམ་གཞིགས་བྱས་པ་ཞིག་ནི། ཕྱི་དངོས་པོ་ཡར་རྒྱས་ཕུན་སུམ་ཚོགས་ཀྱང་། མི་དེ་དག་གིས་ཅིའི་ཕྱིར་དམིགས་བསལ་བདེ་སྐྱིད་ཡོད་པ་ཞིག་ཚོར་ཀྱི་མེད་དམ་ཞེས་དང་། ཁོང་ནས། འགྲོ་བ་མི་ཐེར་འབུམ་བདུན་ལྷག་ཡོད་པ་ཚང་མ་བདེ་བ་འདོད་པ་གཅིག་མཚུངས་ཡིན་མོད། འོན་ཀྱང་བདེ་སྐྱིད་ངོ་མ་དེ་དངོས་པོ་ཁོ་ན་ལ་བརྟེན་ནས་ལྡང་ཐབས་མེད་པར་ད་དུང་ཞི་བདེ་དགོས་པ་རེད། ཞི་བདེ་ངོ་མ་དེ་ཡང་རང་གི་སེམས་ཀྱི་ཞི་བདེ་ལས་འབྱུང་དགོས་ཀྱི་ཡོད་ཅེས་གསུངས།

དེ་བཞིན། སེམས་ཀྱི་ཞི་བདེ་ཇི་ལྟར་ཡོང་མིན་སྐོར་ལ། ༧གོང་ས་མཆོག་ནས། ང་ཚོ་ཆུང་དུས་ནས་ཨ་མས་ཐུགས་ཁུར་རམ་གཅེས་སྐྱོང་བྱས་ཏེ་འཚར་ལོངས་བྱུང་ཞིང་། ཨ་མ་དང་ཡང་ན་མི་གཞན་གྱིས་གཅེས་སྐྱོང་གནང་པས་ང་ཚོར་བདེ་སྐྱིད་ཀྱི་ཚོར་སྣང་བྱུང་། དེ་བཞིན། ང་ཚོས་མི་གཞན་ལ་གཅེས་སྐྱོང་དང་། མི་གཞན་གྱི་སྡུག་བསྔལ་ལ་སྙིང་རྗེ་སྐྱེ་བ། གཞན་ཕན་གྱི་བྱ་བ་བསྒྲུབ་པ། འགྲོ་བ་མིའི་རྒྱུད་ཀྱི་ཡོངས་ཁྱབ་ཀྱི་བྱམས་བརྩེ་སོགས་ནི་སེམས་གཏིང་གི་ཞི་བདེ་དང་བདེ་སྐྱིད་ཀྱི་འབྱུང་ཁུངས་ཡིན་ཞེས་དང་། ནང་པ་སངས་རྒྱས་པས་གཞན་ཕན་དང་བྱམས་བརྩེ་ནི་འགྲོ་བ་མིའི་རྒྱུད་ལ་རང་ཆས་སུ་ཡོད་པར་འདོད་ཅིང་། འདི་ལ་ཚན་རིག་གིས་བརྟག་ཞིབ་བྱས་ཏེ་བདེན་དཔང་ཐོབ་ཡོད་པ་རེད་ཅེས་གསུངས།

ཕྱི་དྲོའི་བགྲོ་གླེང་སྐབས་ཚན་རིག་པ་གསུམ་གྱིས་གཏམ་བཤད་གནང་ཞིང་། འབུམ་རམས་པ་ཨེལེ་ཟན་ཌར་ (Alexandra Freund) ནི་སུད་སིའི་རྫུའུ་རིག་མཐོ་སློབ་ཀྱི་སེམས་ཁམས་རིག་པའི་མཁས་པ་དང་། འབུམ་རམས་པ་Markus Heinrichs ནི་འཇར་མན་ཧྥི་རེ་བྷི་རག་མཐོ་སློབ་ཀྱི་སྐྱེས་ཁམས་རིག་པ་དང་མི་གཤིས་སེམས་ཁམས་རིག་པའི་སློབ་དཔོན། འབུམ་རམས་པ་ཁྲ་ནིཡ་(Tania Singer) ནི་ཀླད་རྩའི་ཚན་རིག་པ་ཞིག་རེད། ཁོང་གསུམ་གྱིས་སྐྱེས་ཁམས་རིག་པ་དང་། སེམས་ཁམས་རིག་པ། ཀླད་རྩའི་ཚན་རིག་གི་ཆེད་ལས་ཐོག་ནས་འགྲོ་བ་མིའི་རིགས་ཀྱི་གཞན་ཕན་དང་སྙིང་རྗེའི་བསམ་བློའི་སྒྲོམ་གཞི་ལ་རྟོག་ཞིབ་བྱེད་ཅིང་། ཁོང་ཚོས་བྱ་སྤྱོད་ལ་ལྟ་ཞིབ་དང་ཀླད་པའི་པར་རིས་ཀྱི་ཐབས་ལམ་ལ་བརྟེན་ནས་སེམས་དང་ཀླད་པའི་བར་གྱི་འགུལ་སྐྱོད་ལ་ཉམས་ཞིབ་བྱས། བརྗོད་གཞི་ཁྱད་མཚར་བ་ཞིག་ནི། ཀླད་པའི་ནང་གི་ཨོག་སེ་ཁྲོ་སིན་(oxytocin)ལ་འཇལ་ཞིབ་བྱེད་པ་དེ་རེད། དེ་ནི་ཀླད་པའི་འོག་དཀྱིལ་གྱི་ངར་སྐུལ་ཟག་རྫས་ཏེ། ཧོར་མོན་(hormone)གྱི་རིགས་ཤིག་རེད་ལ། ཨོག་སེ་ཁྲོ་སིན་(oxytocin)ཟགས་པས་མི་གཞན་ལ་དོ་སྣང་དང་བྱ་སྤྱོད་ལ་ཤུགས་རྐྱེན་ཐེབས་པ་དང་། ཞན་ལ་སེམས་ཁུར་དང་རོགས་རམ་བྱེད་པའི་ཀུན་སློང་སྐྱེ། དེ་བཞིན་མི་གཞན་གྱི་སྡུག་བསྔལ་ལ་མྱོང་ཚོར་བྱེད་ཐུབ་པའི་བསམ་བློར་ཤུགས་སྣོན་ཐེབས་པར་བཤད། མིའི་རིགས་ཀྱི་ཨ་མ་ཚོས་རང་གི་ཕྲུ་གུ་མ་འབྱར་དེ་ཁྱིམ་མི་དང་ཡིད་ཆེས་ཡོད་པའི་མི་གཞན་གྱི་པང་ལ་འཇོག་ཅིང་། མི་རྣམས་དང་། ལྷག་པར་བུད་མེད་རྣམས་ཀྱིས་ཕྲུ་གུ་པང་ལ་བླངས་རྗེས་ཀླད་པའི་ནང་གི་ཨོག་སེ་ཁྲོ་སིན་(oxytocin)གྱི་ཚད་གཞི་མགྱོགས་པོར་འཕར་གྱི་ཡོད་པ་བརྟག་དཔྱད་བྱས་ཏེ་ར་སྤྲོད་བྱུང་།

ཚན་རིག་པ་ཁོང་རྣམ་པས་མི་གཞན་ལ་གཅེས་སྐྱོང་དང་། སྙིང་རྗེ། བྱམས་བརྩེའི་བློ་སོགས་ཨོག་སེ་ཁྲོ་སིན་(oxytocin)གྱི་ཚད་གཞི་དང་འབྲེལ་བ་ཡོད་པར་བཤད་མོད། འོན་ཀྱང་དེ་ནི་མཚམས་སྦྱོར་ལྟ་བུ་ཞིག་ལས་ཨོག་སེ་ཁྲོ་སིན་(oxytocin)གྱི་ཁབ་བརྒྱབ་ན་དེ་ལྟ་བུའི་ནུས་པ་གཅིག་མཚུངས་ཤིག་ཡོང་ཐབས་མེད་ལ། འགྲོ་བ་མིས་གཞན་ལ་སེམས་ཁུར་དང་བྱམས་བརྩེ་སོགས་ལས་སླ་བོའི་དངོས་པོའི་ནུས་པ་ཞིག་ག་ལ་ཡིན། དེའི་ཕྱིར་དངོས་པོ་ག་གེ་མོ་ཞིག་ལ་བརྟེན་པ་འམ། ཨོག་སེ་ཁྲོ་སིན་(oxytocin)གྱི་ཁབ་ལ་བརྟེན་ནས་འགྲོ་བ་མིའི་རིགས་ཀྱི་ཕན་ཚུན་གཅེས་སྐྱོང་དང་གཞན་ཕན་བྱེད་པར་རེ་བ་རྒྱག་ཐབས་མེད་ཅེས་བཤད།

མཇུག་ཏུ། ༧གོང་ས་མཆོག་གིས་དཔྱད་བརྗོད་གནང་སྐབས་གསུངས་དོན་ལ། འདི་ལྟ་བུའི་ཞིབ་འཇུག་ལ་དོན་སྙིང་ཆེན་པོ་ཡོད་མོད། འོན་ཀྱང་ད་ལྟ་ཤེས་རྟོགས་བྱུང་བ་དག་ནི་མགོ་བརྩམས་པ་ཙམ་ཡིན་པས། མཇུག་བསྡོམས་ཇི་ལྟར་བརྒྱབ་ཀྱང་སྔ་དྲགས་པ་རེད་ཅེས་དང་། ཁོང་གིས་རེ་བ་ལ་ཚན་རིག་པ་རྣམས་ཀྱིས་མུ་མཐུད་དེ་ཉམས་ཞིབ་བྱེད་རྒྱུ་དང་། ལོ་བཅུ་འམ་ཉི་ཤུའི་རྗེས་ལ། སྔར་ལས་ལྷག་པའི་སྒོ་ནས་མི་དང་མིའི་བར་ཕན་ཚུན་སེམས་ཁུར་དང་གཞན་ཕན་བྱེད་པའི་རྨང་གཞི་ཤེས་རྟོགས་བྱུང་བ་དང་མཉམ་དུ། བྱམས་བརྩེ་དང་སེམས་ཀྱི་ཞི་བདེ་སྔར་ལྷག་གོང་མཐོར་གཏོང་རྒྱུ་དང་། དེས་སེམས་ཀྱི་བདེ་སྐྱིད་མཐར་ཐུག་པ་ཞིག་ཡོང་བར་ཕན་ཐོགས་ཏན་ཏན་བྱེད་ཐུབ་ཅེས་གསུངས་སོ།།

མ་རྩོམ་འབྲེལ་ཐག http://www.dalailamaworld.com/topic.php?t=928&sid=53a6d9d664933cf7291a6ea7c2bb011a