ལེགས་བཤད་གཅེས་བཏུས།

དེ་རིང་ང་ཚོས་སོ་སོའི་དགྲ་བོར་བརྩི་བའི་མི་རྣམས་གཏན་དུ་དེ་ལྟར་གནས་ངེས་མིན་ལ། དེ་ནི་ང་ཚོའི་གཉེན་གྱི་ཕྱོགས་ལའང་གཅིག་མཚུངས་ཡིན། དེར་མ་ཟད་སྐབས་རེ་གཉེན་གྱི་ཕྱོགས་ལ་ང་ཚོའི་ཚོར་སྣང་གིས། དཔེར་ན་ཆགས་ཞེན་ལྟ་བུས་ང་ཚོར་དཀའ་ངལ་བཟོ་སྲིད། ཆབས་ཅིག་སྐབས་རེ་དགྲ་དང་འབྲེལ་གཏུགས་བྱེད་པས། གཅིག་བྱས་ན་ང་ཚོར་སྟོབས་ཤུགས་སྦྱིན་པ་དང་སྤྱང་གྲུང་ལྡན་པར་གྱུར་ཏེ། ཁེ་ཕན་འཐོབ་སྲིད། དེ་ལྟའི་རྙོག་འཛིངས་ལ་བསམ་ཞིབ་བྱེད་པས། གང་ལྟར་མི་དེ་དག་ཚོ་ཁག་གསུམ་པའམ་དང་པོའི་ཁོངས་མི་གང་ཡིན་ཀྱང་། ཐལ་ཆ་ཆེ་བའི་སྒོ་ནས་གཞན་ལ་འབྲེལ་གཏུགས་བྱེད་པའི་ཕན་མེད་ཀྱི་རང་བཞིན་ཐོག་རང་ལ་བསམ་ཞིབ་ནན་པོ་བྱེད་དུ་འཇུག་གི་ཡོད། ནམ་ཞིག་གཞན་ལ་འབྲེལ་གཏུགས་བྱེད་སྟངས་འདིས་གཞན་ལ་སེམས་ཁུར་བྱ་རྒྱུ་གོང་འཕེལ་གཏོང་བའི་རང་གི་ནུས་པ་ཇེ་ཆུང་དུ་གཏོང་བ་དང་རང་གི་སེམས་ཀྱི་ཞི་བདེར་ཤུགས་རྐྱེན་ངན་པ་ཞིག་ལྡན་པ་རང་གིས་མཐོང་བ་ན། ཐལ་ཆ་ཆེ་བའི་རང་གི་ཚོར་སྣང་ཤུགས་ཆུང་དུ་གཏོང་ཐབས་བྱེད་དགོས། སྐབས་ཤིག་ལ་དམིགས་ཡུལ་ནི། རང་གིས་ཉེ་རིང་གི་སྒོ་ནས་མི་རྣམས་སྡེ་ཚན་དུ་ཕྱེས་པ་བཞིན་དགྲ་དང་གཉེན་གྱི་འདུ་ཤེས་མེད་པར། གཞི་རྩའི་འདྲ་མཉམ་གྱི་ཆ་ནས་སྤུན་ཟླ་མི་རིགས་གཅིག་གྱུར་ཡིན་པ་རང་གིས་ངོས་འཛིན་བྱས་ནས། གཞན་ལ་འབྲེལ་བ་བྱེད་ཐུབ་པ་ཡོང་གི་ཡོད། 

ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ལས་བཏུས།
 

ཉོན་མོངས་ཚང་མར་ཐུན་མོང་དུ་ཡོད་པའི་ཁྱད་ཆོས་གཅིག་ནི་ང་ཚོའི་གནས་ལུགས་ཀྱི་སྣང་བ་ཕྱིན་ཅི་ལོག་ཏུ་སྒྱུར་བའི་འདོད་ཕྱོགས་དེ་ཡིན། དེ་དག་གིས་ང་ཚོའི་ལྟ་ཚུལ་གུ་དོག་པོ་བཟོ་བས། ང་ཚོས་གནས་སྟངས་བྱེ་བྲག་པ་ཞིག་ལ་རྒྱ་ཆེ་ས་ནས་ལྟ་ཐུབ་ཀྱི་མེད། དཔེར་ན། ང་ཚོས་འདོད་ཆགས་དང་། ཆགས་སེམས་སམ་འདོད་རྔམ་ཤུགས་དྲག་པོ་ལྟ་བུའི་ཞེན་པ་ཤུགས་ཆེན་པོ་ཞིག་མྱོང་བཞིན་པའི་སྐབས། རྒྱུན་དུ་ང་ཚོས་སོ་སོའི་འདོད་ཆགས་ཀྱི་ཡུལ་སྟེང་དུ་དངོས་པོའི་གནས་ཚུལ་ལས་བརྒལ་བའི་ཡིད་དུ་འོང་བ་ཞིག་སྒྲོ་འདོགས་ཀྱི་ཡོད། དེར་བརྟེན་ཐ་ན་ང་ཚོས་མངོན་གསལ་དོད་པའི་ནོར་འཁྲུལ་དག་ཀྱང་མཐོང་མི་ཐུབ། ང་ཚོར་ཞེན་ཆགས་ཤུགས་ཆེན་པོ་ཡོད་པའི་སྐབས། ང་ཚོས་རང་ཉིད་བརྟན་ཆ་མེད་པ་བཟོ་གི་ཡོད་པ་དེའང་། འདོད་ཆགས་ཀྱི་ཡུལ་དེ་འཐོབ་དགོས་པ་དང་མ་ཐོབ་ན་ཆ་མ་ཚང་བ་ཞིག་ཏུ་ཚོར་གྱི་ཡོད། ཆགས་ཞེན་ཤུགས་དྲག་པོའི་ནང་ད་དུང་སྟངས་འཛིན་བྱེད་པའི་འདོད་ཆགས་ཚུད་ཅིང་། འདོད་ཆགས་དེའི་ཡུལ་གང་ཟག་གཞན་ཞིག་ཡིན་ཚེ། དེས་དཀའ་ངལ་ཆེན་པོ་བཟོ་སྲིད། རྒྱུ་མཚན་དེར་བརྟེན། ཆགས་ཞེན་ཤུགས་དྲག་པོ་ནི་ངོ་བོ་ཉིད་ནས་བརྟན་ཆ་མེད་པ་ཞིག་ཡིན། སྐབས་ཤིག་ལ་ང་ཚོས་གང་ཞིག་གམ་མི་ཞིག་ལ་བརྩེ་བའི་ཚོར་བ་ཤུགས་དྲག་པོ་སླེབ་སྲིད། འོན་ཀྱང་དཔེར་ན། སྟངས་འཛིན་བྱེད་འདོད་པའི་ང་ཚོའི་འདོད་ཆགས་ལ་འགལ་རྐྱེན་འཕྲད་སྐབས། ཚོར་བ་དེའང་ལས་སླ་པོར་འཁོན་འཛིན་ནམ་ཞེ་སྡང་དུ་འགྱུར་གྱི་ཡོད། 

དེ་དང་ཕྱོགས་མཚུངས་ལྟ་སྟངས་མི་མཐུན་པ་ཞིག་གིས། ཁོང་ཁྲོ་དང་། ཞེ་སྡང་། ཁྱད་གསོད་དམ་འཁོན་འགྲས་ལྟ་བུའི་ཞེན་ལོག་གི་སེམས་ཚོར་དྲག་པོ་མཚོན་གྱི་ཡོད། དཔེར་ན། སེམས་མ་འཁྲུགས་པར་ཡོད་པའི་སྐབས་སུ་མིའམ་དངོས་པོ་ཞིག་ལ་ཡིད་སྨོན་སྐྱེ་འོས་པའི་ཁྱད་ཆོས་མང་པོ་ལྡན་པ་ང་ཚོས་ངོས་འཛིན་བྱེད་ཐུབ་ནའང་། ཁོང་ཁྲོ་དྲག་པོ་ལང་པའི་སྐབས། ཁོང་ཁྲོའི་ཡུལ་དུ་གྱུར་པའི་དངོས་པོ་དེ་ཉིད་རྟག་ཏུ་བརྒྱ་ཆ་བརྒྱ་ཐམ་པ་ཡིད་དུ་མི་འོང་བ་ཞིག་ཏུ་སྣང་གི་ཡོད། ཧ་ཅང་ཤུགས་ཆེ་བའི་སེམས་ཚོར་གྱིས་ང་ཚོའི་རྣམ་དཔྱོད་ཀྱི་ནུས་པ་ཉམས་དམས་པར་བྱེད་ཅིང་། ང་ཚོས་སོ་སོའི་བྱ་སྤྱོད་ཀྱི་འཕྲལ་ཕུགས་གཉིས་ཀྱི་ལག་རྗེས་མཐོང་ཐུབ་ཀྱི་མེད་པ་དང་། དེའི་ཉེར་འབྲས་སུ། ང་ཚོས་འགྲིགས་པ་དང་ནོར་བའི་དབར་ཁྱད་པར་འབྱེད་ཐུབ་ཀྱི་མེད། 

ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ལས་བཏུས།



འཛམ་གླིང་ནང་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་གཏིང་ཟབ་ཡོད་པའི་དུས་སྐབས་འདིར།   དམག་འཁྲུག་ནི་དུས་ཚོད་ཡོལ་ཟིན་ཞིང་རྒྱུ་མཚན་དང་མི་ལྡན་པ་ཞིག་ཡིན། གནའ་བོའི་དུས་སུ་སྡེ་ཚན་གཉིས་ཀྱི་ཁེ་ཕན་ཕྱོགས་ཡོངས་ནས་ཐ་དད་དུ་ཡོད་སྐབས། དྲག་སྤྱོད་ནི་མཐའ་མའི་ཐབས་ལམ་ཞིག་ཏུ་བེད་སྤྱོད་བྱེད་པར་རྒྱུ་མཚན་ཞིག་ཡོད་ཤས་ཆེ། འོན་ཀྱང་དེང་སྐབས་གནད་དོན་དེ་ལྟར་མ་ཡིན། ཁོར་ཡུག་དང་། དཔལ་འབྱོར། ཆབ་སྲིད་བཅས་ཀྱི་ཐོག་ནས་ས་ཁུལ་དང་མི་ཚང་མ་ཕན་ཚུན་འབྲེལ་ནས་ཡོད། ས་ཁུལ་གཅིག་ནང་དམག་འཁྲུག་དང་། བཙན་གནོན། ཡང་ན་མི་སེར་འཁྲུག་ཟིང་བྱུང་བས་བཟློག་ཏུ་མེད་པར་འཛམ་གླིང་གི་ས་ཁུལ་གཞན་ནང་གི་མི་རྣམས་ལའང་ཤུགས་རྐྱེན་ཐེབས་ངེས་ཡིན། དྲག་སྤྱོད་རིང་ལུགས་ཀྱི་དཀའ་ངལ་ནི་ཚབས་ཆེ་བའི་དཔེ་མཚོན་ཞིག་ཡིན། མི་རྣམས་ལ་གཏོར་བཤིག་གཏོང་བར་ཀུན་སློང་སྤེལ་ཚེ། ཉེན་རྟོག་སྐོར་སྲུང་ངམ་བདེ་འཇགས་ཀྱི་ལམ་ལུགས་གང་གིས་ཀྱང་ནམ་ཡང་བཀག་འགོག་མི་ཐུབ།

གཞན་ཡང་དྲག་སྤྱོད་ནི་དཀའ་རྙོག་སེལ་བར་དོན་དངོས་དང་མི་མཐུན་པའི་ཐབས་ལམ་ཞིག་ཏུ་སྟོན་མཁན་གྱི་རྐྱེན་ཞིག་ནི་དེའི་སྔོན་དཔག་མི་ཐུབ་པའི་མཇུག་འབྲས་ཡིན། ཉེ་བའི་ཨི་རག་གི་དམག་འཁྲུག་ནི་དེའི་དཔེ་མཚོན་འཁྲུལ་མེད་ཅིག་ཡིན། མ་གཞི་ཐོག་མའི་དམིགས་དོན་ཡང་ཚད་གཞི་ངེས་ཅན་གྱི་ལས་འགུལ་ཞིག་བཀོད་འདོམས་བྱ་ཕྱིར་ཡིན་ཀྱང་། དེའི་མཇུག་འབྲས་ཡུན་རིང་པོར་གནས་པ་དང། ད་དུང་ཐག་གཅོད་མི་ཐུབ་པའི་དཀའ་རྙོག་དེས་ནག་ཉེས་མེད་པའི་མི་ས་ཡ་མང་པོའི་ཚེ་སྲོག་ཕྲོགས། 

དུས་རབས་ཉི་ཤུ་རྩ་གཅིག་པའི་འབྱུང་འགྱུར་གྱི་ལོ་ངོ་དེ་དག་ནང་། འདས་པའི་ནོར་འཁྲུལ་རྣམས་བསྐྱར་ཟློས་མི་ཡོང་བར་ང་ཚོས་ངེས་པར་དུ་ཏན་ཏན་ཏིག་ཏིག་བྱེད་དགོས། ངེད་ཅག་གི་འཛམ་གླིང་ནང་དྲག་སྤྱོད་ཀྱི་གནས་སྟངས་ཉུང་དུ་གཏོང་བའི་ཐབས་ལམ་གཅིག་པུ་དེ་ནི་གོ་ལའི་སྟེང་གི་མི་ག་ཚོད་མང་མང་གིས་ཆེད་དུ་མངགས་ནས་གོ་མཚོན་བཀག་སྡོམ་བྱེད་པའི་ལངས་ཕྱོགས་ཤིག་འགོ་འཛུགས་བྱེད་དགོས། གོ་མཚོན་བཀག་སྡོམ་བྱེད་པ་ནི་ལག་ལེན་དངོས་ཀྱི་ནང་སྙིང་རྗེའི་རང་བཞིན་ཆགས་ཡོད། དེར་བརྟེན་གང་དགོས་པ་ནི། སྒེར་གྱི་རིམ་པའི་ཐོག་ནས་ཞེ་སྡང་དང་། ཕྱོགས་ལྷུང་། མི་བཟོད་པ་བཅས་མེད་པའི་ནང་སེམས་ཀྱི་གོ་མཚོན་བཀག་སྡོམ་དང་། རྒྱལ་ཁབ་དང་མངའ་སྡེའི་རིམ་པའི་ཐོག་ནས་ཕྱིའི་གོ་མཚོན་བཀག་སྡོམ་སྟེ་གཉིས་ཀ་བྱེད་དགོས་པ་ཡིན། ང་ཚོས་མི་རབས་སྔོན་མ་ནས་བརྒྱུད་པའི་རྨ་ཁ་དེའི་སྟེང་ཚྭ་བླུག་རྒྱུའི་ཚབ་ལ་གྲོས་མོལ་དང་། མཉམ་ལས། བསམ་ཤེས་བཅས་ལ་བློ་གཏད་དེ་ང་ཚོའི་འགལ་ཟླ་རྣམས་ངེས་པར་དུ་སེལ་འགོ་འཛུགས་དགོས། གོ་ལའི་མི་འབོར་མུ་མཐུད་འཕེལ་རྒྱས་འགྲོ་བ་དང་། རྒྱ་ནག་དང། རྒྱ་གར། བི་ར་ཛེལ་ལ་སོགས་པའི་རྒྱལ་ཁབ་ཆེ་ཁག་རྣམས་ཀྱི་དཔལ་འབྱོར་རྒྱ་སྐྱེད་མྱུར་པོར་མདུན་སྐྱོད་བྱེད་པ་དང་དུས་མཚུངས། རྗེས་ཤུལ་འགྱུར་རྡོའི་བུད་རྫས་ཙམ་མིན་པར་གཞི་རྩའི་དགོས་མཁོ་ཆུ་དང་། བཟའ་ཆས། ས་ཆ་ཐེ་བའི་རང་བྱུང་ཐོན་ཁུངས་ཆེད་གོ་ལ་ཡོངས་ཀྱི་འགྲན་སྡུར་ནི་འགོག་ཐབས་མེད་པར་ཛ་དྲག་ཏུ་འགྲོ་རྒྱུ་རེད། དེར་བརྟེན་ང་ཚོའི་མི་རབས་གཞོན་པ་རྣམས་དང་ང་ཚོའི་མ་འོངས་པའི་ལྟ་སྐྱོང་བྱེད་པོ་རྣམས་ཀྱིས་དམག་འཁྲུག་གི་ཕན་མེད་རང་བཞིན་ལ་གོ་རྟོགས་བརྟན་པོ་ཞིག་རྙེད་པ་བྱ་རྒྱུ་ནི་གལ་འགངས་ཆེན་པོ་ཡིན། འཚེ་མེད་ཞི་བ་ནི་དྲང་བདེན་མེད་པ་ཐག་གཅོད་བྱ་རྒྱུར་ཕུགས་འཕེར་ཐུབ་པའི་ཐབས་ལམ་ལེགས་ཤོས་དེ་ཡིན་པ་ང་ཚོས་བདག་ཉིད་ཆེན་པོ་གཱན་དྷཱི་དང་མར་ཊིན་ལུ་ཐར་ཀིང་གི་རླབས་ཆེ་བའི་མཛད་འཕྲིན་ལས་སློབ་སྦྱོང་བྱེད་ཐུབ། དུས་རབས་ཉི་ཤུ་པ་དེ་འཚེ་བའི་དུས་རབས་ཤིག་ཏུ་གྱུར་ནའང་། དུས་རབས་ཉི་ཤུ་རྩ་གཅིག་པ་དེ་ང་ཚོས་གྲོས་མོལ་གྱི་དུས་རབས་ཤིག་ཏུ་འགྱུར་ཐུབ་པ་བྱེད་དགོས། 



ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ལས་བཏུས།
 

ཕྲག་དོག་ནི་གང་ལ་གང་འཚམ་རྙོག་འཛིངས་ཆེ་བའི་ཉོན་མོངས་ཀྱི་སྡེ་ཚན་ཞིག་ཡིན། གང་ཡིན་ཞེ་ན། དེའི་རྩ་བ་ཆགས་ཞེན་དང་ཡིད་འཕྲོག་པའི་ནང་དུ་ཚུགས་ཤིང་། དེ་ལ་ད་དུང་ཁོང་ཁྲོ་དང་། སྡང་འཛིན། མི་དགའ་བའི་སེམས་བཅས་ཀྱི་ཤུགས་རྐྱེན་ཆེན་པོ་ལྡན་ཡོད། བདེ་སྐྱིད་ཐོག་ཉེ་དུས་ཚན་རིག་གི་ཉམས་ཞིབ་བྱས་པས། དེང་དུས་ཀྱི་འཛམ་གླིང་དང་ལྷག་པར་དུ་འབྱོར་ལྡན་གྱི་སྤྱི་ཚོགས་ཁྲོད་ཆོག་མི་ཤེས་པའི་གཞི་རྩའི་འབྱུང་ཁུངས་གཅིག་ནི། ང་ཚོའི་ཉེ་འཁོར་དུ་ཡོད་པ་རྣམས་དང་རང་ཉིད་འགྲན་བསྡུར་བྱེད་པའི་འགྲོ་བ་མིའི་འདོད་ཕྱོགས་དེ་ཡིན་པ་ཤེས་རྟོགས་བྱུང་ཡོད། གཞི་རྩའི་ཆ་ནས་དེས་ཕྲག་དོག་ལས་བྱུང་བའི་དཀའ་ངལ་གྱི་རྐྱེན་རྩ་བྱེད་ཀྱི་ཡོད། 

ཆོས་ལུགས་ཀྱི་མཚམ་སལས་འདས་པའི་སྤྱི་སྨན་གྱི་བཟང་སྤྱོད་ལས་བཏུས།
 



ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ལས། དུས་རབས་ཉི་ཤུ་པ་ནི་སྔོན་ཆད་བྱུང་མྱོང་མེད་པའི་འགྲོ་བ་མིའི་འཁྲུག་རྩོད་ཀྱི་ཁེངས་པའི་དུས་སྐབས་ཤིག་ཡིན། དམག་འཁྲུག་དང་། གསར་བརྗེ། མི་རིགས་སྡེབ་གསོད་སྐབས་མི་ས་ཡ་བརྒྱ་ཕྲག་གཉིས་ལྷག་ཙམ་རྐྱེན་ལམ་དུ་བཏང་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད། ནཱ་ཛི་ (Nazi) ཡིས་མི་རིགས་རྩ་མེད་ཤུགས་ཆེ་བཏང་བའི་བྱ་སྤྱོད་ནས་སི་ཏཱ་ལིན་ (Stalin) དང་མའོ་”ཁོ་རང་གི་མི་ཚེའི་སྨད་དུ་”ལྟ་བུའི་བཙན་ཤེད་ཆེ་བའི་དབང་འཛིན་པ་རྣམས་ཀྱིས་མི་གསོད་ཁྲག་སྦྱོར་ཤུགས་ཆེ་བཏང་བའི་བར་དང་། ཀི་མེར་ རོ་ཇིས་ (Khmer Rouge) མི་གསོད་ཁྲག་སྦྱོར་བྱ་ཡུལ་ནས་བལ་ཀན་ (Balkans) ནང་མི་རིགས་རྩ་མེད་གཏོང་ཐབས་བྱས་པ་དང་རཱ་ལྦན་ཌའི་ (Rwanda) ནང་མི་རིགས་སྡེབ་གསོད་གཏོང་བའི་བར་གྱི་འགྲོ་བ་མིའི་རིགས་ལ་མནར་དུ་བཅུག་པའི་སྡུག་བསྔལ་ནི་དོན་དམ་དུ་བཟོད་གླགས་བྲལ་བ་ཞིག་ཡིན། འགྲོ་བ་མིའི་ལོ་རྒྱུས་ཁྲོད་རྟག་ཏུ་དམག་འཁྲུག་གིས་བར་ཆད་བཏང་ཡོད་པ་བརྗོད་མི་དགོས། འགྲོ་བ་མི་གནས་པ་དེ་སྲིད་དུ། ངོས་ཀྱི་བསམ་པར་དཀའ་རྙོག་ནི་དུས་རྟག་ཏུ་ཡོང་བར་ངེས། འོན་ཀྱང་འདས་པའི་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་བཏང་བའི་གཏོར་བཤིག་ནི་སྔོན་ཆད་བྱུང་མྱོང་མེད་པ་ཞིག་ཆགས་ཡོད། ཐ་ན་ཞི་བདེའི་དུས་སྐབས་སུའང་། གཏོར་སྐྱོན་ཆེ་བའི་འགྲོ་བ་མིའི་བཟོ་ལས་རིག་རྩལ་རྒྱུན་མ་ཆད་པར་ཡར་རྒྱས་དང་འཕེལ་རྒྱས་ཕྱིན་ཏེ་ཉོ་ཚོང་བྱས་ཡོད། དེང་སྐབས་འཛམ་གླིང་ནང་མཚོན་ཆ་དེ་དག་གི་གཏོར་སྐྱོན་ལ་བརྟེན་ནས་དངངས་སྐྲག་མ་བསླངས་པའི་ས་ཆ་མེད། འཛམ་གླིང་ནང་དྲག་སྤྱོད་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་བཞིན་པ་དང་འབྱུང་འགྱུར་མི་རབས་རྣམས་ཀྱི་ཆེད་ང་ཚོས་ཉེན་ཁ་མེད་པའི་འཛམ་གླིང་ཞིག་ཇི་ལྟར་སྐྲུན་ཕྱོགས་ཐད་བསམ་བློ་གཏོང་སྐབས། ཆབ་སྲིད་པ་དང་ཁོང་ཚོའི་ཁ་གཏད་པ་ཚོར་སྡོམ་སེམས་ལག་བསྟར་དགོས་པར་རེ་སྐུལ་ཙམ་ཞུ་བ་ལས་ལྷག་པ་ཞིག་ང་ཚོས་ངེས་པར་དུ་བྱེད་དགོས། གཞན་ཡང་ང་ཚོས་བཟོད་བསྲན་བྱེད་བཞིན་པའི་འཇིགས་སྣང་དག་གོ་མཚོན་བཟོ་ལས་དང་ཚོང་སྒྱུར་བྱེད་པ་ཉིད་ལས་བྱུང་བ་དང་། རྒྱུན་དུ་བརྒྱུད་ལམ་གྱིས་རྒྱུན་བསྲིང་བྱས་པའི་དྲག་སྤྱོད་ཀྱི་སྤྱི་སྲོལ་ལས། ངོ་ཐོག་ཏུ་དྲག་སྤྱོད་ནི་འགྲོ་བ་མིའི་དཀའ་རྙོག་སེལ་བར་ལག་བསྟར་རུང་བའི་ཐབས་ལམ་ཞིག་ཏུ་ལྟ་བའི་འཁྲུལ་སྣང་སྤེལ་བར་བྱེད་ཀྱི་ཡོད། དོན་དམ་དུ་ང་ཚོར་ག་རེ་དགོས་ཤེ་ན། འགྲོ་བ་མིའི་གོ་རྟོགས་ཐད་གཞི་རྩའི་འགྱུར་བ་ཞིག་གཏོང་དགོས། དམིགས་བསལ་གྱི་གནས་སྐབས་སུ་མ་གཏོགས་སྐབས་ཚང་མར། དྲག་སྤྱོད་ཀྱིས་དྲག་སྤྱོད་འཕར་མ་འབའ་ཞིག་སློང་བར་བྱེད། དེར་བརྟེན་ང་ཚོས་དྲག་སྤྱོད་བརྒྱུད་ཞི་བདེ་སྐྲུན་ཐུབ་ཅེས་པར་ཆ་འཇོག་བྱེད་པ་ནི་ཕྱོགས་ཡོངས་ནས་ལམ་ཕྱིན་ཅི་ལོག་བསྟན་པ་ཞིག་ཡིན། 



ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ལས་བཏུས།

ཉེ་བའི་ལོ་ངོ་བཅུ་ཕྲག་ནང། འཛམ་གླིང་གི་ས་ཁུལ་གཞན་ལྟར་ཁུལ་དེ་ཆོས་ལུགས་རིས་མེད་དུ་གྱུར་པ་དང་། ཡུལ་གཞན་ནས་གནས་སྤོས་པའི་རྐྱེན་གྱིས་ད་དུང་རིག་གཞུང་སྣ་ཚོགས་དང་ཆོས་ལུགས་སྣ་ཚོགས་སུ་གྱུར། འགྱུར་པ་དེ་དག་ལ་བསམ་ཞིབ་བྱས་ན། སྲོལ་རྒྱུན་ཆོས་ཕྱོགས་ཀྱི་ཐབས་ལམ་ཐོག་ལ་བློས་འགེལ་ཞེ་དྲག་མ་བྱས་པར། ཞིང་ཆེན་གྱི་དཔོན་རིགས་ཚོས་སློབ་གྲྭ་ཁག་གི་ནང་བཟང་སྤྱོད་སློབ་ཁྲིད་བྱེད་པའི་ཐབས་ལམ་གསར་པ་ཞིག་འཚོལ་སྒྲུབ་བྱེད་བཞིན་ཡོད། སློབ་ཚན་འཆར་གཞི་ཇི་ལྟར་ཡར་རྒྱས་གཏོང་ངམ། ལོ་ཚོད་འདྲ་མིན་ལ་སློབ་ཁྲིད་ཇི་ལྟར་བྱེད་དམ་ཞེས་པའི་དམིགས་བཀར་གྱི་དྲི་བ་དེ་དག་ཤེས་ཡོན་ཁྱབ་ཁོངས་ཁྲོད་ཆེད་ལས་པ་དང་། སེམས་ཁམས་ཡར་རྒྱས། འབྲེལ་ཡོད་ཀྱི་སློབ་གཞི་བཅས་ལ་གནད་འགག་ཡིན་སྟབས་ངོས་ནས་དེའི་ཐོག་བློ་སྐྱེད་ཕྲན་བུ་ཕུལ་ཡོད། འོན་ཀྱང་སྤྱིར་བཏང་གི་ཐབས་ལམ་ཐོག་བཟང་སྤྱོད་ལ་འཇུག་པར་ཆོས་ལུགས་ལ་མ་བརྟེན་པའི་ཐབས་ལམ་ཐད་གཞི་རྩའི་རྩ་འཛིན་དེ་ལྷད་མེད་པའི་ཡོངས་ཁྱབ་ཅིག་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་ངོས་ཀྱི་མཐོང་ཚུལ་སྤེལ་ཡོད། དེ་བཞིན་ཡིད་ལ་བྱེད་པའི་རྒྱུན་སྲོལ་གྱི་སྦྱོང་བརྡར་དང་ནང་སེམས་ཀྱི་རིན་ཐང་རྒྱུད་སྦྱོང་བྱེད་པས་མི་མང་པོར་ཁེ་ཕན་ཡོད་སྐོར་ངོས་ཀྱི་མཐོང་ཚུལ་ཡང་སྤེལ་ཟིན། བསམ་བློའི་ནང་དེ་ཡོད་པའི་ཐོག་ནས་དཔེ་དེབ་འདིའི་སྡེ་ཚན་གཉིས་པའི་ནང་དེ་དག་ལས་ཁག་ཅིག་ངོས་ནས་རྒྱས་བཤད་བྱས་ཡོད། སློབ་ཁྲིད་ཐབས་ལམ་རིག་པའི་དྲི་བའི་ཐོག་ངོས་ཀྱི་སྔོན་ཆད་དང་ད་ལྟའི་བསམ་འཆར་གཅིག་པུ་དེ་ནི། དྲན་དགོས་པ་ཞིག་ལ། ཡ་རབས་བཟང་སྤྱོད་ཀྱི་གོ་རྟོགས་དང་ནང་སེམས་ཀྱི་རིན་ཐང་ཐོག་སློབ་ཁྲིད་བྱེད་སྐབས། གནས་ཚུལ་འགྲེལ་བརྗོད་བྱེད་པ་ཙམ་གྱིས་རྩ་བ་ནས་མི་ལྡང་བར། དཔེ་དང་སྦྱར་ཏེ་སློབ་རྒྱུ་ནི་གཙོ་གནད་ཆེ་ཤོས་ཤིག་ཡིན། གལ་ཏེ་དགེ་རྒན་གྱིས་བཟང་པོའི་རིན་ཐང་ཐོག་གཏམ་བཤད་བྱེད་ཅིང་། དེའི་ཕན་ཡོན་རྒྱས་སྤྲོས་བྱེད་པ་དང་ཆབས་ཅིག་རང་གིས་གང་བརྗོད་པ་དེ་སོ་སོའི་མྱོང་བའི་ཐོག་ནས་གསལ་ཁ་འདོན་མི་ཐུབ་ན། སློབ་ཕྲུག་རྣམས་ཀྱིས། དགེ་རྒན་གྱིས་གང་གསུངས་པ་རྣམས་དབང་མེད་དུ་བཀོལ་བ་ལྟ་བུར་མཐོང་སྲིད། ཕྱོགས་གཞན་ཞིག་ནས། གལ་སྲིད་དགེ་རྒན་རྣམས་ཀྱིས་སློབ་ཕྲུག་ཚོར་བཅོས་མིན་གྱི་སེམས་ཁུར་ལྡན་པའི་ཐོག་ནས། སེམས་པ་བཟང་པོ་སོ་སོའི་སྤྱོད་ལམ་གྱི་མྱོང་བའི་ཆ་ཤས་སུ་སྒྲིལ་ཐུབ་ན། རང་གིས་གང་གསུངས་པ་རྣམས་གནད་ལ་སྨིན་པ་ཞིག་ཡོང་ཐུབ། 

ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ལས་བཏུས།
 

ཁོང་ཁྲོའང་རྟག་ཏུ་གནོད་འཚེ་ཅན་ཞིག་མིན་ཀྱང་། དཔེར་ན། གནས་སྟངས་འགའ་ཞིག་ཁྲོད་སྙིང་རྗེ་ཤུགས་དྲག་པོས་དྲང་བདེན་མིན་པ་ཞིག་གི་ཐད་ཡིད་མ་རངས་པའི་ཚོར་བ་ཤུགས་ཆེན་པོ་ཞིག་སློང་སྲིད། དེ་ནི་ཁོང་ཁྲོ་ཡིན། མ་ཟད་ཁོང་ཁྲོས་འཕྲལ་དུ་ང་ཚོའི་སེམས་ཀྱི་རིག་པ་སྒྲིམ་ཤུགས་ཆེ་བ་བཟོ་བ་དང་ང་ཚོར་ཐོལ་བྱུང་གི་ནུས་ཤུགས་དང་ཆོད་སེམས་འཕར་མ་ཞིག་སྦྱིན་གྱི་ཡོད། དེ་ལྟའི་ལམ་ནས་གནས་སྟངས་ངེས་ཅན་ཞིག་གི་ཁྲོད། ང་ཚོས་ལས་དོན་གང་ཞིག་མཐར་སྐྱེལ་བ་དང་ཚུལ་བཞིན་དུ་གང་འཚོལ་སྒྲུབ་བྱེད་པ་ལེགས་གྲུབ་ཡོང་བར་ཁོང་ཁྲོས་གཞོགས་འདེགས་བྱེད་ཐུབ། དེ་ལྟ་ནའང་། ཁོང་ཁྲོའི་གནས་སྟངས་དེ་ལས་བརྒལ་བའི་ཚེ། དེས་ང་ཚོར་སྟེར་བའི་ནུས་ཤུགས་མང་ཆེ་བར་ཕན་ཐོགས་ཅི་ཡང་མེད། སྐབས་ཤིག་ལ། ཧ་ལམ་ང་ཚོ་ཚང་མ་མི་གཞན་གྱི་ཁོང་ཁྲོའི་ཡུལ་དུ་གྱུར་མ་མྱོང་བ་མེད་སྟབས། ཚང་མས་དེའི་འབྲས་བུ་ངན་པ་རྣམས་མྱངས་ཡོད། གང་ལྟར་ཡང་སྐབས་འགར་ཁོང་ཁྲོ་ལ་ཕན་ཐོགས་ཆེ་བའི་ཁྱད་ཆོས་ལྡན་ནའང་ཞེ་སྡང་ལ་རྩ་བ་ནས་མེད། ཞེ་སྡང་ནི་དུས་རྟག་ཏུ་གནོད་འཚེ་ཅན་ཞིག་ཡིན། 

ཁོང་ཁྲོ་བཞིན། འཇིགས་སྣང་ཡང་རྣམ་པ་ཀུན་ཏུ་གནོད་འཚེ་ཅན་ཞིག་མ་ཡིན། འཇིགས་སྣང་གིས་ང་ཚོ་བག་ཟོན་ཆེ་བ་བཟོ་བ་དང་ཉེན་ཁ་ལས་སྲུང་སྐྱོབ་བྱེད་ཀྱི་ཡོད། དེ་ནི་ད་དུང་སྟོབས་ཤུགས་ཆེ་བའི་ཀུན་སློང་གི་ཆ་རྐྱེན་ཞིག་ཡིན་ཞིང་། ང་ཚོའི་བདེ་ཐབས་ལ་ཟོན་བྱེད་དགོས་པ་དང་ལྟ་སྐྱོང་བྱེད་པར་ནན་སྐུལ་བྱེད་ཀྱི་ཡོད། འོན་ཀྱང་འཇིགས་སྣང་ཚད་ལས་བརྒལ་སྐབས། དེས་ང་ཚོའི་རྒྱུན་ལྡན་གྱི་བྱ་བར་འགོག་རྐྱེན་བཟོ་ཞིང་གནོད་ཚབས་ཧ་ཅང་ཆེ་བའི་སེམས་ཀྱི་གནས་སྟངས་ཤིག་ཆགས་ཀྱི་ཡོད། དེར་མ་ཟད་ཚད་ལས་བརྒལ་བའི་འཇིགས་སྣང་གིས་ཟློག་དཀའ་བའི་སེམས་སྡུག་གི་གནས་སྟངས་ཤིག་སློང་ཞིང་། དེ་ནི་ང་ཚོའི་འཕྲོད་བསྟེན་ལ་གནོད་ཚབས་ཆེ། དེར་བརྟེན་ངོས་ནས་རྒྱུན་དུ་རྒྱུ་མཚན་ལྡན་པའི་འཇིགས་སྣང་དང་རྒྱུ་མཚན་མི་ལྡན་པའི་འཇིགས་སྣང་དབར་ཁྱད་པར་འབྱེད་ཀྱི་ཡོད།


ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ལས་བཏུས།

གཞན་ལ་ཞབས་འདེགས་སྒྲུབ་པའི་གལ་ཆེའི་ཆ་ཤས་ཤིག་ནི་རྣམ་དཔྱོད་བེད་སྤྱད་དེ་འབྱུང་སྲིད་པའི་ང་ཚོའི་བྱ་སྤྱོད་ཀྱི་འབྲས་བུར་དཔྱད་ཞིབ་བྱེད་རྒྱུ་དེ་ཡིན། དེ་རྗེས་ང་ཚོའི་ཉིན་རེའི་མི་ཚེའི་ནང་བག་ཡོད་དང་། དྲན་པ། ཤེས་བཞིན་བཅས་བསྟེན་ནས། ང་ཚོས་སོ་སོའི་བྱ་སྤྱོད་དང་ངག་ལ་ཚོད་འཛིན་ཐུབ་པ་ཡོང་གི་ཡོད། དེ་ནི་རང་དབང་གི་གཞི་རྟེན་ངོ་མ་ཡིན་ཞིང་། རང་གིས་རང་ལ་ཚོད་འཛིན་བྱེད་པའི་ནུས་པ་ཐོབ་པ་དང་གནས་སྐབས་གང་དུའང་ང་ཚོའི་བྱ་སྤྱོད་འཚེ་བ་མེད་པར་ངེས་བརྟན་བཟོ་ཕྱིར་དེ་བེད་སྤྱོད་བྱས་ཏེ། གཞན་ལ་ཕན་འདོགས་ཆེད་ང་ཚོས་ཧུར་སྐྱེད་ཆེན་པོས་ལས་དོན་སྒྲུབ་འགོ་འཛུགས་ཐུབ།

ཆོས་ལུགས་ཀྱི་མཚམས་ལ་ས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ལས་བཏུས།། 
 

རྒྱ་གར་བྱང་ཕྱོགས་ཀྱི་རི་སྒང་གྲོང་རྡལ་ཞིག་ཏུ་ཆགས་པའི་དྷ་རམ་ས་ལའི་ངོས་ཀྱི་སྡོད་གནས་འདི་ནི་ཕྱི་ལོ་ ༡༩༦༠ ཐམ་པའི་འགོ་སྟོད་ནས་བཟུང་ངའི་ནང་ཆགས་པ་དང་། འཆར་ཅན་ཞོགས་པ་ཆུ་ཚོད་གསུམ་དང་ཕྱེད་ཀ་ཙམ་ལ་ལང་རྒྱུ་ནི་ངའི་ཉིན་རེའི་གོམས་གཤིས་ཡིན། དེ་རྗེས་ཆུ་ཚོད་ཁ་ཤས་རིང་སེམས་ཀྱི་སྦྱོང་བརྡར་དང་སྒོམ་སྒྲུབ་གྲུབ་རྗེས། སྤྱིར་བཏང་ནས་རླུང་འཕྲིན་ཐོག་ནས་འཛམ་གླིང་གི་གསར་འགྱུར་ཉན་ཞིང་། མང་ཆེ་བ་དབྱིན་ཇིའི་རྒྱང་བསྒྲགས་ལས་ཁུངས་ཀྱི་(BBC)གསར་འགྱུར་རྒྱང་བསྲིང་ཁག་ཉན་གྱི་ཡོད། འཛམ་གླིང་ནང་གི་གནས་ཚུལ་ཁག་ལ་རྒྱུས་མངའ་ཡོང་བའི་ལམ་ཞིག་ཏུ། དེ་ནི་ལོ་མང་རིང་ངོས་ནས་ལག་བསྟར་བྱེད་མུས་སུ་ཡོད་པའི་འཆར་ཅན་གྱི་བྱེད་སྒོ་ཞིག་ཡིན། 

དངུལ་དང་དཔལ་འབྱོར། དུས་ཀྱི་གཉན་འཕྲང་། དཀའ་རྙོག དམག་འཁྲུག་སྐོར་གྱི་རྒྱུན་ཆད་མེད་པའི་སྙན་ཐོར་ངོས་ནས་ཉན་འཇོག་བྱེད་སྐབས། འཛམ་གླིང་ནང་ང་ཚོར་འཕྲད་བཞིན་པའི་ལྐོག་ཟ་རུལ་སུངས་དང་། ཁོར་ཡུག ཆབ་སྲིད་སོགས་ཀྱི་རྙོག་འཛིངས་ཆེ་བའི་དཀའ་ངལ་རྣམས་ནི། བཟང་སྤྱོད་དང་ནང་སེམས་ཀྱི་རིན་ཐང་ཉམས་རྒུད་དུ་ཕྱིན་པའི་མཇུག་འབྲས་སུ་ངེས་པའི་བསམ་བློ་ཞིག་ངོས་ལ་ཧ་ལམ་རྒྱུན་དུ་འཁོར་གྱི་འདུག །རིམ་པ་ཚང་མའི་ཐོག་རང་སྒྲིག་རང་སྲུང་གིས་ཕོངས་པ་ང་ཚོས་མཐོང་གི་ཡོད། དཀའ་ངལ་མང་པོ་ཞིག་ནི་རྣམ་དཔྱོད་བེད་སྤྱོད་གཏོང་མི་ཐུབ་པ་དང་། མིག་རྒྱང་ཐུང་ཐུང་ངམ་བློ་རྒྱ་ཆུང་བའི་ཉེར་ལེན་ལ་བརྟེན་ནས་བྱུང་། 

དཀའ་ངལ་བྱེ་བྲག་པའི་རྒྱུ་རྐྱེན་རྣམས་རྙོག་འཛིངས་ཧ་ཅང་ཆེན་པོ་ཡོད་པ་སྨོས་མ་དགོས། དཔེར་ན། མི་རིགས་ཀྱི་དྲག་སྤྱོད་དང་། གྱེན་ལོག དམག་འཁྲུག་བཅས་ཀྱི་རྐྱེན་རྩ་ནི། ཕལ་ཆེར་འགྱུར་བ་མེད་པར་ལོ་ངོ་བཅུ་ཕྲག་གམ་ཐ་ན་དུས་རབས་ཁ་ཤས་སྔོན་ནས་འགོ་ཚུགས་ཡོད། འོན་ཀྱང་ང་ཚོས་འགྲོ་བ་མིའི་དཀའ་རྙོག་དང་། དབུལ་ཕོངས། ཡང་ན་ཁོར་ཡུག་གཏོར་སྐྱོན་བཅས་གང་གི་སྐོར་ཤོད་ཀྱི་ཡོད་ཀྱང་། གལ་ཏེ་ད་དུང་ང་ཚོར་དཀའ་ངལ་དེ་དག་དངོས་གནས་རྩ་འགོག་གཏོང་རྒྱུའི་དོ་དབྱིངས་མཆིས་ཚེ། མཐར་གཏུགས་ན་དེ་དག་བཟང་སྤྱོད་ཀྱི་གནད་དོན་དང་འབྲེལ་ཡོད་པ་ང་ཚོས་ངོས་འཛིན་བྱེད་དགོས།

 ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ལས་བཏུས།

ད་ལྟའི་བར་དུ་ངོས་ནས་གཞན་གྱི་བདེ་དོན་ལ་བཅོས་མིན་གྱི་སེམས་ཁུར་བྱེད་པའི་ཀུན་སློང་ཁྱད་པར་ཅན་སྙིང་རྗེའི་གལ་གནད་ལ་ནན་ཏན་བྱས་ཡོད། དེ་ནི་བཟང་སྤྱོད་དང་ནང་སེམས་ཀྱི་བདེ་ཐབས། ཐ་ན་དྲང་བདེན་གོ་རྟོགས་ཀྱི་གཞི་རྟེན་བཅས་ཀྱི་རྨང་གཞི་ཆགས་ཡོད། ང་ཚོ་འགྲོ་བ་མིའི་ཁྱད་ཆོས་ཐུན་མོང་བ་དང་ལུས་པོའི་གྲུབ་ཆའི་རང་བཞིན་གྱི་ཆ་ནས་ང་ཚོ་རང་གི་བདེ་སྐྱིད་གཞན་ལ་བརྟེན་ནས་ཡོང་དགོས་པའི་སེམས་ཅན་ཞིག་ཡིན་པ་ངོས་འཛིན་བྱེད་པས། ང་ཚོས་ཁ་གསལ་གཏིང་གསལ་བྱེད་རྒྱུ་ཤེས་པ་དང་། དེ་ལྟར་བྱེད་པས་ང་ཚོར་དམིགས་ཡུལ་ལྡན་པའི་ཚོར་སྣང་ཞིག་དང་ང་ཚོའི་ཉེ་འཁོར་གྱི་མི་རྣམས་ལ་མཐུན་ལམ་གྱི་ཚོར་སྣང་ཞིག་ཡོང་གི་ཡོད། ད་དུང་ཡོངས་ཁྱབ་དང་ཕྱོགས་སུ་མ་ལྷུང་བའི་སྙིང་རྗེའི་གཞི་རྩ་དེ་ལས། བཟོད་པ་དང་། སེམས་བཟང་། དགོངས་ཡངས། རང་སྒྲིག་རང་སྲུང་། ཆོག་ཤེས་སོགས་ནང་སེམས་ཀྱི་བཟང་ཕྱོགས་ཀྱི་རིན་ཐང་ཚང་མ་འབྱུང་པར་ངོས་ནས་བསམ་ཚུལ་བཏོན་ཡོད། དེ་ལྟར་སྙིང་རྗེ་རྩ་བར་གྱུར་པའི་ཀུན་སློང་རྣམ་དག་ནི་བཟང་སྤྱོད་དང་སེམས་དོན་རིག་པའི་རྨང་གཞི་ཡིན་ནའང་། གལ་སྲིད་ང་ཚོས་ཆ་སྙོམས་པ་དང་ཁ་ཞེ་གཉིས་སུ་མེད་པའི་བཟང་སྤྱོད་ཀྱི་ཀུན་ཁྱབ་རྣམ་གཞག་ཅིག་སྒྲུབ་དགོས་ཀྱི་ཡོད་ན༑ དེ་ལས་གཞན་པའི་ཆ་རྐྱེན་ཞིག་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ང་ཚོའི་ཀུན་སྤྱོད་ཚུལ་དང་མཐུན་པ་ཞིག་ཡོང་རྒྱུར་ཀུན་སློང་ནི་གལ་ཆེ་ཤོས་ཀྱི་ཆ་རྐྱེན་ཡིན་པ་དང་། དུས་མཚུངས་སོ་སོས་གདམ་ག་བྱས་པ་དེ་དོན་དངོས་དང་མཐུན་པ་ཞིག་དང་ང་ཚོའི་ཀུན་སློང་བཟང་པོ་དེ་ཆུད་ཟོས་སུ་མི་འགྲོ་བའི་ཆེད་དུ་ད་དུང་རྣམ་དཔྱོད་དགོས་ཀྱི་ཡོད། དཔེར་ན། གལ་སྲིད་ཆབ་སྲིད་པ་རྣམས་ཀྱིས་འབྱུང་སྲིད་པའི་འབྲས་བུར་བསམ་བློ་ཞིབ་ཚགས་མ་བཏང་བར་རང་གི་ལུང་པ་དམག་ལ་དྲངས་ན། ཐ་ན་སོ་སོའི་ཀུན་སློང་ལྷག་བསམ་ཟོལ་མེད་ཀྱི་སྙིང་རྗེའི་རང་བཞིན་ཞིག་ཡིན་ནའང་གྲུབ་འབྲས་ནི་ཆག་སྒོར་འགྱུར་སྲིད། དེར་བརྟེན་ཀུན་སློང་བཟང་པོའི་སྟེང་དུ་ག་རེ་དགོས་ཤེ་ན། རང་ཅག་གི་གནད་འགག་ཆེ་བའི་ནུས་པ་སྟེ་རྣམ་དཔྱོད་བེད་སྤྱོད་བྱེད་དགོས། རྣམ་དཔྱོད་བེད་སྤྱོད་བྱེད་པས་ང་ཚོས་དངོས་ཡོད་གནས་ཚུལ་དང་མཐུན་པའི་སྒོ་ནས་གནས་སྟངས་ལ་འབྲེལ་བ་བྱེད་ཐུབ་ཅིང་། ང་ཚོའི་ཀུན་སློང་བཟང་པོ་རྣམས་འབྲས་བུ་བཟང་པོར་མངོན་འགྱུར་ཡོང་ཐུབ། ད་དུང་རྣམ་དཔྱོད་ཀྱིས་ང་ཚོ་སྒེར་གྱི་བཟང་སྤྱོད་ཀྱི་གོ་རྟོགས་བསྐྲུན་པའི་ཐད་གལ་ཆེའི་བྱེད་སྒོ་སྒྲུབ་ཀྱི་ཡོད། ང་ཚོས་རྣམ་དཔྱོད་བེད་སྤྱོད་བྱེད་པ་ནི་རང་ཉིད་ཀྱི་གོ་རྟོགས་འཕེལ་བྱེད་ཀྱི་ཐབས་ལམ་ཡིན་པ་དང་། གོ་རྟོགས་ནི་ཤེས་བཞིན་གྱི་རྨང་གཞི་ཡིན། དེར་བརྟེན་རང་གཞན་གཉིས་ཀར་ཕན་ཐོགས་ཆེ་བའི་བཟང་སྤྱོད་ཀྱི་གོ་རྟོགས་ནི་རྫུ་འཕྲུལ་གྱི་ཐོག་ནས་མི་འབྱུང་བར། རྒྱུ་མཚན་ལ་བསམ་ནས་ཡོང་དགོས་པ་ཡིན། འདིའི་ཐད་བཟང་སྤྱོད་ཀྱི་གོ་རྟོགས་སྤེལ་བའི་གནད་དོན་ནི་ཤེས་ཡོན་སློབ་སྦྱོང་གཞན་གང་དང་ཡང་མི་འདྲ་བ་མེད། 

ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ལས་བཏུས།
 

ང་རང་ཚོའི་མི་ཚེའི་ནང་འཕྲད་བཞིན་པའི་གནས་སྟངས་ཚང་མ་ལྷན་ཅིག་བྱེད་རྐྱེན་ཧ་ཅང་མང་པོ་ཞིག་འདུས་ནས་འབྱུང་གི་ཡོད། དེར་བརྟེན་གལ་ཏེ་ང་ཚོའི་རྣམ་འགྱུར་དོན་དངོས་དང་མཐུན་པ་ཞིག་དགོས་ན། གུ་ཡངས་པའི་ལྟ་ཚུལ་ཞིག་འཛིན་རྒྱུ་གལ་ཆེན་པོ་ཡིན། གནས་སྟངས་སམ་དཀའ་ངལ་བྱེ་བྲག་པ་གང་རུང་ཞིག་གི་ཐོག་ལ་ལྟ་ཚུལ་ཕྱོགས་གཅིག་ཁོ་ནས་བལྟ་བ་ནི་འགྲིག་གི་མེད། ང་ཚོས་དེར་ཕྱོགས་འདི་ནས་དང་དེ་ནས་ཞེས་ཕྱོགས་ཚང་མ་ནས་ལྟ་དགོས། ངས་རྒྱུན་དུ་བརྗོད་པ་བཞིན། ང་ཚོས་ངེས་པར་དུ་མདུན་དང་རྒྱབ་སྟེ་ཕྱོགས་གཉིས་དང། གཡས་ཕྱོགས་དང་གཡོན་ཕྱོགས་ཏེ་ཕྱོགས་གཉིས། སྟེང་དང་འོག་བཅས་ཕྱོགས་དྲུག་ནས་བལྟ་དགོས། ང་ཚོས་དེ་ལྟར་བྱེད་པ་དང་། དེ་ལྟའི་རྒྱ་ཆེ་ས་ཞིག་གམ་ཕྱོགས་ཡོངས་ཀྱི་ལྟ་ཚུལ་ཞིག་འཛིན་སྐབས། ང་ཚོའི་རྣམ་འགྱུར་དག་ཏན་ཏན་གནས་ལུགས་ཐད་གོ་རྟོགས་ཆེ་བ་ཡོང་ཐུབ་པ་དང་མཉམ་དུ། ང་ཚོའི་དམིགས་ཡུལ་རྣམས་གྲུབ་སླ་བ་ཡོང་སྲིད། 

ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ལས་བཏུས།
 

བཟང་སྤྱོད་ཀྱི་བསམ་ཚུལ་དངོས་གནས་དེ་ཀུན་སློང་ལ་བསམ་ཞིབ་མ་བྱས་པར་ཡོང་ཐབས་མེད། གལ་སྲིད་ང་ཚོས་སོ་སོའི་མགོ་ཤིང་སྡོང་ཞིག་ལ་བརྡབས་པ་ན། ང་ཚོས་ཤིང་སྡོང་ལ་ཁག་དཀྲི་བྱེད་དམ། དེ་ལྟར་མི་བྱེད་པ་བརྗོད་མི་དགོས། ཀུན་སྤྱོད་ཀྱི་འགན་འཁྲིའི་བསམ་ཚུལ་གྱིས་ནང་གི་ཀུན་སློང་ཁྲོད་གང་གཏོགས་པ་སྔོན་ཚུད་ནས་ཚོད་དཔག་བྱེད་ཀྱི་ཡོད། དེར་བརྟེན་ངའི་ངོར། ཀུན་སློང་གི་རིམ་པར་སྒོ་མ་བསྟུན་པར་བཟང་སྤྱོད་འགྲེལ་བརྗོད་བྱ་རྒྱུ་དེ་ཆ་མ་ཚང་བ་ལྟ་བུར་མངོན། 

མདོར་ན། ནང་གི་ཀུན་སློང་ནི་བཟང་སྤྱོད་ཀྱི་ཁྱད་ཆོས་གལ་ཆེ་ཤོས་ཤིག་ཡིན། ང་ཚོའི་ཀུན་སློང་གཙང་མ་ཡོད་པ་དང་། ལྷག་བསམ་རྣམ་དག་གིས་གཞན་གྱི་ཁེ་ཕན་ལ་བློ་ཁ་ཕྱོགས་སྐབས། རང་བཞིན་གྱིས་ང་ཚོའི་བྱ་སྤྱོད་རྣམས་བཟང་སྤྱོད་ཀྱི་ཆ་ནས་ལྷད་མེད་པ་ཞིག་ཆགས་རྒྱུ་རེད། རྒྱུ་མཚན་དེ་ལ་བརྟེན་ནས། ངོས་ནས་སྙིང་རྗེ་ནི་བཟང་སྤྱོད་ཀྱི་ཐབས་ལམ་ཡོངས་རྫོགས་ཀྱི་རྩ་བ་ཚུགས་སའི་གཞི་རྟེན་གཙོ་བོ་ཞིག་ཏུ་བརྩི་འཇོག་བྱེད་ཀྱི་ཡོད། དེ་ནི་དྲང་བདེན་ཐེ་བའི་ང་ཚོའི་བཟང་སྤྱོད་ཀྱི་རིན་ཐང་ཡོད་དོ་ཅོག་དང་གཞིའི་རྣམ་གཞག་འབྱུང་ས་སྟེ་སྙིང་རྗེ་དང་བཅས་གཞན་གྱི་བདེ་དོན་ལ་སེམས་ཁུར་བྱེད་པ་ཞིག་ལས་ཡོང་གི་ཡོད།།

ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ལས་བཏུས། 

ལས་དང་བྱེད་པོ་གཉིས་ཀྱི་དབར་དབྱེ་བ་འབྱེད་རྒྱུ་མ་བརྗེད་པ་བྱ་རྒྱུ་གལ་ཆེན་པོ་ཡིན། སྐབས་རེར་དེ་ཁག་པོ་ཡོད་སྲིད། ང་ཚོ་རང་ཉིད་དམ་ཡང་ན་སོ་སོར་འབྲེལ་བ་ཉེ་པོ་ཡོད་པའི་མི་ཞིག་ནག་ཉེས་ཀྱི་གནོད་འཚེ་ཕོག་ཡུལ་དུ་གྱུར་སྐབས། ནག་ཉེས་དེ་དག་གསོག་མཁན་གྱི་ཉེས་ཅན་པ་དེ་ལ་སྡང་སེམས་མི་སྐྱེ་བ་བྱ་རྒྱུ་ཕལ་ཆེར་ཁག་པོ་ཡིན། དེ་ལྟ་ནའང་། གལ་སྲིད་ང་ཚོས་དེའི་སྐོར་ཡུད་ཙམ་བསམ་བློ་བཏང་ན། འཇིགས་སྐྲག་ཆེ་བའི་བྱ་བ་ཞིག་དང་དེ་རྩོམ་མཁན་དབར་དབྱེ་བ་འབྱེད་པ་ནི། དོན་དངོས་སུ་སོ་སོ་རང་ཉིད་ཀྱི་བྱ་བ་དང་ནོར་འཁྲུལ་ཐད་ལ་སླེབས་སྐབས་རྒྱུན་དུ་དེ་ལྟར་དབྱེ་འབྱེད་བྱེད་ཀྱི་ཡོད་པ་ཤེས་རྟོགས་ཐུབ། ཁོང་ཁྲོའམ་སུན་སྣང་མངོན་དུ་གྱུར་སྐབས། སོ་སོའི་སྙིང་དུ་སྡུག་པའི་མི་ལ་རྩུབ་སྤྱོད་བྱེད་པའམ་གཞན་ལ་གདུག་རྩུབ་བྱེད་སྲིད། ཕྱིས་སུ་ང་ཚོར་བློ་ཕམ་མམ་བློ་འགྱོད་ཡོང་གི་ཡོད་ཅིང་། ང་ཚོར་ཐོལ་བྱུང་གི་མྱོང་ཚོར་དྲག་པོ་བྱུང་བར་ཕྱིར་ལྟས་སློག་སྐབས། སོ་སོས་ག་རེ་བྱས་ཡོད་མེད་དང་སོ་སོ་སུ་ཡིན་མིན་ང་ཚོས་དབྱེ་བ་འབྱེད་མི་ཐུབ་པ་ཡོང་གི་མེད། དེར་བརྟེན་ང་ཚོས་རང་ཉིད་ལ་རང་བཞིན་གྱིས་དགོངས་ཡངས་སྤྲོད་པ་དང་། ལས་དེ་བསྐྱར་ཟློས་བྱེད་ཀྱི་མིན་ཞེས་ཐག་གཅོད་བྱེད་ཤས་ཆེ། དེ་འདྲ་སོང་ཙང་ང་ཚོས་རང་ཉིད་ལ་དགོངས་ཡངས་སྤྲོད་རྒྱུ་ལས་སླ་པོ་མཐོང་གི་ཡོད། དེ་ལྟའི་བཟང་སྤྱོད་དེ་ཏན་ཏན་ང་ཚོས་གཞན་ལའང་གཅིག་མཚུངས་རྒྱ་སྐྱེད་གཏོང་ཐུབ། མི་ཚང་མས་རང་ཉིད་ལ་དགོངས་ཡངས་སྤྲོད་མ་ཐུབ་པར། དེ་འགོག་རྐྱེན་ཞིག་ཏུ་འགྱུར་སྲིད། མི་དེ་རིགས་ལ་གཞན་ལ་དམིགས་པའི་སྙིང་རྗེ་སྐྱེ་རྒྱུ་དང་དགོངས་ཡངས་སྤྲོད་པའི་རྨང་གཞི་ལྟ་བུར། གཅིག་བྱས་ན་སོ་སོས་སོ་སོར་སྙིང་རྗེ་བྱེད་རྒྱུ་དང་དགོངས་ཡངས་སྤྲོད་རྒྱུར་སྦྱོང་བརྡར་བྱ་རྒྱུ་གལ་ཆེན་པོ་ཡིན། 

ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ལས་བཏུས།

མི་རྣམས་ཀྱིས་སྲོག་ཐོག་ཉེས་ཆད་དང་ཉེས་ཆད་ཀྱི་དགོས་དོན་སོགས་ཀྱི་གནད་དོན་ལ་མོས་མཐུན་བྱེད་ཀྱི་མེད། འགའ་ཤས་ཀྱིས་ནག་ཉེས་ཁ་ཅིག་ཧ་ཅང་རྫབ་ཆེན་དང་ཧ་ཅང་ཐབས་རྡུགས་ཡིན་པས། ནག་ཉེས་གསོག་མཁན་ལ་སྙིང་རྗེ་རྩ་བ་ནས་བྱེད་མི་དགོས་པ་བསམ་གྱི་ཡོད།  ནག་ཉེས་ཀྱི་ཐོག་ལ་སླེབས་སྐབས། མི་ཚེའི་ནང་ངམ་འབྱུང་འགྱུར་གྱི་མི་ཚེའི་ནང་ལེགས་བཅོས་སམ་ཡང་ན་ཆ་སྙོམས་སླར་གསོ་བྱ་རྒྱུའི་བསམ་ཚུལ་འགའ་ཆོས་ལུགས་ཆེ་ཁག་ཚང་མར་ཡོད། འཇིག་རྟེན་བཀོད་པ་པོ་འདོད་པའི་སྲོལ་རྒྱུན་ཁྲོད། འཇིག་རྟེན་བཀོད་པ་པོའི་ཐག་གཅོད་ལ་བརྟེན་པའི་གོ་རྟོགས་ཤིག་ཡོད། གནའ་རབས་ཀྱི་ནང་པའི་གཞུང་ནང་། ལས་རྒྱུ་འབྲས་ཀྱི་རྣམ་གཞག་གིས་སོ་སོའི་ལས་ཀྱི་འབྲས་བུ་མཐར་སོ་སོས་མྱོང་དགོས་པ་ངེས་པར་བསྟན། ཡིད་ཆེས་དེ་གཉིས་ཀས་འགྲོ་བ་མིའི་ཚེ་འདི་སྣང་གི་ལས་དོན་ཐད་ཡ་ང་སྙིང་རྗེ་དགོས་པ་ཁས་ལེན་བྱེད་ཀྱི་ཡོད། ཆོས་ལུགས་ལ་མ་བརྟེན་པའི་ལྟ་སྟངས་ཤིག་གི་ཐོག་ནས། འཆི་བའི་རྗེས་ཉེས་ཆད་དང་ལེགས་སྐྱེས་ཐད་དེ་ལྟའི་ཡིད་ཆེས་མེད་སྟབས། ཉེས་ཆད་ནི་དོན་དངོས་སུ་གང་གི་ཕྱིར་ཡིན་ནམ་ཞེས་པ་དང་། དེའི་དགོས་པ་ནི་འཁོན་ལན་དང་དགྲ་ཤ་བླངས་ནས་མཐར་ནག་ཉེས་གསོག་མཁན་ལ་སྡུག་བསྔལ་མྱོང་དུ་འཇུག་རྒྱུ་དེ་རང་ཡིན་ནམ། ཡང་ན་དེ་ནོར་འཁྲུལ་འཕར་མ་བྱེད་པ་ལས་ཟློག་ཐབས་ཀྱི་ཆེད་ཡིན་ནམ་ཞེས་ངེས་པར་དུ་ང་ཚོས་སོ་སོ་རང་ཉིད་ལ་སྐད་ཆ་འདྲི་དགོས། ངའི་བསམ་པར། ཉེས་ཆད་ཀྱི་དམིགས་ཡུལ་ནི་མཐར་གཞན་ལ་སྡུག་བསྔལ་སྤྲོད་རྒྱུ་དེ་ཁོ་ན་མ་ཡིན་པར། ཉེས་ཆད་ཀྱིས་མནར་དུ་བཅུག་པའི་སྡུག་བསྔལ་ལ་དེ་ལས་ལྷག་པའི་དམིགས་ཡུལ་ཞིག་ངེས་པར་དུ་དགོས། དཔེར་ན། ནག་ཉེས་གསོག་མཁན་ལ་ནག་ཉེས་བསྐྱར་དུ་གསོག་པ་ལས་སེམས་ཞུམ་དུ་འཇུག་པ་དང་། གཞན་གྱིས་བྱ་སྤྱོད་དེ་ལྟར་སྤེལ་བར་འཇིགས་སྣང་བསྐུལ་ནས་འགོག་ཐབས་བྱེད་པ་ལྟ་བུ། དེས་ན་ཉེས་ཆད་ནི་འཁོན་ལན་སློག་ཕྱིར་མ་ཡིན་པར། འགོག་ཐབས་ཀྱི་ཆེད་དུ་ཡིན།

ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ལས་བཏུས། 
 

སྲུང་སྐྱོབ་དམ་པོ་ཡོད་པའི་ལྡི་ལིའི་ཏི་ཧར་(Tihar) བཙོན་ཁང་ནང་ཀི་རན་སྦེ་ཌི་ (Kiran Bedi) ལགས་ཀྱིས་དབུ་འཛུགས་ཞུས་པའི་ལས་གཞི་ཞིག་གི་འོག་བཙོན་པ་རྣམས་ལ་དྲན་ཤེས་བསྟེན་པའི་སྒོམ་གྱི་འཛིན་གྲྭ་གསར་འཛུགས་གནང་ཡོད། གཞན་ལ་སེམས་ཁུར་བྱེད་པ་བརྒྱུད་ཐ་ན་འ་ཆད་འུ་ཐུག་པའི་བཙོན་པ་རྣམས་ལ་མི་ཚེའི་ནང་སྙིང་པོ་ཡོད་པའི་ཚོར་སྣང་བྱིན་ཏེ། གཞན་ལ་རོགས་རམ་བྱེད་པར་ལས་གཞི་དེར་ནུས་པ་ཆེན་པོ་ལྡན་སྐོར་རིམ་བཞིན་ར་སྤྲོད་ཐུབ་ངེས་ཡིན་པར་ངོས་རང་ལ་ཡིད་ཆེད་བརྟན་པོ་ཡོད། དེ་ལྟ་བུའི་ལས་གཞི་གཉེར་མཁན་གྱི་མི་སྣ་དང་ཁོང་ཚོའི་བཟང་ཕྱོགས་ཀྱི་ཤུགས་རྐྱེན་མྱོང་མཁན་གྱི་བཙོན་པ་སུ་དང་ཐུག་འཕྲད་བྱུང་ནའང་ངས་རྟག་ཏུ་ཡི་རངས་བསྔགས་བརྗོད་ཞུ་གི་ཡོད། མདོར་བསྡུས་ན། ངས་བཤད་རྒྱུ་ནི་ཐ་ན་ཉེས་ཅན་པ་ཞིག་ཡིན་ཀྱང་ཁྱེད་རང་དང་འདྲ་བར་འགྲོ་བ་མི་ཞིག་ཡིན་པ་དང་འགྱུར་བ་འགྲོ་བའི་ནུས་པ་ལྡན་ཡོད་པ་དེ་དྲན་དགོས། ལས་བྱེད་པོ་དེར་བྱ་བ་ལོག་པ་དེ་དང་ཆ་མཉམ་པའི་ཉེས་ཆད་གཅོད་དགོས། འོན་ཀྱང་འཁོན་ལན་སློག་འདོད་ཀྱི་བག་མེད་པའི་ལས་སུ་འཇུག་མི་ཉན། དེའི་ཚབ་ཏུ་མ་འོངས་པར་བསམ་བློ་བཏང་སྟེ་ནག་ཉེས་བསྐྱར་ཟློས་མི་ཡོང་སླད་ངེས་བརྟན་བཟོ་ཕྱིར་བསམ་བློ་གཏོང་དགོས། 

ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ལས་བཏུས།