༄༅། །ྋགོང་ས་མཆོག་ཨ་རི་རོ་ཅེ་སི་ཊར་ཆིབས་བསྒྱུར་གྱིས་ཁུལ་དེར་མཛད་འཕྲིན་བསྐྱངས་པ།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༢ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ལོང་བི་ཇིའི་ཁུལ་གྱི་མཛད་འཕྲིན་ཁག་ཡོངས་སུ་ལེགས་པར་གྲུབ་སྟེ་ཁལ་ལི་ཕོར་ནི་ཡ་ས་ཁུལ་གྱི་རོ་ཅེ་སི་ཊར་ཁུལ་དུ་ ཆིབས་སྒྱུར་གནང་སྐབས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་འཇམ་དབྱངས་ཆོས་ལྡན་དང་ཐུབ་བསྟན་དར་རྒྱས་གླིང་ཆོས་ཚོགས་ཀྱི་འགན་འཛིན་དགེ་བཤེས་བློ་བཟང་ཚུལ་ཁྲིམས་གཉིས་ཀྱིས་གཙོས་འབྲེལ་ཡོད་མི་སྣ་ཁག་གཅིག་གིས་ལོང་བི་ཇིའི་གནམ་ཐང་དུ་ཕེབས་སྐྱེལ་ཞུས་ཡོད། དེ་རྗེས་རོ་ཅེ་སི་ཊར་ྋཞབས་སོར་འཁོད་མཚམས་མི་ནེ་སོ་ཊ་བོད་རིགས་ཚོགས་པའི་བོད་མི་ཚོས་ཕེབས་བསུ་གཟབ་རྒྱས་ཞུས། དེ་རྗེས་ྋམགོན་པོ་མཆོག་གིས་མི་ནེ་སོ་ཊའི་ཁུལ་དུ་ཡོད་པའི་སློབ་གྲྭ་དང་མཐོ་སློབ་ཁག་མི་འདྲ་བ་བརྒྱད་ཙམ་ནང་ཡོད་པའི་རྒྱ་རིགས་མཁས་དབང་དང་སློབ་ཕྲུག་བཅས་ཁྱོན་མི་གྲངས་བརྒྱ་ལྷག་འདུ་འཛོམས་བྱས་པའི་ཚོགས་ཁང་དུ་ཆིབས་སྒྱུར་གནང་སྟེ་བཀའ་སློབ་གསུང་བཤད་གནང་དོན། ང་ཚོ་ཚང་མ་གོ་ལ་སྔོན་པོའི་སྟེང་འཚོ་གནས་བྱེད་བཞིན་པའི་འགྲོ་བ་མིའི་རིགས་གཅིག་མཚུངས་ཡིན་བསམ་པའི་ཀུན་སློང་འདི་འདྲ་ཞིག་སྐྱེ་ཐུབ་ཚེ། ཕན་ཚུན་མགོ་སྐོར་སླུ་བྲིད་ཀྱིས་མཚོན་པའི་བྱ་བ་ངན་པའི་རིགས་ལ་ཞུགས་རྒྱུར་དགོས་པ་གང་ཡང་མཐོང་གི་མ་རེད།

འདས་པའི་ལོ་ཆིག་སྟོང་རིང་བོད་ཀྱི་ཆོས་རྒྱལ་དང་རྒྱ་ནག་གི་རྒྱལ་པོའི་དབར་ཕན་ཚུན་བག་མ་གཏོང་ལེན་གྱིས་མཚོན་པའི་སྐབས་རེ་འབྲེལ་བ་བཟང་པོ་དང་སྐབས་རེ་འཁྲུག་རྩོད་ཀྱང་བྱུང་ཡོད། དེ་ལྟར་བྱུང་རབས་ཀྱི་ཁྲོད་ནས་བོད་མི་རིགས་དང་རྒྱ་མི་རིགས་དབར་འཐབ་རྩོད་ཡོང་བའི་རྒྱུ་མཚན་མང་པོ་ཡོད། དེང་སྐབས་འཛམ་གླིང་འདིར་ཡང་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱིས་མཚོན་འགྱུར་བ་ཧ་ཅང་ཆེན་པོ་འགྲོ་དང་འགྲོ་མུས་ཡིན། བོད་མི་ཚོར་ཆ་མཚོན་ན་རྒྱ་གར་དེ་ཝ་ན་ག་རའི་ཡིག་གཟུགས་དང་ཐག་ཉེ་བའི་ཐུན་མིན་གྱི་བོད་སྐད་ཡོད། དེར་བརྟེན་བོད་མིའི་ངོ་བོ་ཐ་དད་ཡོད། དེ་ལྟར་ནའང་ང་ཚོས་དངོས་ཡོད་གནས་ཚུལ་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད། གལ་ཏེ་རྒྱ་ནག་གཞུང་གིས་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་སྤྲད་ཚེ། བོད་མི་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་བསྡད་ན་དགེ་མཚན་ཆེ་བ་ཡོད། གྲོས་མཐུན་དོན་ཚན་བཅུ་བདུན་ཞེས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་འགྲོ་སྟངས་ཀྱི་བསམ་བློ་བཏང་ཡོད་པ་དེར་བོད་མི་ཚོས་མ་འདོད་རུང་ས་རྟགས་བཀོད་པ་ཞིག་ཆགས་ཡོད། ཅེས་སོགས་བཀའ་སློབ་གསུང་བཤད་གནང་ཡོད་པར་མ་ཟད། ༸གོང་ས་མཆོག་ཕྱི་ལོ་ ༡༩༥༤།༡༩༥༥ བཅས་ཀྱི་ནང་རྒྱ་ནག་ཏུ་འཚམས་གཟིགས་སུ་ཆིབས་སྒྱུར་གནང་སྐབས་མའོ་ཙེ་ཏུང་གིས་གཙོས་པའི་དམར་པོའི་འགོ་གཙོ་ཁག་གཅིག་དང་མཇལ་འཕྲད་གནང་བ་དང་དམར་པོའི་ལྟ་གྲུབ་ཐུགས་ཡིད་འཕྲོག་པའི་སྐོར་སོགས་བཀའ་གནང་ཡོད།

ཕྱོགས་མཚུངས་རིག་གནས་གསར་བརྗེའི་སྐབས་བོད་དུ་ཡོད་པའི་ས་གནས་ལས་བྱེད་པ་ཁག་གཅིག་གིས་བོད་ཀྱི་སྐད་ཡིག་འདི་ལོ་ངོ་ ༡༥ ནང་ཚུན་རྩ་མེད་བཟོ་ཐུབ་པ་བྱ་རྒྱུའི་དམ་བཅའ་བཞག་ཡོད། དེ་རྗེས་རིམ་པས་བོད་རང་སྐྱོང་ལྗོངས་ཀྱི་དྲུང་ཆེ་ཁྲེན་ཁུ་ཡན་ཟེར་བས་ལྷ་སར་ཡོད་པའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་ནང་ནང་པའི་གཞུང་ཆེན་གྱི་དཔེ་དེབ་ཁག་ལ་སློབ་སྦྱོང་བྱ་རྒྱུ་དམ་བསྒྲགས་བྱས་ཡོད། དེ་དག་ནི་བོད་ནང་ཕྱི་ལོ་ ༢༠༠༨ ལོར་ཞི་རྒོལ་ཆེན་མོ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཐུག་ས་ཆགས་ཡོད། ཅེས་སོགས་བཀའ་སློབ་གསུང་བཤད་གནང་གྲུབ་རྗེས་བཀའ་འདྲི་ཞུས་པ་ཁག་ལ་བཀའ་ལན་སྩལ། སྐབས་དེར་རྒྱ་རིགས་ཤིག་གིས་བོད་ནང་བོད་མི་ཚོས་རང་ལུས་མེར་སྲེག་བཏང་དང་གཏོང་བཞིན་པའི་གནད་དོན་ཐོག་བློ་ཕམ་ཡོད་ཚུལ་དང་སྦྲགས། བཀའ་འདྲི་ཞུས་པར་ྋགོང་ས་མཆོག་གིས་བཀའ་ལན་སྩལ་དོན། རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་བོད་མི་ཙམ་མིན་པར་རྒྱ་རིགས་དང་། ཝི་ཏི་ནམ། དེ་སྔའི་ཅེཀ་སོགས་ཀྱི་ནང་དུའང་བྱུང་ཡོད། རང་ལུས་མེར་སྲེག་བཏང་བའི་བྱ་སྤྱོད་དེ་འུ་ཐུག་ཐབས་ཟད་ཅིག་ཡིན་ནའང་། གཞན་ལ་འཚེ་བ་བྱ་རྒྱུའི་ཀུན་སློང་མེད་པ་མཚོན་ཡོད། བོད་ནང་གི་རང་ལུས་མེར་སྲེག་བཏང་བའི་གནད་དོན་དེ་ཧ་ཅང་བློ་ཕམ་ཡིན་མོས། འོན་ཀྱང་གནད་དོན་དེའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་ཡོད་ཐོག་ཞིབ་འཇུག་མཐིལ་ཕྱིན་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། རང་ལུས་མེར་སྲེག་གཏོང་མཁན་ཚོར་སྒེར་གྱི་གོད་ཆགས་ཕོག་པའམ་ཆང་རག་གིས་བཟི་སྟེ་ཤེས་པ་རྣལ་དུ་མི་གནས་པ་ལྟ་བུ་ཆགས་ནས་རང་ལུས་མེར་སྲེག་བཏང་བ་དེ་འདྲ་རྩ་བ་ནས་མིན། དེར་བརྟེན་རྒྱ་ནག་གི་དཔོན་རིགས་ཚོས་གནད་དོན་དེར་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་དགོས། ཞེས་བཀའ་ལན་སྩལ།

རྒྱ་རིགས་མཁས་དབང་དང་སློབ་ཕྲུག་ཚོའི་ཁྲོད་ནས་བཀའ་འདྲི་ཞུ་མཁན་ཧ་ཅང་མང་བས་ཚང་མར་གོ་སྐབས་མ་ཐོབ་རུང་། དུས་ཡུན་ཆུ་ཚོད་གཉིས་ཙམ་རིང་བཀའ་སློབ་དང་བཀའ་འདྲིར་བཀའ་ལན་གནང་བ་དེས།  སློབ་ཕྲུག་མང་ཆེ་བར་ཕན་ཐོགས་ཆེན་པོ་བྱུང་བའི་ཚོར་སྣང་བྱུང་ཡོད།  དེ་ཡང་བཀའ་སློབ་གསུང་བཤད་གྲུབ་རྗེས་སྐུ་སྒེར་དྲུང་ཆེ་ཚེ་རྒྱམ་ལགས་དང་།  ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ལགས་གཉིས་ཀྱིས་ས་གནས་སྤྱི་མཐུན་ཚོགས་པ་དང་བོད་རིགས་སློབ་ཕྲུག་ཚོས་གོ་སྒྲིག་ཞུས་པ་ལྟར།  རྒྱ་རིགས་སློབ་ཕྲུག་ཚོ་དང་མཉམ་དུ་མུ་མཐུད་ནས་ཕན་ཚུན་ཆུ་ཚོད་གཅིག་ཙམ་གོ་བསྡུར་གནང་ཡོད།  དེ་སྐབས་སློབ་ཕྲུག་ཚོར་ྋགོང་ས་མཆོག་གི་བཀའ་སློབ་ཉན་རྒྱུའི་གོ་སྐབས་བྱུང་པ་འདིས།  དེ་སྔ་མི་ཤེས་པའི་གནས་ཚུལ་མང་པོ་ཞིག་ཤེས་པ་དང་།  དོགས་པ་མང་པོ་ཞིག་སེལ་ཐུབ་པ་བྱུང་བའི་རྣམ་འགྱུར་བསྟན་ཡོད་འདུག།

ཡང་ད་རེས་ྋགོང་ས་མཆོག་གིས་རོ་ཅེ་ཤི་ཊར་ས་གནས་ཀྱི་མེ་ཡོ་སྨན་ཁང་དུ་རྒྱུན་ལྡན་སྐུའི་འཕྲོད་བཞེས་ལ་བརྟག་དཔྱད་མཛད་བཞིན་ཡོད་པ་ལྟར་ཐེངས་འདིར་ཡང་ས་གནས་དེའི་འབྲེལ་ཡོད་སྨན་པ་ཚོས་ྋགོང་ས་མཆོག་གི་སྐུའི་འཕྲོད་བཞེས་ལ་བརྟག་དཔྱད་ཞུས་སྐབས་སྐུ་ཁམས་གསལ་ཐང་སྐུའི་འཕྲོད་བཞེས་ལེགས་པོ་ཡོད་པ་བརྗོད་འདུག

ཕྱི་ཚེས་ ༢༤ ཉིན་གྱི་སྔོ་དྲོ་ྋགོང་ས་མཆོག་ལ་ཨ་རིའི་ནང་གི་གསར་འགྱུར་བརྙན་འཕྲིན་གྲགས་ཅན་ སི་ཨན་ཨན་ གྱི་གསར་འགོད་པ་པི་ཡར་སི་ མོར་གྷན་ནས་དེ་གའི་གསར་འགྱུར་ལས་རིམ་ཆེད་ཐོག་མར་སྐུའི་འཕྲོད་བཞེས་ལ་བརྟག་དཔྱད་གནང་སྐོར་བཀའ་འདྲི་ཞུས་པར་ྋགོང་ས་མཆོག་གིས་བཀའ་ལན་གནང་དོན། ངོས་རང་མེ་ཡོ་སྨན་ཁང་དུ་འདས་པའི་ལོ་བདུན་ཙམ་ནས་ལོ་ལྟར་རྒྱུན་ལྡན་ལུས་པོ་བརྟག་དཔྱད་བྱེད་ཀྱི་ཡོད། དེ་རེས་བརྟག་དཔྱད་བྱེད་སྐབས་ངོས་རང་སྤྱི་ཡོངས་ཀྱི་ཆ་ནས་ལུས་པོ་བདེ་ཐང་རེད་འདུག་ཅེས་གསུངས། དེ་རྗེས་ྋགོང་ས་མཆོག་ལ་འབྱུང་འགྱུར་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐབས་དང་། དེ་བཞིན་བོད་དོན་དང་རྒྱ་ནག་གི་གནས་སྟངས་སྐོར་སོགས་ཀྱི་ཐད་བཀའ་འདྲི་ཞུས་ཡོད་པ་རེད།

དེ་རྗེས་ྋགོང་ས་མཆོག་མེ་ཡོ་སྨན་ཁང་གི་གོ་སྒྲིག་ཞུས་པའི་དྲན་པ་ཉེར་གཞག་བརྒྱུད་སྔར་སོར་འཚུད་ཐབས་བྱེད་དགོས་པའི་སྐོར་གྱི་བགྲོ་གླེང་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་གནང་སྐབས་ཐོག་མར་མེ་ཡོ་སྨན་ཁང་གི་གཙོ་འཛིན་ཌོག་ཀྲར་ཇོན་ ནོ་སི་ཡོར་ཏི་ནས་ཕེབས་བསུའི་འཚམས་འདྲི་ཞུས། དེ་ནས་བགྲོ་གླེང་ལྷན་ཚོགས་དབུ་འཛུགས་གནང་བ་སྐབས་དེར་༸གོང་ས་མཆོག་གིས་ནང་ཆོས་ནས་གསུངས་པའི་བྱམས་སྙིང་རྗེ་དང་དྲན་ཤེས་བསྟེན་པ་བརྒྱུད་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས་སྐོར་བཀའ་སློབ་གསུང་བཤད་གནང་ཞིང་། དེ་ཡང་ང་ཚོས་ལས་དོན་གང་འདྲ་ཞིག་རྩོམ་རུང་བྱམས་བརྩེས་ཀུན་ནས་བླངས་ཏེ་དམིགས་ཡུལ་བསྒྲུབ་ཐབས་བྱེད་རྒྱུ་གལ་ཆེན་པོ་ཡིན། དེ་ནི་རྨོངས་དད་ཀྱི་ཚུལ་དུ་མ་ཡིན་པར་ལེགས་ཉེས་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་ཐོག་ནས་བྱེད་དགོས། དང་ཐོག་ང་ཚོས་བསྒྲུབ་བྱའི་དམིགས་ཡུལ་གང་ཞིག་ཡིན་རུང་དེ་དག་དངོས་ཡོད་གནས་ཚུལ་དང་འཚམས་མིན་ལ་བརྟག་དགོས། དངོས་ཡོད་གནས་ཚུལ་དང་འཚམས་པ་ཞིག་ཡིན་ན་ཐབས་ཀྱང་སེམས་ཞི་བའི་ཐོག་ནས་དངོས་ཡོད་གནས་ཚུལ་དང་མཐུན་པའི་བསྒྲུབ་ཐབས་བྱེད་དགོས་ཞེས་དང་།  སེམས་ཞི་བ་ཡོང་ཐབས་ལ་བྱམས་བརྩེ་ནི་མེད་དུ་མི་རུང་བ་ཡིན། བྱམས་བརྩེས་སེམས་ལྷོད་པོ་དང་བསམ་རྒྱ་ཆེ་རུ་གཏོང་གི་ཡོད། ཡང་ཞེད་སྣང་དང་། ཁོང་ཁྲོས་སེམས་ཞུམ་པར་བྱེད་ཀྱི་རེད་ཅེས་གསུངས།

ཡང་མང་ཚོགས་ཁྲོད་ནས་༸གོང་ས་མཆོག་ལ་གཞན་ལ་བྱམས་བརྩེ་བསྐྱེད་ཐབས་སྐོར་བཀའ་འདྲི་ཞུས་པར་བཀའ་ལན་གནང་དོན། དེང་སང་དངོས་པོ་ཡར་རྒྱས་ཕྱིན་པའི་འཛམ་གླིང་འདིའི་ཐོག་མི་རྣམས་ཀྱིས་ཕྱི་དངོས་པོ་ཡར་རྒྱས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། དེ་ནི་དེང་སང་ཤེས་ཡོན་གྱི་སློབ་ཚན་ཁག་ནང་གཙོ་བོ་ཕྱི་དངོས་པོ་ཡར་རྒྱས་སྐོར་སློབ་འཁྲིད་བྱེད་ཀྱི་ཡོད། དེས་ན་ཤེས་ཡོན་སློབ་ཚན་ནང་བྱམས་བརྩེ་དང་བཟོད་བསྲན་སོགས་ནང་སེམས་ཀྱི་རིན་ཐང་སྐོར་གྱི་ཤེས་ཡོན་སྤྲོད་རྒྱུ་ནི་གལ་ཆེན་པོ་ཡིན་ཞེས་བཀའ་གནང་།

མཐར་ྋགོང་ས་མཆོག་གིས་ད་རེས་ཀྱི་བགྲོ་གླེང་ཚོགས་འདུ་འདིའི་ཐོག་སྤྱི་ཡོངས་ཀྱི་ཆ་ནས་ཚང་མས་ནང་སེམས་ཀྱི་རིན་ཐང་གལ་ཆེ་ཡིན་པ་མོས་མཐུན་བྱས་ཡོད། དེས་ན་ང་ཚོས་ནང་སེམས་ཀྱི་རིན་ཐང་གོང་སྤེལ་གཏོང་རྒྱུ་འདི་ང་ཚོ་ཚང་མར་འཁྲིས་པའི་ལས་འགན་ཞིག་ཡིན། དེ་ནི་དང་པོ་ཁྱིམ་ཚང་ནས་གོ་རྟོགས་སྤེལ་ཏེ། དེ་ནས་རིམ་པས་གྲོང་པ་ཁྱིམ་མཚེས་དང་། སྤྱི་ཚོགས། རྒྱལ་ཁབ། དེ་ནས་འཛམ་གླིང་ཡོངས་བཅས་ལ་གོ་རྟོགས་སྤེལ་བ་བརྒྱུད་སྤྱི་ཚོགས་བཟང་པོ་ཞིག་བསྐྲུན་ཐུབ་རྒྱུ་ཡིན་པ་སོགས་བཀའ་སློབ་གསུང་བཤད་གནང་ཡོད་པ་རེད།

དེ་ཉིན་ཕྱེད་ཡོལ་ྋགོང་ས་མཆོག་སེམས་དང་སྲོག་ལྟེ་གནས་ཁང་གིས་གོ་སྒྲིག་ཞུས་པའི་ལྷན་ཚོགས་སུ་ཆིབས་བསྒྱུར་གྱིས་ཐོག་མར་ལྟེ་གནས་ཁང་གི་འགན་འཛིན་སྐུ་ཞབས་ཌོག་ཀྲར་རི་ཅར་ཊི་ ཌེ་ཝིཌ་སན་དང་། ཌོག་ཀྲར་ཐུབ་བསྟན་སྦྱིན་པ་གཉིས་ཀྱིས་ལས་རིམ་གཙོ་སྐྱོང་ཐོག་ཐེངས་འདིའི་སེམས་དང་སྲོག་ལྟེ་གནས་ཁང་གི་ ཕེ་རན་སིས་ཀོ་ ཇེ་ ཝ་རི་ལའི་ཉམས་ཞིབ་གཟེངས་བསྟོད་བྱ་དགའ་ཐོབ་མཁན་ན་གཞོན་ཚན་རིག་པ་དྲུག་གིས་ྋགོང་ས་མཆོག་ལ་ཁོང་ཚོས་ཉམས་ཞིབ་བྱས་པའི་ ཀླད་རྩའི་ཚན་རིག་བརྒྱུད་མཉམ་བཞག་ཐོག་གསར་དུ་རྙེད་ཐོབ་བྱུང་བའི་ཉམས་ཞིབ་བྱས་པ་གཟིགས་འབུལ་ཞུས་རྗེས་ན་གཞོན་ཚན་རིག་པ་དྲུག་དང་སྐུ་དཔར་ལྷན་བཞེས་གནང་ཡོད་པ་བཅས་སོ།།