༄༅། །ྋགོང་ས་མཆོག་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་ ༡༢ པར་ཆིབས་སྒྱུར་བསྐྱངས་པ།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༥ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་གྲོང་ཁྱེར་ཤི་ཁ་གོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་ ༡༢ པར་ལྷན་ཞུགས་མཛད་ཡོད། དེ་ཉིན་སྔ་དྲོ་ཐོག་མར་པོ་ལན་ཌིའི་སྲིད་འཛིན་ཟུར་པ་ལེ་ཆི་ ཝ་ལེ་ས་དང་། ཨ་རིའི་ལྕམ་སྐུ་ཇོ་ཌི་ ཝིལ་ཡེམ་སི། དེ་བཞིན་ཨུ་རུ་སུའི་སྲིད་འཛིན་ཟུར་པ་སྐུ་ཞབས་མི་ཁེལ་ གོར་བྷ་ཅོབ་བཅས་དང་མཇལ་འཕྲད་ཀྱིས་བཀའ་མོལ་མཛད་སྐབས་མགོན་པོ་མཆོག་གིས་པོ་ལེན་ཌི་སྲིད་འཛིན་ཟུར་པས་གཅིག་སྡུད་དབང་འཛིན་ལ་གདོང་ལེན་གནང་བའི་བྱས་རྗེས་ལ་བསྟོད་བསྔགས་གནང་བ་དང་སྦྲགས། ཁོང་ཉིད་དཔའ་བོ་ཞིག་ཏུ་ངོས་འཛིན་གནང་བཞིན་ཡོད་སྐོར་བཀའ་སྩལ་བ་དང་། ཡང་ཨུ་རུ་སུའི་སྲིད་འཛིན་ཟུར་པ་སྐུ་ཞབས་མི་ཁེལ་ གོར་བྷ་ཅོབ་ཀྱིས་ཨུ་རུ་སུ་མང་གཙོ་ཅན་དུ་འགྱུར་རྒྱུར་ཐུགས་བརྩོན་གནང་བ་དེས་རྒྱལ་སྤྱིའི་ཐོག་བཟང་ཕྱོགས་ཀྱི་གཡོ་འགུལ་ཆེན་པོ་ཐེབས་ཡོད་ཅེས་བསྟོད་བསྔགས་གནང་ཡོད་པ་རེད།

དེ་རྗེས་ཞི་བདེའི་ལྷན་ཚོགས་སུ་ཆེད་ཕེབས་སྐུ་མགྲོན་རྣམ་པར་གསོལ་སྟོན་འདེགས་འབུལ་པ་ལྟར་ལྷན་དུ་གསོལ་སྟོན་ལ་རོལ།
ཕྱེད་ཡོལ་འཚེ་བ་མེད་པའི་འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་སྙིང་སྟོབས་ནམ་ཡང་མ་ཞུམ་ཞེས་པའི་བགྲོ་གླེང་ལྷན་ཚོགས་སུ་མཉམ་ཞུགས་མཛད་ཡོད། བགྲོ་གླེང་ནང་ཞུགས་མཁན་གྱི་གྲས་སུ་མི་ཁེལ་ གོར་བྷ་ཆོབ་དང་། ཇོ་ཌི་ ཝིལ་ཡེམ་སི། དེ་བཞིན་མོ་ཧཱ་མྡ་ ཡོ་ན་སི་བཅས་ཡོད་པ་རེད།

བགྲོ་གླེང་དབུ་འཛུགས་ཀྱི་ཐོག་མར་ཨ་རིའི་གློག་བརྙན་ཁྲབ་སྟོན་པ་སྐུ་ཞབས་ཤན་པན་ལ་ནོ་སྦེལ་ཞི་བདེའི་ལྷན་ཚོགས་ཐེངས་ ༡༢ པའི་གཟེངས་རྟགས་ཕུལ་གྲུབ་མཚམས། སྦར་མའི་མང་གཙོ་དོན་གཉེར་བ་ལྕམ་སྐུ་ཨང་སང་སུ་ཅིས་ནོ་སྦེལ་ཞི་བདེའི་ལྷན་ཚོགས་ཐོག་ལྷན་ཞུགས་མཛད་མཁན་ཡོངས་ལ་འཚམས་འདྲིའི་གསུང་བཤད་བརྙན་འཕྲིན་ཐོག་གནང་བ་གཟིགས་འབུལ་ཞུས།
དེ་རྗེས་བགྲོ་གླེང་ལྷན་ཚོགས་ཀྱི་ལས་རིམ་གཙོ་སྐྱོང་བ་སྐུ་ཞབས་ཨོ་ཐོར་ ཇིམ་ འུ་ཊན་གྱིས་༸གོང་ས་མཆོག་ལ་འབྱུང་འགྱུར་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་གང་འདྲ་ཞིག་ཡོང་མིན་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་དང་ཐོག་བོད་ཀྱི་བྱུང་རབས་ཀྱི་རྒྱབ་ལྗོངས་རྣམས་མ་ཤེས་ན་བོད་ཀྱི་དཀའ་རྙོག་གི་གནས་ཚུལ་གསལ་རྟོག་ཡོང་རྒྱུ་ཁག་པོ་རེད། དེ་ཡང་ཕྱི་ལོ་ ༡༩༥༠ ལོར་རྒྱ་དམར་གྱིས་བོད་སར་བཙན་འཛུལ་བྱས་རྗེས་བོད་དང་རྒྱ་ནག་གི་གནས་སྟངས་གསར་པ་ཞིག་འགོ་ཚུགས་པ་རེད། དེའི་གོང་དུ་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པ་ཚོས་བོད་ནི་རང་བཙན་རྒྱལ་ཁབ་ཀྱི་ངོ་བོར་གནས་ཡོད་པར་ངོས་འཛིན་བྱས་ཡོད། བོད་ལ་བཙན་འཛུལ་བྱས་རྗེས་རིམ་བཞིན་རྒྱ་དམར་གྱིས་བོད་ཞི་བའི་བཅིངས་བཀྲོལ་གཏོང་བ་ཟེར་བའི་འོག་བོད་དང་རྒྱ་ནག་དབར་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་མིང་རྟགས་བཀོད་ཡོད། གྲོས་མཐུན་དེའི་ནང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཆ་རྐྱེན་བཀོད་ཡོད་པར་མ་ཟད། ཆ་རྐྱེན་དེ་དག་ཀྱང་དབུ་མའི་ལམ་གྱི་གཞི་རྩའི་ལྟ་གྲུབ་དང་མཐུན་པ་ཞིག་ཆགས་ཡོད། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་རྒྱ་གར་དུ་བཙན་བྱོལ་ལ་སླེབས་རྗེས་དུས་ཚོད་གང་ཙམ་ཞིག་གཞིས་ཆགས་ཁག་གསར་འཛུགས་དང་འབྲེལ་བའི་ལས་གཞིའི་ཐོག་བཏང་བ་ཡོད། ཕྱི་ལོ་ ༡༩༧༤ ལོར་རྒྱ་ནག་ནང་རིག་གནས་གསར་བརྗེ་ལས་འགུལ་ཛ་དྲག་ཆེ་བའི་སྐབས་སུ་ང་ཚོས་སྔ་ཕྱི་མ་གཏོགས་རྒྱ་ནག་འགོ་ཁྲིད་ཚོ་དང་སྐད་ཆ་ཤོད་རྒྱུའི་དུས་ཚོད་ཅིག་ཤར་ངེས་དང་། ང་ཚོ་བོད་ཀྱི་འགོ་ཁྲིད་ཚོའི་ངོས་ནས་ད་ལྟའི་བོད་ཀྱི་གནས་སྟངས་ལ་འགྱུར་བ་ཡོང་བ་དང་། བོད་དང་རྒྱ་ནག་ཁ་བྲལ་དུ་མི་འགྲོ་བ་བཅས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་གྲོལ་མོལ་བྱེད་རྒྱུའི་ཐག་གཅོད་བྱས་ཡོད། ཕྱི་ལོ་ ༡༩༧༨། ༡༩༧༩ ལོར་རྒྱ་ནག་གཞུང་གིས་ངོས་ལ་ལན་ཞིག་བཏང་བའི་ནང་རང་བཙན་མ་གཏོགས་པའི་གནད་དོན་གཞན་ཇི་འདྲ་ཞིག་ཡིན་ཡང་གྲོས་བསྡུར་བྱས་ཆོག་ཅེས་བརྗོད་འདུག དེ་ནི་ང་ཚོས་སྔོན་ནས་གྲ་སྒྲིག་བྱས་ཟིན་པའི་ལང་ཕྱོགས་དང་མཐུན་པར་བརྟེན་དེ་གཞི་རྩར་འཛིན་ནས་འབད་བརྩོན་བྱས་པར་མཚམས་རེ་བཟང་ཕྱོགས་ཀྱི་རེ་བ་ཡོད་པའི་རྣམ་པ་དང་། སྐབས་རེ་དཀའ་ངལ་ཡང་འཕྲད་ཡོད། དོན་དངོས་ཐོག་བོད་ནང་གི་གནས་སྟང་ལ་འགྱུར་བ་གང་ཡང་ཕྱིན་མེད།

འདས་པའི་ལོ་ངོ་ ༦༠ རིང་རྒྱ་ནག་གཞུང་དང་མཉམ་དུ་བོད་ཀྱི་གནད་དོན་ཐག་གཅོད་ཡོང་བར་ཐབས་ཤེས་འབད་བརྩོན་གང་ཡོང་བྱས་ཀྱང་དོན་འབྲས་གང་ཡང་བྱུང་མེད། འོན་ཀྱང་རྒྱ་ནག་མི་མང་ལ་མཚོན་ན། བོད་ཀྱི་དངོས་ཡོད་གནས་ཚུལ་ཤེས་རྟོགས་བྱུང་རྗེས་བོད་དོན་ལ་དོ་སྣང་བྱེད་མཁན་ཇེ་མང་ཇེ་འཕེལ་དུ་འགྲོ་བཞིན་ཡོད། དེའི་རྒྱུ་མཚན་དང་པོ་ནི་ང་ཚོའི་འཐབ་རྩོད་འདི་འཚེ་མེད་ཞི་བར་བརྟེན་པ་དང་། གཉིས་པ་ནི་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱས་པ་དེས་ཡིན། ཞེས་བཀའ་གནང་ཡོད་པ་རེད།

ཡང་ྋགོང་ས་མཆོག་གིས་རྒྱ་ནག་གཞུང་གི་སྲིད་བྱུས་འཛིན་སྟངས་དེའི་ཐད་བཀའ་གནང་དོན། རྒྱ་ནག་གཞུང་གི་གཅིག་སྡུད་འགོ་ཁྲིད་ཚོར་ཁ་མ་གཏོགས་རྣ་བ་ཡོད་བཟོ་མི་འདུག ཁོང་ཚོས་ཁོ་རང་ཚོའི་འདོད་དོན་བསྒྲུབ་རྒྱུ་ཁོ་ན་བཤད་པ་ལས་གཞན་གྱིས་བཤད་པའི་སྐད་ཆ་ལ་ཉན་འཇོག་བྱེད་ཀྱི་མི་འདུག ཐེངས་ཤིག་ རྡི་ ཨོབ་ཛ་བར་ཞེས་པའི་གསར་འགྱུར་ལས་ཁང་གི་གསར་འགོད་པ་ཇོ་ན་ཐན་ མིར་སི་ཀི་ཞེས་པས་རྒྱ་ནག་འགོ་ཁྲིད་ཚོས་ཁྱེད་རང་ལ་མི་དགའ་བ་བྱེད་ཀྱི་འདུག དེའི་རྒྱུ་མཚན་གང་ཡིན་ཞེས་དྲིས་བྱུང་། ངོས་ནས་དེ་ནི་རྒྱ་ནག་འགོ་ཁྲིད་ཚོར་ཁོང་ཚོས་གང་བཤད་པ་དེ་ད་ག་རང་རེད་ཟེར་མཁན་ཞིག་དགོས་ཀྱི་ཡོད་ཀྱང་ངས་དེ་ལྟར་བྱེད་ཀྱི་མེད་པས་རེད་ཅེས་བརྗོད་པ་ཡིན་ཞེས་བཀའ་གནང་།

དེ་རྗེས་ྋགོང་ས་མཆོག་གིས་དེ་སྔོན་བྷར་མའི་མང་གཙོ་དོན་གཉེར་བ་ནོ་སྦེལ་གཟེངས་རྟགས་ཐོབ་མཁན་ལྕམ་ཨང་སང་སུ་ཅི་བཟང་བཙོན་དུ་ཡོད་པ་ནས་གློད་འགྲོལ་ཐོབ་ཐབས་ཆེད་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཌེ་སི་མན་ཊུ་ཊུས་སྣེ་ཁྲིད་པའི་ནོ་སྦེལ་གཟེངས་རྟགས་བཞེས་མཁན་གཞན་རྣམས་ནས་རྒྱབ་སྐྱོར་གྱིས་ལས་འགུལ་སྤེལ་བར་བརྟེན། ད་ཆ་ཁོང་བཟང་བཙོན་ནས་གློད་འགྲོལ་ཐོབ་ཡོད། དེ་བཞིན་ད་ལྟ་རྒྱ་ནག་གི་བཙོན་འཇུག་དོ་དམ་འོག་ཡོད་པའི་སྐུ་ཞབས་ལིའུ་ ཞའུ་པོའོ་ནས་ཀྱང་རྒྱ་ནག་ནང་གི་མང་གཙོ་རང་དབང་སོགས་ཀྱི་ཆེད་ལས་འགུལ་བརྩམས་པར་བརྟེན་ནོ་སྦེལ་གཟེངས་རྟགས་ཐོབ་ཡོད་ཀྱང་ཁོང་ད་ལྟ་བཙན་ཁང་ནང་ཡོད་པར་བརྟེན་ཁོང་བཙོན་གྲོལ་ཐོབ་ཐབས་སུ་ང་ཚོ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚོས་ལས་འགུལ་སྤེལ་ཐབས་ཀྱི་དགོངས་པ་བཞེས་རོགས་ཅེས་ཞུ་རྒྱུ་ཡིན་ཞེས་བཀའ་གནང་། བགྲོ་གླེང་གྲོལ་རྗེས་ྋགོང་ས་མཆོག་དང་པོ་ལན་ཌིའི་སྲིད་འཛིན་སྐུ་ཞབས་ལེ་ཅི་ ཝ་ལེ་ས་དང་། ཇོ་ཌི་ ཝིལ་ཡེམ་སི་སོགས་དབུ་བཞུགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་གནང་བ་སྐབས་དེར་༸གོང་ས་མཆོག་གིས་སྐུའི་ཡང་སྲིད་སྐོར་དང་། བོད་ཀྱི་གནད་དོན་ཇི་ལྟར་སེལ་ཐུབ་མིན། འཚེ་མེད་ཞི་བ་གོང་མཐོར་གཏོང་རྒྱུ་གལ་ཆེ་ཡིན་སྐོར་སོགས་ཞིབ་ཕྲ་གསལ་བཤད་མཛད་ཡོད་པ་བཅས་སོ།།