༄༅། །ྋགོང་ས་མཆོག་ཁེ་ན་ཌར་འཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པའི་དབུ་འབྱེད་མཛད་སྒོར་ཆིབས་སྒྱུར་བསྐྱངས་པ།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༧ ཉིན་གྱི་སྔ་དྲོར་ྋགོང་ས་མཆོག་གིས་ཁེ་ན་ཌའི་སི་ཊི་ཝི་ཞེས་པའི་གློག་བརྙན་ལས་རིམ་གྱི་གཙོ་སྐྱོང་བ་སྐུ་ཞབས་གྷར་ཧམ་ རི་ཆཌ་སན་གྱི་ཆེད་དོན་བཀའ་འདྲི་ཞུས་པ་ཁག་ལ་བཀའ་ལན་སྩལ།དེ་རྗེས་ཨོ་ཊ་ཝ་གཙུག་ལག་སློབ་གྲྭ་ཆེན་མོའི་ཚོགས་ཁང་དུ་ཆིབས་སྒྱུར་གནང་སྟེ་དགེ་ལས་སློབ་ཕྲུག་ཚོར་ནང་བཟང་སྤྱོད་དང་ཤེས་ཡོན། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གསུང་བཤད་སྩལ་བ་དང་འབྲེལ་སློབ་ཕྲུག་ཁག་གཅིག་གིས་བཀའ་འདྲི་ཞུས་པར་བཀའ་ལན་སྩལ།

དེ་ནས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པའི་འབྲེལ་མཐུད་ལས་ཁང་དང་། ཁེ་ན་ཌ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཅས་ཐུན་མོང་ནས་གོ་སྒྲིག་ཞུས་པ་ལྟར་ཕྱེད་ཡོལ་ཆུ་ ཚོད་ ༡།༣༠ ཙམ་ལ་ཁེ་ན་ཌའི་གཞུང་གི་ཚོགས་ཁང་ཆེན་མོའི་ནང་འཛམ་གླིང་ཡུལ་གྲུ་ཁག་སུམ་ཅུའི་གྲོས་ཚོགས་འཐུས་མི་ཁག་ ༥༠ ཙམ་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གཙོས་སྤྱི་འཐུས་རྣམ་པ། ྋགོང་ས་མཆོག་གི་ཡུ་རོབ་དམིགས་བསལ་སྐུ་ཚབ། སྐུ་ཚབ་དོན་གཅོད་རྣམ་པ། གཞུང་འབྲེལ་མིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། དེ་བཞིན་ཉིན་གསུམ་རིང་གི་ཚོགས་ཆེན་ཐོག་བོད་དོན་གླེང་སློང་གསུང་བཤད་གནང་མཁན། མི་རིགས་དང་ཚོགས་པ་འདྲ་མིན་གྱི་མཁས་དབང་བཅས་ཁྱོན་མི་གྲངས་ ༡༢༠ བརྒལ་བ་འདུ་འཛོམས་ཐོག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་གདན་ཞུ་ཆིབས་བསྒྱུར་གྱིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པའི་དབུ་འབྱེད་མཛད་སྒོར་བཀའ་སློབ་གསུང་བཤད་གནང་དོན།

ད་རིང་ལྷན་ཚོགས་འདིར་ཕེབས་པའི་ཁོངས་ནས་ཁག་གཅིག་གྲོགས་འདྲིས་རྙིང་གྲས་དང་། ཁག་གཅིག་གྲོགས་པོ་གསར་པ་ཡིན་པ་ཚང་མ་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པར་ངོས་ཀྱིས་ངོས་འཛིན་བྱེད་ཀྱི་ཡོད། དེ་རིང་ངོས་ཀྱི་ངོ་གདོང་ལྷན་ཚོགས་གོང་མའི་སྐབས་དང་འདྲ་མཚུངས་ཤིག་ཡིན་ནའང་། སྐབས་འདིར་ངོས་ལ་བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་གང་ཡང་མེད། ྋགོང་ས་ལྔ་པ་ཆེན་པོས་དབུ་འཛུགས་མཛད་པའི་དགའ་ལྡན་ཕོ་བྲང་གི་གཞུང་དེ་ངོས་ཏཱ་ལའི་བླ་མའི་སྐྱེ་ཕྲེང་བཅུ་བཞི་པ་ཆུང་ཆུང་འདིས་ཕྱིར་བསྡུ་བྱས་པ་ཡིན། སྤྱིར་འཛམ་གླིང་འདི་འཛམ་གླིང་མི་མང་ཚོར་བདག་པ་བཞིན། ཁེ་ན་ཌ་ཡང་ཁེ་ན་ཌའི་མི་མང་ཚོར་བདག་པ་ལས་ཆབ་སྲིད་ཚོགས་པ་བྱེ་བྲག་པ་གཅིག་ལ་བདག་མེད། དེ་བཞིན་བོད་དེ་ཡང་བོད་མི་ས་ཡ་དྲུག་ལ་བདག་པ་ལས་ཏཱ་ལའི་བླ་མ་མི་གཅིག་ལ་བདག་མེད། ཕྱི་ལོ་ ༢༠༠༡ ལོར་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པ་བྱུང་བ་ནས་བཟུང་ངོས་ཀྱི་གནས་སྟངས་ཕྱེད་རྒས་ཡོལ་ལྟ་བུར་གྱུར་ཡོད། དེ་ནས་ལོ་བཅུ་སོང་བའི་རྗེས་ཀྱི་ཕྱི་ལོ་ ༢༠༡༡ ལོར་ད་ལྟའི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་སླེབས་པ་ལྟར་ངོས་ཀྱི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་འོས་འདེམས་བྱས་པའི་འགོ་ཁྲིད་ཚོར་རྩིས་སྤྲོད་གཙང་མ་བྱས་ཏེ་ད་ཆ་རྒས་ཡོལ་ཆ་ཚང་བྱས་ཏེ་གནས་ཡོད། ད་ལྟའི་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཚོགས་གཙོ་གཉིས་ནི་རྒྱ་གར་ནང་ལ་ཚར་ལོངས་དང་ཤེས་ཡོན་ཐོབ་པའི་མི་རབས་གསར་པའི་གྲས་རེད། ད་ཆ་ངོས་ལ་འགྲོ་བ་མིའི་རིན་ཐང་གོང་སྤེལ་གཏོང་རྒྱུ་དང་། ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གོང་སྤེལ་གཏོང་རྒྱུའི་ལས་འགན་ཡོད་པས་དུས་ཚོད་གཙོ་བོ་དེ་གཉིས་ཐོག་གཏོང་གི་ཡོད།

ད་རེས་ཀྱི་ལྷན་ཚོགས་འདིའི་ཐོག་དང་པོ་བོད་ཀྱི་ཁོར་ཡུག་ཀྱི་གནས་སྟངས་ཐོག་དགོངས་པ་བཞེས་ཞུ་རྒྱུ་ཡིན། བོད་ཀྱི་ཁོར་ཡུག་ནི་བོད་ཙམ་མ་ཡིན་པར་ཉེ་འཁོར་དུ་གནས་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་འབྲེལ་བ་ཆེན་པོ་ཡོད། བོད་ཀྱི་ཁོར་ཡུག་སྐོར་གྱི་གནད་དོན་ནི་ཆབ་སྲིད་ཀྱི་གནད་དོན་ལས་ཛ་དྲག་དང་གལ་འགངས་ཆེ་བ་ཞིག་ཏུ་གྱུར་ཡོད། ཆབ་སྲིད་ཀྱི་གནད་དོན་ནི་ཆབ་སྲིད་འགོ་ཁྲིད་ཚོས་མོས་མཐུན་པའི་ཐོག་ནས་སེལ་ཐུབ་རྒྱུ་ཞིག་ཡིན། འོན་ཀྱང་ཁོར་ཡུག་ལ་གོད་ཆགས་བྱུང་ན་དེ་ནི་ཉམས་གསོ་ཐུབ་ཐབས་མེད་པ་ཞིག་ཡིན་པ་དང་།  གཉིས་པ་ནང་པ་སངས་རྒྱས་པའི་ཆོས་དང་འབྲེལ་བའི་བོད་ཀྱི་ཐུན་མིན་རིག་གཞུང་སྲུང་སྐྱོབ་ བྱ་རྒྱུ་དེ་ཡིན། བོད་ཀྱི་སངས་རྒྱས་པའི་ཆོས་དང་འབྲེལ་བའི་རིག་གཞུང་ནི་བོད་མི་ཙམ་དུ་མ་ཟད། འཛམ་གླིང་མི་མང་སྤྱི་ལ་ཕན་ཐོགས་ཡོད་པ་ཞིག་དང་། ནང་པ་མིན་པ་རྣམས་ལའང་ཕན་ཐོགས་ཡོད་པ་ཞིག་ཡིན། དེ་ཡང་ཚན་རིག་དང་ནང་ཆོས་ཀྱི་ལྷན་ཚོགས་སྐབས་ཚན་རིག་པ་ཞིག་གིས་བོད་ཀྱི་གྲྭ་བཙུན་ཚོས་དགོན་པའི་ནང་ཐལ་དང་ཕྱིར་ཞེས་པའི་རྟགས་གསལ་གྱི་ལམ་ལུགས་དེ་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་འཇོག་ཐུབ་ཚེ་ཕན་ཐོགས་ཡོད་སྐོར་བརྗོད་ཀྱི་འདུག དེས་ན་བོད་ཀྱི་ནང་ཆོས་དང་འབྲེལ་བའི་རིག་གཞུང་ནི་ཞི་བ་དང་། འཚེ་བ་མེད་པ། བྱམས་སྙིང་རྗེ་བཅས་དང་ལྡན་པའི་རིག་གཞུང་ཞིག་ཡིན།

ཡང་བོད་ཀྱི་འཐབ་རྩོད་ཀྱི་གནས་སྟངས་ཐོག་ནས་བརྗོད་ན། བོད་ནང་གི་གནས་སྟངས་ནི་ཛ་དྲག་ཤིན་ཏུ་ཆེ་བ་ཞིག་དང་། བོད་ཀྱི་གནའ་རབས་ཀྱི་རིག་གཞུང་ཕྱུག་པོ་ཡོད་པ་དེ་ཉེན་ཁ་ཆེན་པོའི་ཐོག་སླེབས་ཡོད། བོད་ནང་བོད་མི་ཚོས་རྒྱ་དམར་དབང་འཛིན་པའི་རྩུབ་སྤྱོད་ལ་ཇི་ཙམ་ཞི་རྒོལ་བྱས་པ་དེ་ཙམ་གྱིས་རྒྱ་དམར་གྱིས་དྲག་རྩུབ་དང་། རྡུང་རྡེག བཀག་ཉར་སོགས་བྱེད་ཀྱི་ཡོད། ཡང་ཕྱོགས་གཞན་ཞིག་ནས་བལྟས་ན། བོད་མི་ཚོའི་རང་མི་རིགས་ཀྱི་ལར་ཞེན་དང་སྙིང་སྟོབས་ཞུམ་པ་མེད་པ་དེ་སྲ་བརྟན་དུ་གནས་པ་དང་། དེ་ཡང་བོད་རིགས་ན་གཞོན་ཚོའི་ཁྲོད་དེ་བས་མངོན་གསལ་ཆེན་པོ་ཡོད་པ་རེད། དེས་ན་རྒྱ་དམར་འགོ་ཁྲིད་ཚོས་ཇི་ཙམ་བོད་མིའི་ཐོག་དྲག་གནོན་ཤུགས་ཆེ་བྱས་པ་དེའི་ཚོད་ཀྱིས་བོད་མི་ཚོའི་རང་མི་རིགས་ཀྱི་ལར་ཞེན་ཤུགས་ཆེ་རུ་འགྲོ་གི་ཡོད་པ་རེད།
ད་རེས་ལྷན་ཚོགས་འདིར་ཕེབས་པའི་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོས་སྙིང་སྟོབས་ཞུམ་པ་མེད་པའི་སྒོ་ནས་བོད་ཀྱི་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བ་འདི་ད་ལྟའི་བོད་ཀྱི་མི་རབས་འདི་ཙམ་དུ་མ་ཟད། འབྱུང་འགྱུར་བོད་ཀྱི་མི་རབས་གསར་པ་ཚོས་ཀྱང་ཁྱེད་རྣམས་ཀྱི་ལྷག་བསམ་གཡོ་མེད་ཀྱི་རྒྱབ་སྐྱོར་ཡིད་ལ་དྲན་ངེས་ཡིན་ཞེས་སོགས་བཀའ་སློབ་གསུང་བཤད་སྩལ་ཡོད་པ་རེད།།