སྤྱི་ལོ་༢༠༡༢ ཟླ་༧ ཚེས་༦ ཉིན་༸སྐུའི་འཁྲུངས་སྐར་དུས་ཆེན་ལ་སྩལ་བའི་བཀའ་སློབ།

༄༅། །དེ་རིང་འདིར་ངའི་སྐྱེས་སྐར་གྱི་དུས་ཚེས་ལ་ཆེད་གཉེར་གྱི་ཐོག་ནས་ཕེབས་པའི་སྐུ་མགྲོན་གྲོགས་པོ་རྣམ་པ་དང་། ང་རང་ཚོ་བོད་མིའི་སྒྲིགས་འཛུག་གི་དབུ་ཁྲིད་རྣམ་པ་དང་། མི་མང་རྒན་བྱིས་སྐྱ་སེར་རྣམ་པ་ལྷན་རྒྱས་བཅས་ལ་ཞུ་རྒྱུར། དེ་རིང་སྐྱེས་སྐར་གྱི་དུས་ཚེས་ལ་ཁྱེད་རང་ཚོ་ཆེད་དུ་ཕེབས་ནས་འཚམས་འདྲི་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་འཛམ་བུ་གླིང་འདིར་སྐྱེས་སྐར་ཞེས་གལ་ཆེན་པོར་རྩི་གི་ཡོད་ཀྱང་། ང་ཚོ་བོད་མིས་དེ་ཙམ་རྩི་གི་མེད། ང་རང་སྒེར་གྱི་ངོས་ནས་ཀྱང་དེ་ཙམ་རྩི་གི་མེད། སྐྱེས་ཚེས་བརྩི་དགོས་ན་ཞོགས་པ་ལངས་པ་དང་ཉི་མ་གསར་པ་རེ་འཆར་གྱི་ཡོད་པ་དེཡང་སྐྱེས་སྐར་ཆགས་ཡོད། གང་ཞིག་གལ་ཆེན་པོ་ཡིན་ཞེ་ན། ཉིན་རེ་ཉིན་རེའི་མི་ཚེ་འདི་རབ་ལ་གཞན་ལ་ཕན་བཏགས་པ་དང་། གལ་ཏེ་ཕན་ཐོགས་མ་ཐུབ་ཀྱང་གནོད་མི་བྱེད་པའི་དམ་བཅའ་ཉིན་རེ་བཞིན་འཇོག་པ་དང་། མི་གཞན་ལའང་དེ་ལྟར་ཤོད་ཀྱི་ཡོད། འདི་འདྲའི་ཐོག་ནས་མི་ཚེ་བསྐྱལ་བ་ཡིན། ད་ཆ་ལོ་ཧྲིལ་བུ་རྩིས་ན་བདུན་བཅུ་དོན་བདུན་ལ་སླེབས་ཀྱི་ཡོད། སྔོན་མ་ལན་གཅིག་བརྗོད་པ་ཡིན་བསམ་གྱི་འདུག པར་འདི་ཚོར་ལྟ་སྐབས་ཡ་མཚན་སྐྱེ་གི་འདུག ཡ་གིར་ཡོད་པའི་ཟི་ལིང་སྐུ་འབུམ་ཉེ་འདབས་ཁུ་ནའི་གྲོང་གསེབ་ཀྱི་ཕྲུ་གུ་འཚུབ་པོ་དེ་ད་ལྟ་འདི་འདྲ་ཞིག་ཆགས་ཡོད། དེ་ལ་རྒྱུ་དང་རྐྱེན་མེད་པ་མིན། རྒྱུ་དང་རྐྱེན་ལའང་མཐོང་ཆོས་ཀྱི་རྒྱུ་དང་རྐྱེན་གཅིག་དང་། སྤྱིར་བཏང་ང་རང་ཚོ་མིའི་མཐོང་ཆོས་སུ་མེད་པའི་རྒྱུ་དང་རྐྱེན་བཅས་རིམ་པ་མང་པོ་ཞིག་ཡོད། ནང་པའི་གཞུང་སྦྱངས་མྱོང་བ་དང་། ཉམས་ལེན་བྱེད་མཁན་ཞིག་གི་ངོས་ནས་བཤད་ན་རྒྱུ་དང་རྐྱེན་ཞེས་པ་འདི་མཐོང་བ་མངོན་གྱུར་དང་། ཅུང་ཟད་ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་བཅས་ཡོད་པ་ཡིན། ངས་ཁྱེད་རང་ཕྲུ་གུ་ཚོར་གཅིག་བརྗོད་འདོད་བྱུང་། ཨ་མ་ལགས་ཀྱིས་ང་ལ་གསུངས་པར། ཡང་སྲིད་རྩད་གཅོད་བྱེད་མཁན་ཀེའུ་ཚང་རིན་པོ་ཆེས་དབུ་ཁྲིད་པའི་ཚོགས་པ་དེ་ང་ཚོའི་ཁྱིམ་ཚང་དུ་འབྱོར་རྒྱུ་ཡིན་པ་ང་ཚོའི་ཁྱིམ་མི་སུས་ཀྱང་ཤེས་ཀྱི་མེད་ལ་གྲོང་ཚོས་ནི་དེ་བས་ཀྱང་ཤེས་ཀྱི་མེད། འོན་ཀྱང་ཁྱེད་རང་ཕྲུ་གུ་ཆུང་ཆུང་གིས་དེ་ཉིན་ཞོགས་པ་སྔ་པོ་ནས་ལངས་ཏེ་དེ་རིང་མི་ཞིག་ཡོང་གི་རེད་ཅེས་བརྗོད་ཀྱི་འདུག་ཅེས་གསུང་གི་འདུག དེ་ཚོའི་གྲས་ནི་ང་རང་ཚོར་མངོན་དུ་མ་གྱུར་བའི་རིམ་པ་ཞིག་གི་ཐོག་ནས་འབྲེལ་བ་ཡོང་གི་ཡོད་པའི་རྟགས་རེད། ང་རང་ཆུང་ཆུང་སྐབས་སློབ་སྦྱོང་བྱེད་པའི་སྐབས་སྒྱིད་ལ་ངན་པོ་ཡོད། རྩེད་མོ་ལ་དགའ་པོ་བྱེད་པ་ལས་སློབ་སྦྱོང་ལ་སུན་གྱི་ཡོད། དེ་ཚོར་བསམས་ན་བག་ཆགས་བཟང་བ་ཞིག་ཨེ་ཡིན་བསམ་གྱི་འདུག གང་ལྟར་མི་ཚེ་དེ་ལྟར་བསྐྱལ་བ་རེད། འཛམ་བུ་གླིང་འདིའི་ཐོག་ལ་མི་དུང་ཕྱུར་བདུན་བཅུ་ཙམ་ཡོད་པའི་ནང་ནས་ང་རང་མི་གཅིག་ཡིན། མི་ཀུན་ལ་ཕན་པའི་བསམ་པ་སྐྱེ་བའི་ནུས་པ་ང་རང་ཚོ་ཚང་མར་ཡོད་པ་རེད། ང་རང་ཚོ་རང་ཉིད་ཕ་མའི་བྱམས་སྐྱོང་གི་འོག་ནས་འཚར་ལོངས་བྱུང་བ་ཡིན་དུས། གཞན་གྱིས་ཇི་ཙམ་བྱམས་རྩེས་བསྐྱངས་པ་དེ་ཙམ་གྱིས་རང་ལ་གཞན་བྱམས་བརྩེས་བསྐྱང་རྒྱུའི་ནུས་པའམ་ས་བོན་ཡོད་པ་ཡིན། རང་ཉིད་མི་ཞིག་ཡིན་པའི་ཆ་ནས་བྱམས་བརྩེ་དགོས། བྱམས་བརྩེ་ཡོད་ན་བདེ་སྐྱིད་ཡོང་བ་ངས་རྟག་པར་བཤད་ཡོད། དེ་རིང་ཁ་ས་ཚན་རིག་གི་ཐོག་ནས་སེམས་ལ་བྱམས་བརྩེ་ཡོད་ན་ལུས་ཀྱི་འཕྲོད་བསྟེན་དང་གཟུགས་པོ་བདེ་ཐང་ལ་ཕན་ཐོགས་ཆེན་པོ་ཡོད་པ་ཚན་རིག་པས་དངོས་སུ་ཤོད་ཀྱི་ཡོད། གཉིས་པ་དེ་ནས་ང་རང་རབ་བྱུང་བསྒྲུབས་པ་དང་། དཔེ་ཆ་བལྟས་པ་ཡིན། འདིའི་པར་གྱི་གོ་རིམ་འཁྲུགས་འདུག ༡༩༥༦ ལོར་པཎ་ཆེན་རིན་པོ་ཆེ་དང་ལྷན་དུ་རྒྱ་གར་ལ་གནས་མཇལ་ཡོང་བ་ཡིན། དེ་ནས་ཕར་ལོག་སྟེ་ ༡༩༥༨ ལོར་གདན་ས་གསུམ་ལ་གྲྭ་བསྐོར་དམ་བཅའ་བཞག་པ་དང་། དེ་རྗེས་ ༡༩༥༩ ལོར་ལྷ་ལྡན་སྨོན་ལམ་ཆེན་མོར་ལྷ་རམ་དམ་བཅའ་བཞག་པ་རེད། ཆོས་པ་ཞིག་གིས་ཆོས་སློབ་སྦྱོང་དང་དོན་གཉེར་བྱེད་དགོས་ཀྱང་། ང་རང་ཆུང་ཆུང་སྐབས་གོང་དུ་བརྗོད་པ་བཞིན་དོ་སྣང་དང་འདོད་པ་མེད། ཡིན་ནའང་དབང་མེད་ཀྱིས་དོ་སྣང་དང་དཔེ་ཆ་བློ་འཛིན་སྐྱོར་སྦྱངས་བྱས་ཏེ་དེ་འདྲའི་ངང་འཚར་ལོངས་ཀྱིས་རིམ་པས་རང་གི་མི་ཚེའི་ནང་ཇི་ཙམ་དཀའ་ངལ་ཕྲད་ཀྱང་སེམས་ཀྱི་ཞི་བདེ་ལ་འགུལ་བསྐྱོད་ཐེབས་མ་ཐུབ་པ་འདི་སངས་རྒྱས་པའི་ཆོས་ཀྱིས་ཡིན་པ་ངས་ཐག་བཅད་ནས་བཤད་ཐུབ། སངས་རྒྱས་པའི་ཆོས་ཐོས་བསམ་སྒོམ་གསུམ་བྱས་པའི་ཉམས་མྱོང་མེད་ན་རྦད་དེ་སྨྱོ་བའམ། ཡང་ན་གཉིད་ཁུག་པའི་སྨན་ཟས་ཏེ་སྡོད་དགོས་པ་ཡོང་རྒྱུ་ཡང་ངང་ལ་དེ་འདྲ་གང་ཡང་མ་བྱུང་། དཀའ་ངལ་གྱི་རླུང་འཚུབ་ལངས་ཀྱང་དེས་སེམས་ཀྱི་ཞི་བདེ་དཀྲུག་ཐུབ་ཀྱི་མི་འདུག དེ་ནི་སངས་རྒྱས་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱས་པའི་འབྲས་བུ་རེད། ཆོས་པ་ཞིག་ཡིན་པའི་ངོས་ནས་འཛམ་བུ་གླིང་འདིའི་ཐོག་ལ་ཆོས་ལུགས་ཀྱི་མིང་གི་ཐོག་ནས་གསོད་རེས་བྱེད་པ་དང་། ནང་ཁུལ་མི་མཐུན་པ་བྱེད་པ་འདི་ཐབས་སྐྱོ་བོ་རེད་སྙམ། དཔལ་འབྱོར་གྱི་ཐོག་ནས་གསོད་རེས་དང་མི་མཐུན་པ་བྱུང་བ་དེའི་རྒྱུ་མཚན་ཤེས་ཐུབ་པ་དང་། དེ་བཞིན་ཆབ་སྲིད་དབང་ཆའི་འཐབ་རྩོད་བྱེད་པ་དེའི་རྒྱུ་མཚན་ཡང་ཤེས་ཐུབ་པ་ཡིན། ཆོས་ཕྱོགས་ཀྱི་བྱམས་པ་དང་། བརྩེ་བ། བཟོད་པ།་ཆོག་ཤེས་བཅས་ཀྱི་བསླབ་བྱ་ཉམས་ལེན་བྱེད་མཁན་ཞིག་གིས་འཐབ་རྩོད་བྱས་ཏེ་གསོད་རེས་གཏོང་བ་ལ་ཡ་མཚན་སྐྱེ་གི་འདུག དེར་བརྟེན་འཛམ་བུ་གླིང་འདིའི་ཐོག་ལ་ཆོས་ལུགས་ཁག་མཐུན་སྒྲིལ་ཡོང་ཐབས་ཐད་ངས་འདས་པའི་ལོ་མང་པོའི་གོང་སྟེ་ཕལ་ཆེར་ལོ་རབས་དྲུག་ཅུ་པའི་ནང་ཙམ་ནས་འགོ་བཙུགས་པ་ཡིན། འཛམ་གླིང་སྤྱི་ལ་སྤྱི་སེམས་བཅངས་ཏེ་བྱམས་བརྩེ་གཞི་ལ་བཞག་ནས་སྤྱི་སེམས་བྱེད་དགོས་པ་ལོ་རབས་དྲུག་ཅུ་བདུན་བཅུའི་ནང་ནས་འགོ་བཙུགས་པ་ཡིན། མིའི་བདེ་སྐྱིད་རྩ་བ་སེམས་ཀྱི་བདེ་སྐྱིད་ལས་བྱུང་བ་ལས། རྒྱུ་དངོས་པོ་དང་། སྟོབས་དང་དབང་ཤུགས་ལས་བྱུང་བ་མ་རེད་ཅེས་འཛམ་གླིང་གང་སར་བཤད་ཡོད། དེ་འདྲའི་ཕན་ཐོགས་བྱེད་རྒྱུ་འདི་ང་རང་མ་ཤི་བར་བྱ་རྒྱུ་ཡིན། དེ་བཞིན་ཆོས་པ་ཞིག་ཡིན་པའི་ངོས་ནས་ཆོས་ལུགས་མཐུན་སྒྲིལ་ཐད་ཞབས་འདེགས་བསྒྲུབ་རྒྱུ་དེ་ཡང་ང་རང་མ་ཤི་བར་བྱ་རྒྱུ་ཡིན། ཆབ་སྲིད་ཀྱི་འགན་དབང་ནི་ད་ལྟ་གསུང་བཤད་ནང་གསུངས་པ་བཞིན་ང་རྒས་ཡོལ་ཆ་ཚང་བྱས་ཏེ་བསྡད་ཡོད། རྒས་ཡོལ་བྱས་ནས་དུས་ཡུན་གང་ཙམ་སོང་བ་དེའི་རིང་ཁྱེད་རང་ཚོ་འབྲེལ་ཡོད་ཚང་མས་དངོས་ནས་འཁུར་བསྐྱེད་དེ་ཧུར་ཐག་གནང་སོང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། ད་དུང་ཡིན་ན་ཡང་ད་ལྟ་གསུང་བཤད་ནང་གསུངས་པ་བཞིན་ཧུར་བསྐྱེད་གནང་རོགས་ཞུ་རྒྱུ་ཡིན། དེ་ནས་ཁྱེད་རང་ཚོ་དེ་རིང་འདིར་བཞུགས་པའི་སྐུ་མགྲོན་ཁྱེད་རྣམས་ལ་ངས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག འཛམ་གླིང་རང་དབང་ལུང་པའི་ས་ཁུལ་མང་པོའི་ནང་དེ་རིང་རྒྱལ་བ་རིན་པོ་ཆེའི་སྐྱེས་སྐར་རེད་ཅེས་དགའ་དགའ་སྤྲོ་སྤྲོའི་རྟེན་འབྲེལ་བྱེད་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་གི་ཡིན། ལྷག་པར་ང་ལ་བོད་མི་མ་ཡིན་པའི་གྲོགས་པོ་མང་པོ་ཡོད་པ་ད་ལྟ་བློན་ཆེན་ནས་གསུངས་པ་ལྟར་ཡིན། ངས་དུས་རྒྱུན་རྒྱ་གར་བར་ཁྱེད་ཚོ་ང་ཚོའི་བླ་མ་དང་། ང་ཚོ་ནི་ཁྱེད་ཚོའི་དགེ་ཕྲུག་ཡིན་ཞེས་བརྗོད་ཀྱི་ཡོད། རྒྱ་གར་ནང་གི་ཆོས་ལུགས་རིས་མེད་ཀྱིས་ཤ་ཚའི་ཐོག་ནས་གྲོགས་པོ་བྱས་ཏེ་ཡག་པོ་ཡོད། ཚང་མར་ཐུགས་རྗེ་ཆེ་ཞུ་གི་ཡོད། དེ་བཞིན་རྒྱ་རིགས་ཀྱི་གྲོགས་པོ་མང་པོ་ཞིག་ཡོད། ན་ནིང་རྒྱ་རིགས་གྲོགས་པོ་དེ་འདྲ་ནས་ངའི་སྐྱེ་སྐར་ཉིན་ང་ཚོས་སྨོན་ལམ་རྒྱག་གི་ཡོད་ཅེས་ང་ལ་ལན་འབྱོར་བྱུང་། དེར་བརྟེན་ཁོང་ཚོར་ཡང་ཐུགས་རྗེ་ཆེ་ཞུ་གི་ཡིན། ཡང་སྒོས་ལྷག་པར་ཅན་དུ་བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་ལུས་པོ་བཙན་དབང་འོག་གནས་ཏེ་ཕྱིའི་རྣམ་འགྱུར་བཟང་ངན་ཙམ་ལ། ལམ་སང་ཉེས་པ་འཕོག་པ་དང་། བཙོན་བཅུག་བྱེད་པ། ཉེས་རྡུང་གཏོང་བ་བཅས་ཀྱི་འོག་ནང་སེམས་ཀྱི་དད་པ་དམ་ཚིག་ནམ་ཡང་གཡོ་བ་མེད་པར་གནས་བཞིན་ཡོད་པའི་གཞིས་ལུས་བོད་རྒྱ་ཆེའི་མི་མང་རྣམས་ཀྱིས་དེ་རིང་ངའི་སྐྱེ་སྐར་རེད་ཅེས་སེམས་ཀྱི་ནང་ལ་ཚོར་བ་ཤུགས་ཆེན་པོ་ཞིག་ཡོད་པ་རེད། ཁྱེད་ཚོ་ཚང་མར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་གི་ཡིན། དཀའ་ངལ་མང་པོ་ཞིག་གི་འོག་ཏུ་སོ་སོའི་མི་རིགས་ཀྱི་ལ་རྒྱ་ཞེན་ཁོག་དང་ལྷག་བསམ་རི་བོ་ལྟར་གཡོ་མེད་དུ་གནས་པར་བསྔགས་བརྗོད་དང་། རྗེས་སུ་ཡི་རངས་ཡོད། ཁྱེད་རང་ཚོ་ཚང་མར་ཐུགས་རྗེ་ཆེ་ཞུ་གི་ཡིན། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སྩལ།