སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་དུ་ལྷོ་ཤར་ཨེ་ཤ་ཡའི་གསུང་ཆོས་བཀའ་དྲིན་སྩལ་པ།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་པ་ཁག་གཅིག་གིས་ཇི་ལྟར་གསོལ་བ་བཏབ་པར་བཀའ་བཞེས་བཟང་པོ་ཐོབ་སྟེ་ ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༤ ནས་ ༦ བར་མགོན་པོ་གང་ཉིད་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོས་ཞུ་བ་ལྷོ་ཤར་ཨེ་ཤ་ཡ་གཙོ་བོ་གྱུར་པའི་ཕྱི་ནང་གི་དད་ལྡན་མི་མང་རྣམས་ལ་སློབ་དཔོན་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཀའ་ཁྲིད་སྔ་ལོའི་འཕྲོས་ཀྱི་ལེའུ་ལྔ་པ་ནས་དབུ་འཛུགས་མཛད་ཡོད། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བའི་འཐུས་མི་བཞིས་སྤོས་སྣེས་སྔོན་བསུས་ཏེ་༸ གོང་ས་མཆོག་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་འདེན་ཞུས། བཞུགས་ཁྲིར་༸ཞབས་སོར་འཁོད་པ་དང་རྒྱ་སྐད་དང་པཱ་ལི་སྐད། བོད་སྐད་བཅས་ཀྱི་ཐོག་ནས་རིམ་བཞིན་ཤེས་རབ་སྙིང་པོ་གསུངས་གནང་།

དེ་རྗེས་༸གོང་ས་མཆོག་ནས་དེར་འདུས་ལྷོ་ཤར་ཨེ་ཤ་ཡའི་ཡུལ་གྲུ་མཱ་ལི་ཤི་ཡ་དང་། སིངྒ་པུར། ཝི་ཏི་ནམ་བཅས་ཀྱི་དད་ལྡན་ཆོས་ཞུ་བ་ ༤༠༠ ཙམ་དང་། ཨ་རི་སོགས་ཕྱི་རྒྱལ་ཡུལ་གྲུ་ ༥༧ ནས་ཁྱོན་མི་གྲངས ༨༩༢ བརྒལ་བ། དེ་བཞིན་རང་རིགས་བཅས་ཁྱོན་མི་གྲངས་ ༥༠༠༠ བརྒལ་བར་ཐོག་མར་ནང་ཆོས་ངོ་སྤྲོད་མཛད་པ་སྐབས་དེར་བཀའ་གནང་དོན། དེ་རིང་འདིར་བོད་ནས་གསར་དུ་འབྱོར་བ་ཁ་ཤས་ཡོད། ཁྱེད་རང་ཚོར་ཆ་བཞག་ན་ནང་ཆོས་ངོ་སྤྲོད་ཀྱི་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཞེ་དྲག་མེད། དེ་རིང་ཆོས་འབྲེལ་བྱ་རྒྱུའི་དུས་ཚོད་འཁེལ་བ་ཡག་པོ་བྱུང་ཡོད། དེར་བརྟེན་ཁྱེད་རང་ཚོས་གཟབ་ནན་གྱིས་ཉན་དགོས། དེ་རིང་སངས་རྒྱས་པའི་ཆོས་འགྲེལ་བཤད་བྱ་རྒྱུ་ཡིན། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ལེའུ་བཞི་སྔོན་མ་ལོ་འགའ་ཤས་བསྟུད་དེ་ཆོས་འབྲེལ་ཟིན་ཞིང་། དེ་རིང་ལེའུ་ལྔ་པ་ནས་འཆད་རྒྱུ་ཡིན། ནམ་རྒྱུན་འཆར་ཅན་སྔོན་ལ་སྤྱི་བཤད་འཆད་རྒྱུ་ཡིན་པས་འདིར་གནད་འགག་ཡོད། སངས་རྒྱས་པའི་ཆོས་ཡོངས་གྲགས་བྱས་ན། ལོ་ངོ་ཉིས་སྟོང་དྲུག་བརྒྱ་ཙམ་གོང་སངས་རྒྱས་བཅོམ་ལྡན་འདས་རྒྱ་གར་དུ་ཕེབས་ནས་རིམ་པས་ཆོས་ཀྱི་འཁོར་ལོ་བསྐོར་གནང་བ་རེད། ད་ལྟ་ང་ཚོ་དུས་རབས་ཉེར་གཅིག་ནང་སླེབས་ཡོད། འདས་པའི་ལོ་སྟོང་ཕྲག་གཉིས་གསུམ་གོང་ནས་བྱུང་བའི་ཆོས་བརྒྱུད་གཙོ་ཆེ་མང་པོ་ཞིག་དུས་ད་ལྟའང་འཛམ་གླིང་ཐོག་གི་མི་མང་པོའི་སེམས་ཀྱི་རེ་བ་བཅོལ་ས་ཆགས་ཡོད། སྤྱིར་བཏང་ཆོས་ཞེས་པ་འདི་མི་ལ་དཀའ་ངལ་འཕྲད་དེ་སོ་སོས་ཐབས་ཤེས་མ་ཐུབ་པའི་ཛ་དྲག་གི་སྐབས་སུ་རེ་བ་བཅོལ་ས་ཞིག་ཡོང་གི་ཡོད། ཆོས་ལུགས་ཀྱི་ནང་རང་ལས་ནུས་པ་ཆེ་བའི་སྐྱབས་གནས་ཤིག་ཡོད་པར་བརྩིས་ཏེ། མ་མཐར་སོ་སོའི་བློ་གཏད་བཅོལ་ས་ཡུལ་ལྷ་གཞི་བདག་ཟེར་བའི་ལྷ་གསོལ་བྱ་རྒྱུ་ཡོང་གི་ཡོད། སོ་སོར་དཀའ་ངལ་འཕྲད་སྐབས་བློ་གཏད་བཅོལ་ཡུལ་དེས་སྐྱོབ་ཀྱི་རེད་ཅེས་ཤོད་སྲོལ་ཞིག་ཡོང་གི་ཡོད། ཆོས་ལུགས་ནང་ནས་དད་པ་བྱེད་ཡུལ་དང་འགྲེལ་བཤད་རྒྱག་རྒྱུའི་ལྟ་གྲུབ་ཡོད་པའི་ཆོས་ལུགས་སྔ་ཤོས་ཕལ་ཆེར་ཧིན་རྡུའི་གྲང་ཅན་པ་ཆགས་ཡོད། དེ་བཞིན་ཨི་ཇིབ་ལ་སྔ་མོ་ལོ་ངོ་སྟོང་ཕྲག་བཞི་ཙམ་སྔོན་ནས་ཆོས་ལུགས་ཡོད་ཅེས་ཤོད་སྲོལ་འདུག དེ་བཞིན་རྒྱ་ནག་ནང་དུའང་ནང་ཆོས་ལ་དད་པ་བྱེད་མཁན་མང་པོ་ཡོད། ལྟ་གྲུབ་ཤུགས་ཆེན་པོ་ཡོད་པ་ཕལ་ཆེར་བ་རྒྱ་གར་ནས་རེད། དེ་རིང་ཁ་སང་ཕལ་ཆེར་རྒྱ་གར་ནང་འཛམ་གླིང་གི་ཆོས་ལུགས་ཚང་མ་མཉམ་མཐུན་དུ་གནས་ཡོད་པ་ལྟ་བུ་ཞིག་རེད། རྒྱ་གར་རང་ལ་གྲང་ཅན་པ་ནས་བཟུང་མུ་སྟེགས་པའི་གྲུབ་མཐའ་མང་པོ་ཞིག་ཡོད། དེ་རྗེས་སངས་རྒྱས་པའི་གྲུབ་མཐའ་དེ་དག་བྱུང་ཡོད་ཅེས་དང་།

ད་ལྟ་ང་ཚོ་དུས་རབས་ཉེར་གཅིག་ནང་སླེབས་ཡོད་ཀྱང་། ཆོས་བརྒྱུད་གཙོ་ཆེ་བ་དེ་དག་གིས་འཛམ་གླིང་གི་མི་མང་པོ་ཞིག་ལ་ཕན་ཐོགས་ཡོང་གི་ཡོད། ངོས་ཀྱིས་ནམ་རྒྱུན་ང་རང་ཚོ་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་དེ་དག་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་ཤ་སྟག་རེད། མི་དུང་ཕྱུར་བདུན་ཅུ་ཡོད་པ་རྣམས་ཆོས་ལ་དད་པ་བྱས་ཏེ་ཆོས་ཁས་ལེན་མཁན་ཁག་གཅིག་དང་། ཆོས་མཁས་མི་ལེན་ཞིང་དེས་མི་ལ་མགོ་སྐོར་དང་བཤུ་གཞོག་ལས་ཕན་ཐོགས་མེད་པའི་ལྟ་ཚུལ་འཛིན་མཁན་ཁག་གཅིག་ཡོད། ཆོས་ལ་ངོ་རྒོལ་མི་བྱེད་ཅིང་བཏང་སྙོམས་སུ་སྡོད་མཁན་ཁག་གཅིག་ཡོད། དེ་དག་གསུམ་པོ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་མཚུངས་རེད། ཞིབ་འཇུག་གྱིས་དང་། ཆོས་ཟེར་བ་ཕན་ཐོགས་མེད་ཅེས་ཤོད་མཁན་དེ་དག་གིས་དྲང་བདེན་དང་། བྱམས་བརྩེར་ཧ་ལམ་དོ་སྣང་བྱེད་ཀྱི་མེད་པས་སོ་སོ་དང་སྤྱི་ཚོགས་ནང་སྐྱིད་པ་ཕལ་ཆེར་མེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱིས་དཀོན་མཆོག་ལ་ཞེད་སྣང་བྱས་ཏེ་བག་ཡོད་བསྟེན་གྱི་ཡོད། དེ་བཞིན་ཆོས་བརྒྱུད་གཙོ་ཆེ་བ་ཚང་མར་དྲང་པོ་དང་བྱམས་བརྩེ་བྱེད་དགོས་ཞེས་པའི་བསླབ་བྱ་གཅིག་མཚུངས་སུ་ཡོད། རང་རང་གི་ཆོས་ལུགས་ལ་ཡིད་ཆེས་བྱས་ཏེ་ལག་ལེན་བསྟར་ཐུབ་ན། ཏན་ཏན་སེམས་སྐྱིད་པ་ཡོང་གི་རེད། ངོས་ཀྱིསཡི་ཤུ་དང་། ཁ་ཆེ། ཇིའུ། དེ་དང་དེ་འདྲའི་ཆོས་བརྒྱུད་ཀྱི་ཆོས་པ་མང་པོ་ཞིག་ངོ་ཤེས་ཀྱི་ཡོད། སོ་སོའི་ཆོས་ལུགས་དེར་ཡིད་ཆེས་ཀྱི་ཐོག་ནས་ཉམས་ལེན་བྱེད་མཁན་དེ་དག་སོ་སོའི་སེམས་བག་ཕེབས་ཡོད་པ་ཙམ་དུ་མ་ཟད། དཀའ་ངལ་འཕྲད་སྐབས་དེར་གདོང་ལེན་བྱ་རྒྱུའི་ཐད་ཕན་ཐོགས་ཡོང་གི་ཡོད། དེར་བརྟེན་ཆོས་ཀྱི་དགོས་དོན་ནི་དེ་མིའི་བདེ་སྐྱིད་བསྒྲུབ་རྒྱུ་དེ་རེད་འདུག ཅེས་སོགས་བཀའ་སྩལ་རྗེས་ཆོས་འབྲེལ་དངོས་གཞི་དབུ་འཛུགས་གནང་ཡོད། ཉིན་གཉིས་པར་ཡང་སྔར་བཞིན་ཞོགས་པ་ཕྱག་ཚོད་༠༩/༣༠ ནས་ ༡༡/༣༠ བར་དང་། ཉིན་རྒྱབ་ཕྱག་ཚོད་༡ ནས་༣ བར་གསུང་ཆོས་བཀའ་དྲིན་སྩལ་བར་མ་ཟད། ཉིན་གསུམ་པར་ཞོགས་པ་ཕྱག་ཚོད་༨།༣༠ ཐོག་སྒྲུབ་བཞག་དབུ་འཛུགས། ཕྱགས་ཚོད་༩།༠༠ གསུང་ཚོས་དབུ་འཛུགས་ཀྱིས་ཐོག་མར་ཁྱིམ་པ་ཕོ་མོ་དོན་གཉེར་ཅན་རྣམས་ལ་དགེ་བསྙེན་གྱི་བསླབ་སྡོམ་སྩལ་ཞིང་དེ་རྗེས་སྨོན་སེམས་ཆོ་གས་བཟུང་སྟེ་བྱང་ཆུབ་སེམས་པའི་སྡོམ་པ་དང་། ༸གོང་ས་ལྔ་པ་ཆེནཔོའི་དག་སྣང་སྒྲོལ་མའི་རྗེས་སྣང་བཅས་བཀའ་དྲིན་སྩལ། ཉིན་རྒྱབ་ཏུ་སེངྒ་པུར་གཙོ་གྱུར་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ནས་ཕུལ་པའི་བཀའ་དྲི་ཁག་ལ་བཀའ་ལན་སྩལ་བ་དང་། མཇལ་ཁ་གནང་། སྐུ་པར་ལྷན་སྒྲོན་བཅས་ཞུས་ཏེ་ཐེངས་འདིའི་གསུང་ཆོས་ལེགས་པར་གྲུབ་ཡོད། གོང་གསལ་གསུང་ཆོས་ཆ་ཚང་འདི་ག་དྲ་རྒྱའི་དྲ་བརྙན་ནས་གཟིགས་ཐུབ། ཐེངས་འདིའི་ཉིན་གསུམ་རིང་གི་ཆོས་འབྲེལ་དབྱིན་སྐད་དང་། རྒྱ་སྐད་ཀྱིས་གཙོས་པའི་སྐད་ཡིག་འགའ་ཤས་ནང་གསུང་སྒྱུར་ཞུས་ཡོད།