༸གོང་ས་མཆོག་ཨ་རིའི་ནང་མཛད་འཕྲིན་སྐྱོང་བཞིན་པ།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིར་ཡོད་པའི་(Syracuse University)སེ་ར་ཁུ་སིའི་གཙུག་ལག་སློབ་གཉེར་ཁང་ནས་གསོལ་འདེབས་ཞུས་པར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༨ ཉིན་ནས་བཟུང་ཨ་རིའི་ཤར་ཕྱོགས་ཀྱི་མངའ་སྡེ་ཁག་གཅིག་ལ་མཛད་འཕྲིན་བསྐྱང་རྒྱུའི་ཐོག་མར་ནིའུ་ཡོཀ་མངའ་སྡེའི་སེ་ར་ཁུ་སི་ས་གནས་སུ་ཡོད་པའི་གཙུག་ལག་སློབ་གཉེར་ཁང་དུ་གོང་ཚེས་ཉིན་༸གོང་ས་མཆོག་གིས་ཞི་བདེའི་གླེང་སྟེགས་ཞེས་པའི་འདུ་འཛོམས་ཐོག་མང་ཚོགས་ ༢༠༠༠ བརྒལ་བར་ལ་བཀའ་སློབ་སྩལ་ཡོད་པ་རེད། ༸གོང་ས་མཆོག་ནས་བཀའ་གནང་དོན། ངོས་འདི་གར་ཡོང་སྟེ་ཁྱེད་རང་ཚོ་དང་ཐུག་པར་ཅ་ཧང་དགའ་པོ་བྱུང། འཛམ་གླིང་འདིར་དོན་དམ་གྱི་ཞི་བདེ་བསྐྲུན་ཆེད་ཁ་ནས་གཏམ་བཤད་ཙམ་མ་ཡིན་པར་དངོས་ནས་ཞི་བདེ་ཡོང་ཆེད་ལས་དོན་བསྒྲུབ་དགོས་པ་ཡིན། ཞི་བདེ་ནི་གནམ་ནས་གཟགས་པའམ་ཡང་ན་སྨོན་ལམ་བརྒྱབ་ནས་ཡོང་རྒྱུ་ཞིག་མིན་པས་དོན་དམ་པའི་ཞི་བདེ་ཡོང་ཆེད་དངོས་ཡོད་གནས་ཚུལ་ཤེས་པའི་སྒོ་ནས་ལས་དོན་བསྒྲུབ་དགོས། དུས་རབས་ཉེར་གཅིག་པ་འདི་ཞི་བདེའི་དུས་རབས་ཤིག་ཡོང་བ་ལ་ལྷག་པར་གཞོན་སྐྱེས་ཚོས་ཞི་བདེའི་ཆེད་འགན་ཁུར་ཆེ་ཙམ་ལེན་དགོས། ངོས་ཀྱི་མི་ཚེའི་ནང་གནས་ཚུལ་གསལ་པོ་མཐོང་བ་ནི། དམག་འཁྲུག་གི་འདུ་ཤེས་ཞེས་པ་དུས་རབས་ཉི་ཤུའི་འགོ་སྟོད་ལ་རྒྱལ་ཁབ་ཕན་ཚུན་དགྲ་ཟླར་བཟུང་སྟེ་དམག་འཁྲུག་རྒྱག་སྐབས་མི་མང་གི་ངོས་ནས་དམག་རྒྱག་དགོས་དོན་གང་ཡིན་བསམ་བློ་ཙམ་ཡང་མ་བཏང་བར་སོ་སོའི་རྒྱལ་ཁབ་ལ་རྒྱལ་ཁབ་གཞན་ནས་དམག་རྒྱག་དུས་རང་ཉིད་དམག་ནང་མཉམ་ཞུགས་བྱེད་ཀྱི་ཡོད། ལྷག་པར་མི་མང་གིས་སོ་སོའི་རྒྱལ་ཁབ་ཀྱི་དམག་མིར་བསྟོད་བསྔགས་བཏང་སྟེ་ཁོང་ཚོའི་སེམས་ཤུགས་སྐུལ་ལྕགས་བཏང་ཡོད། འོན་ཀྱང་ཝི་ཏི་ནམ་གྱི་དམག་འཁྲུག་གི་རྗེས་ནས་མི་མང་གི་དམག་འཁྲུག་སྐོར་བསམ་བློ་གཏོང་ཕྱོགས་འགྱུར་པ་ཧ་ཅང་ཆེན་པོ་ཕྱིན་ཡོད། དེང་སྐབས་མི་མང་ཚོས་དམག་འཁྲུག་ག་རེའི་དོན་དུ་རྒྱག་གི་ཡོད་དམ་ཞེས་དྲི་བ་འདོན་བཞིན་ཡོད།

དེ་བཞིན་ངོས་རང་ཆུང་དུས་ཁོར་ཡུག་གལ་ཆེན་པོ་ཡིན་པ་ཤེས་ཀྱི་མེད། དུས་རབས་ཉི་ཤུ་པ་མཇུག་བསྒྲིལ་རྗེས་མི་མང་དང་། འགོ་ཁྲིད་ཕྱོགས་གཉིས་ཀས་ཁོར་ཡུག་སྲུང་སྐྱོབ་ཐོག་བསམ་བློ་བཏང་བ་མ་ཟད། ལས་འགུལ་ཡང་སྤེལ་དང་སྤེལ་མུས་སུ་ཡོད། གཞི་རྩ་ང་ཚོས་ལོ་སྟོང་ཕྲག་སྔོན་ནས་ལྷ་དང་བླ་མར་གསོལ་བ་བཏབ་སྟེ་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་ཆེད་སྨོན་ལམ་བརྒྱབ་སྟེ་རེ་བ་བྱས་ཡོད། འདས་པའི་མི་ལོ་ངོ་ཉིས་བརྒྱའི་སྔོན་ཙམ་ལ་ཚན་རིག་དང་འཕྲུལ་ཆས་རིགས་ཡར་རྒྱས་ཤུགས་ཆེན་པོ་བྱུང་ཡོད། དེར་བརྟེན་ཕྱི་དངོས་པོའི་ཡར་རྒྱས་ཀྱིས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་རྒྱུའི་རེ་བ་བྱས་ཡོད། འོན་ཀྱང་དེང་གི་སྐབས་སུ་ཚན་རིག་པ་ཚོར་ཕྱིའི་དངོས་པོ་ཡར་རྒྱས་གཅིག་པུས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་ཐབས་མེད་པ་ར་འཕྲོད་བྱུང་ཡོད།  བདེ་སྐྱིད་ཀྱི་གཞི་རྩ་གཙོ་བོ་དེ་སེམས་དང་ཚོར་བ་གཉིས་ལ་བརྟེན་ཏེ་ཡོད་པ་རིམ་བཞིན་ཤེས་རྟོགས་ཡོང་བཞིན་ཡོད། ངོས་ཀྱི་བསམ་པར་ད་ལྟའི་དུས་སྐབས་འདིར་བློ་གྲོས་ལྡན་པའི་མི་མང་ཁག་གཅིག་གིས་དམིགས་བསལ་སེམས་དང་ཚོར་བའི་ཐོག་ལ་དོ་སྣང་བྱེད་བཞིན་ཡོད་པར་མཐོང་། སྤྱིར་ན་མི་དེ་རིགས་མི་གྲངས་མང་པོ་མིན། ངས་དེ་ལྟར་བརྗོད་པ་ནི་དཔལ་འབྱོར་ཡོད་པའི་མི་ཚང་མ་བློ་གྲོས་ལྡན་པ་རེད་ཅེས་བརྗོད་ཀྱི་མེད། ཉམས་མྱོང་གི་ཐོག་ནས་བཤད་ན་འབྱོར་ལྡན་པ་ཁག་གཅིག་ལ་ཚོར་བ་དེ་ཡོང་གི་ཡོད་འདུག ངོས་ཀྱིས་བསམ་པར་དེ་ནི་ད་ལྟའི་དུས་སྐབས་དང་མཐུན་པའི་ཐབས་ལམ་ཡག་ཤོས་ཤིག་རེད་སྙམ། གང་ལགས་ཤེ་ན། ང་ཚོའི་ཕྱིའི་གཟུགས་ཕུང་དང་སེམས་ཚོར་གྱི་སྐྱོན་ཆ་ཡོ་བསྲང་བྱེད་ཐུབ་པར་མ་ཟད། ལྷག་པར་དེའི་ནང་ནས་ཀླད་པའི་ཚོར་ཤེས་ལས་སེམས་ཚོར་གལ་ཆེ་བ་ཆགས་ཡོད། ཀླད་པའི་ཚོར་ཤེས་ཀྱིས་ང་ཚོས་བརྡ་ལན་སྤྲོད་པ་ཙམ་ལས་ཚོར་བ་དངོས་ནི་སེམས་ཀྱི་ཐོག་ནས་ཡོང་གི་ཡོད།

དཔེར་ན། མི་ཞིག་གི་བསམ་བློ་ཞི་བདེ་བག་ཕེབས་ཐོག་གནས་ཡོད་ན། ཕྱིའི་གཟུགས་པོར་དཀའ་ངལ་འཕྲད་ཀྱང་དཀའ་ངལ་གྱི་ཚོར་བ་དེ་ཙམ་ཡོང་གི་མེད། ཕྱོགས་གཞན་ཀླད་པའི་ཐོག་ནས་བཤད་ན། དཀའ་ངལ་ཆུང་དུ་འགྲོ་བ་དེ་འདྲ་གང་ཡང་ཡོང་གི་མེད། དེར་བརྟེན་ད་ལྟའི་དུས་སྐབས་སུ་ཕྱིའི་གཟུགས་པོ་དང་ཀླད་པའི་ཚོར་བ་གཉིས་ཀྱིས་མིའི་བདེ་སྡུག་གི་དཀའ་ངལ་ཡོངས་རྫོགས་སེལ་མི་ཐུབ་པས་ནང་སེམས་ལ་བསྒྱུར་བཅོས་གཏོང་དགོས་པ་ར་སྤྲོད་བྱུང་བར༌བརྟེན། ད་ཆ་དུས་དང་མཐུན་པའི་འགྱུར་བ་རང་བཞིན་གྱིས་འགྲོ་གི་ཡོད། ཕྱི་དངོས་པོ་ཡར་རྒྱས་ཕྱིན་པ་ཙམ་གྱིས་ནང་སེམས་ལ་ཞི་བདེ་ཡོང་གི་མེད་པ་མང་ཚོགས་ལ་ཤེས་ཡོན་ཐོག་ནས་གསལ་བཤད་བྱེད་དགོས་པ་དང་། ཕྱི་དངོས་པོ་ཡར་རྒྱས་ཕྱིན་པ་གཅིག་པུས་ང་ཚོའི་དཀའ་ངལ་སེལ་ཐབས་མེད་པའི་ངོ་སྤྲོད་དེ་དག་ལྷ་ཡུལ་དང་ཀླུ་ཡུལ་སོགས་དང་འབྲེལ་བ་མེད་པའི་སྒོ་ནས་གསལ་བཤད་བྱེད་དགོས། དེ་ཡང་ཁྲིམས་ཐོག་ནས་བཀའ་བཏང་བ་ལྟ་བུ་མིན་པར་མང་ཚོགས་ལ་ཤེས་ཡོན་སློབ་གསོའི་ལམ་ནས་ནང་སེམས་ཀྱི་ཞི་བདེ་གལ་ཆེན་པོ་ཡིན་སྐོར་འགྲེལ་བཤད་བྱེད་དགོས། ཞེས་སོགས་བཀའ་སྩལ་ཡོད་པ་རེད། ལྷན་ཚོགས་དེར་ཆེད་ཕེབས་གནང་མཁན་གྲས་སུ་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་བློན་ཆེན་ཟུར་པ་(R.James Woolsey)མཆོག་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཟུར་པ་ (Andre Young ) ཨི་རན་ནས་ཡིན་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་(Shirin Ebadi) ཨི་ཇིབ་ནས་ཡིན་པའི་(Mohamed Elbaradei) ཨ་རི་ནས་ཡིན་པའི་(Martin Luther King three) གསར་འགོད་པ་གྲགས་ཅན་(Irshad Manji) རྒྱ་གར་གྱི་གཞས་པ་གྲགས་ཅན་(A.R.Rehman)མཆོག་བཅས་ཀྱིས་བརྗོད་གཞི་དང་འབྲེལ་བའི་ཐོག་རིམ་བཞིན་གསུང་བཤད་གནང་ཡོད་པ་རེད།

ཕྱི་ཚེས་ ༩ ཉིན་༸གོང་ས་མཆོག་གིས་༼འཛམ་གླིང་ནང་ཆིག་སྒྲིལ་གྱི་ཐོག་ནས་རྩོད་རྙོག་འདུམ་སྒྲིག་བྱེད་ཕྱོགས།༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད་པ་དང་། ཉིན་རྒྱབ་སཱེ་རཱི་ཁུ་སི་གཙུག་ལག་སློབ་གྲྭའི་རྩེད་ཐང་དུ་ཚོགས་པའི་(COMMON GROUND FOR PEACE) རོལ་དབྱངས་འདུ་འཛོམས་ཐོག་ཆིབས་སྒྱུར་བསྐྱངས་ཏེ། ཁུལ་དེའི་མི་མང་ ༡༥༠༠ བརྒལ་བར་གོ་གནས་ཀྱི་ཆེ་ཆུང་ལ་མ་ལྟོས་པར་མི་སུ་ཡིན་རུང་། སྤྱི་ཚོགས་ལ་མ་བརྟེན་པར་བདེ་སྐྱིད་ནམ་ཡང་ཡོང་ཐབས་མེད་པ་དང་། མི་ཚེ་དོན་ལྡན་ཞིག་ཡོང་བར་གཞན་ལ་བསླུ་བྲིད་དང་བཤུ་གཤོག་གཏོང་མི་རུང། རང་གཅེས་འཛིན་བྱེད་པ་ལ་བྱེད་སྟངས་ཡོད། མི་གཞན་ལ་གནོད་པ་མ་བསྐྱལ་བར་རང་གཞན་གཉིས་ཀར་ཕན་ཐོགས་ཡོང་བ་དང་། སོ་སོའི་ཁེ་ཕན་སྲུང་སྐྱོབ་བྱེད་པ་དང་ཆབས་གཅིག་གཞན་གྱི་ཁེ་ཕན་ཡང་སྲུང་སྐྱོབ་བྱེད་དགོས། དེང་དུས་ཤེས་ཡོན་སློབ་གསོའི་ནང་བཟང་སྤྱོད་ཀྱི་སློབ་གསོ་ལྡང་གི་མེད་པ་ངོས་འཛིན་བྱས་ནས་མ་འོངས་པའི་མི་རབས་ཚོར་ཆོས་ལུགས་ཀྱི་རྒྱ་ལས་བརྒལ་བའི་བཟང་སྤྱོད་ཀྱི་སློབ་གསོས་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་སྐོར་བཀའ་གནང་ཡོད་པ་རེད།

དེ་ཉིན་སཱེ་རཱི་ཁུ་སི་གཙུག་ལག་སློབ་གྲྭར་གསར་འགྱུར་འགོད་མཁན་གྱི་ཚོགས་འདུའི་ཐོག་༸གོང་ས་མཆོག་གིས་གང་ཉིད་བོད་ཀྱི་ཆབ་སྲིད་དབུ་ཁྲིད་ནས་བགྲེས་ཡོལ་གནང་སྟེ། ཆོས་ཕྱོགས་ཁོ་ནའི་དབུ་ཁྲིད་ཡིན་ཚུལ་ངོ་སྤྲོད་གནང་པ་དང་འབྲེལ། དེང་སྐབས་ཁ་ཤས་ཀྱིས་རང་ཉིད་ནང་པ་ཡིན་ཚུལ་བརྗོད་ཀྱི་ཡོད་རུང་། དོན་ངོ་མའི་ཆོས་ཀྱི་སྙིང་པོ་མ་ཤེས་པར་ཆོ་ག་ཕྱག་ལེན་ཙམ་ལ་མགོ་འཁོར་ནས་ཡོད་སྟབས། གང་ཉིད་ནང་པའི་ཆོས་པ་ཞིག་ཡིན་པའི་ཆ་ནས། དུས་རྒྱུན་བོད་དང་། རྒྱ། ཐེ་ལན་ཌི། ཉི་ཧོང་། འབར་མ། སིངྒ་ལ་བཅས་ཀྱི་ནང་པ་ཚོ་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་པའི་སྐུལ་མ་གནང་གི་ཡོད་ཅེས་གསུངས། སྐབས་དེར་གསར་འགོད་པ་ཞིག་གིས་མེར་བསྲེགས་སྐོར་གྱི་བཀའ་འདྲི་ཞུས་པའི་ལན་འདེབས་དུ། “གནད་དོན་དེ་ནི་ཆབ་སྲིད་ཀྱི་ཚོར་བ་རྣོ་བའི་གནད་དོན་ཞིག་ཡིན་སྟབས།  ངོས་ཀྱིས་ཆབ་སྲིད་འགན་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་བྱས་ཟིན་པ་ལྟར་གནད་དོན་དེའི་ཐད་ང་ཚོའི་ཆབ་སྲིད་འགོ་ཁྲིད་ཀྱིས་ལངས་ཕྱོགས་གསལ་བཤད་གནང་གི་རེད། ངོས་ཀྱིས་ཐོག་མ་ནས་སེམས་སྐྱོ་དགོས་པའི་གནད་དོན་འདི་རྒྱ་ནག་གཞུང་གི་ནོར་འཁྲུལ་གྱི་སྲིད་བྱུས་ལས་བྱུང་བ་རེད་ཅེས་བཤད་ཡོད། ད་ཆ་ཧུའུ་ཡོ་པང་གིས་བཤད་པ་ལྟར་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་སྲིད་བྱུས་དེའི་འབྱུང་རྐྱེན་ཐོག་ཞིབ་འཇུག་དགོས་པར་མ་ཟད། ཏེང་ཞའོ་ཕིང་གིས་བཤད་པ་ལྟར་དངོས་ཐོག་བདེན་འཚོལ་ཐུབ་པ་བྱེད་དགོས། ”ཞེས་གསུངས་འདུག

ཕྱི་ཚེས་ ༡༠ ཉིན་༸གོང་ས་མཆོག་གིས་ཨ་རིའི་གྲོང་ཁྱེར་ཝི་ལི་ཡམ་བྷག་ (Williamsburg) ཏུ། ཝི་ལི་ཡམ་དང་མེ་རི་མཐོ་སློབ་ (College of William & Mary) ཀྱི་སློབ་ཕྲུག་༨༠༠༠ བརྒལ་བར་བྱམས་བརྩེའི་སྐོར་བཀའ་སློབ་སྩལ་ཡོད། དེ་ཡང་འགྲོ་བ་མིར་འཕྲད་བཞིན་པའི་དཀའ་ངལ་རྣམས་སེལ་རྒྱུར་ཐབས་ལམ་རྙིང་པ་བེད་སྤྱོད་བྱས་ན་ནོར་འཁྲུལ་ཡིན། སྨན་པ་ཞིག་ལ་ཆ་མཚོན་ན། ནད་པའི་ན་ཚའི་གནས་སྟངས་ལ་བལྟས་ཏེ་སྨན་བཅོས་བྱེད་དགོས་པ་ལས་ནད་པ་དེ་མི་རིགས་དང་ཆོས་ལུགས། རིགས་རུས། ཤེས་ཚད་བཅས་ཀྱི་དབྱེ་འབྱེད་བྱེད་རྒྱུ་མེད་སྐོར་དང་། ང་ཚོའི་གནད་དོན་ཐོག་ལའང་བྱེད་ཐབས་དེ་རིགས་བེད་སྤྱོད་བྱ་རྒྱུ་གལ་ཆེན་ཡིན་ཚུལ། དུད་འགྲོ་ཞིག་ལ་ཆ་མཚོན་ནའང་རང་གི་ཕྲུ་གུར་བརྩེ་བ་དང་སེམས་ཚོར་ཆེན་པོ་ཡོད་པ་ལྟར། འགྲོ་བ་མིས་ཀྱང་སོ་སོའི་རྣམ་དཔྱོད་བེད་སྤྱོད་བཏང་ནས་རང་གི་གཉེན་ཉེ་ཙམ་དུ་མ་ཟད་དགྲ་བོ་ཚུད་པའི་འགྲོ་བ་སེམས་ཅན་ཀུན་ལ་ཉེ་རིང་མེད་པའི་བྱམས་བརྩེ་བྱེད་ཐུབ་པ་དགོས་སྐོར་གསུངས་ཡོད་འདུག ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ཝར་ཇི་ནི་ཡ་མངའ་སྡེའི་གྲོང་ཁྱེར་ཝི་ལི་ཡམ་བྷག་ (Williamsburg) གནམ་ཐང་དུ་༸ཞབས་སོར་འགོད་སྐབས་ཝི་ལི་ཡམ་དང་མེ་རི་མཐོ་སློབ་ (College of William & Mary) ཀྱི་སློབ་གཉེར་བ་ཀི་ནི་ཐི་ཁིའུ་(kenneth Qui) གཙུག་ལག་སློབ་དཔོན། དེ་བཞིན་མཐོ་སློབ་ཀྱི་ཚོགས་གཙོའི་ལས་ཁུངས་ཀྱི་ཀེ་ཝིན་ཝོ་སི་(Kevin Vose) དང་། ཇེ་རེ་མི་མར་ཊིན་ (Jeremy Martin) བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། དེ་རྗེས་༸གོང་ས་མཆོག་བཞུགས་གནས་མགྲོན་ཁང་དུ་༸ཞབས་སོར་འཁོད་སྐབས་གྲོང་ཁྱེར་ཝི་ལི་ཡམ་བྷག་གྲོང་སྡེའི་སྤྱི་ཁྱབ་སྐུ་ཞབས་ཀ་ལ་ཡེ་ཌི་ཧོལ་མེན་ (Clyde Haulman)གྱིས་ཕེབས་བསུ་ཞུས་ཡོད། དེ་གར་ལྗགས་སྨིན་གྲུབ་མཚམས། མུ་སི་ཀ་ར་རེ་ལེ་ (Muscrarelle Museum) ཞེས་པའི་འགྲེམས་སྟོན་ཁང་དུ་ཆིབས་སྒྱུར་བསྐྱངས། དེ་གར་གོང་གསལ་མཐོ་སློབ་ཀྱི་སློབ་སྤྱི་ཇེ་ཕི་ཊརམ་མེལ་ (Jeff Trammell) ལགས་ཀྱིས་མཐོ་སློབ་ཀྱི་སྐུ་མགྲོན་རྣམས་ལ་༸གོང་ས་མཆོག་ངོ་སྤྲོད་ཞུས་ཡོད་པ་རེད།

སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་དུས་ཡུན་ཐུང་ཐུང་ཞིག་ནང་འདི་གའི་མཐོ་སློབ་རྙིང་ཤོས་གཉིས་པར་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། ལོ་མང་རིང་མི་མང་དང་ཚོགས་པ་སྐྱིད་སྡུག་མང་པོས་འདི་གར་རྒྱབ་སྐྱོར་ཆེད་རོགས་རམ་ཧ་ཅང་ཡག་པོ་གནང་ཡོད། ངོས་ཀྱི་མི་ཚེ་ཧྲིལ་པོའི་ནང་འགན་ཁུར་གཙོ་བོ་གསུམ་ཡོད། དང་པོ་ནི་འགྲོ་བ་མིའི་རིན་ཐང་གོང་སྤེལ་གཏོང་རྒྱུ་དེ་ཡིན། ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཡིན་པར་མ་ཟད། ང་ཚོ་ཚང་མ་བདེ་བ་འདོད་མཁན་དང་སྡུག་བསྔལ་མི་འདོད་མཁན་ཡང་གཅིག་མཚུངས་ཡིན། དེར་བརྟེན་རང་རྒྱུད་ལ་གཞན་ཕན་གྱི་བསམ་བློ་བསྐྲུན་ཐབས་བྱེད་རྒྱུ་དང་།
གཉིས་པ་ནི་ཆོས་ལུགས་ཁག་གི་མཐུན་སྒྲིལ་གོང་འཕེལ་གཏོང་ཐབས་བྱ་རྒྱུ་དེ་ཡིན། ཆོས་ལུགས་ཚང་མས་བྱམས་པ་དང་། བརྩེ་བ། བཟོད་བསྲན་བཅས་དགོས་པ་གསུངས་ཡོད། འོན་ཀྱང་ཆོས་ལུགས་དེ་རྩོད་རྙོག་གི་རྒྱུ་རྐྱེན་ཆགས་ན་དེ་ནི་ང་ཚོ་བོད་པའི་ནང་བཤད་སྲོལ་ཡོད་པ་བཞིན་སྨན་དུག་ཏུ་འགྱུར་བ་ལྟ་བུ་ཆགས་ཡོད། ཆོས་ལུགས་ནང་ཁུལ་གྱི་རྙོག་དྲ་དེ་དག་ནི་གཙོ་བོ་གནས་ཚུལ་ཆ་ཚང་མ་ཤེས་པ་ལས་བྱུང་བ་དང། ཆོས་ལུགས་ཕན་ཚུན་གུས་བརྩི་བྱས་ན་འཆམ་འཐུན་ཡོང་རྒྱུ་གཏན་འཁེལ་པ་རེད།
གསུམ་པ་ནི་བོད་དོན་ཡིན། སྔ་ལོ་ནས་བཟུང་ངོས་ཀྱིས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་བྱས་ཟིན་པ་ཡིན། འོན་ཀྱང་ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས་གང་ཐུབ་ཀྱིས་བོད་སྤྱི་པའི་རྩ་དོན་བསྒྲུབ་རྒྱུ་ནི་འདོར་ཐབས་མེད་པ་ཞིག་ཡིན། ཞེས་བཀའ་སློབ་སྩལ།

 ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ཝར་ཇི་ནི་ཡ་མངའ་སྡེའི་གྲོང་ཁྱེར་ཝི་ལི་ཡམ་བྷག་སིའི་(Williamsburg) དུ་༸ཞབས་སོར་བཀོད་དེ་དགེ་ལས་སློབ་ཕྲུག་ཁྱོན་མི་གྲངས་བརྒྱད་སྟོང་བརྒལ་བར་བྱམས་བརྩེའི་སྐོར་བཀའ་སློབ་སྩལ་གྲུབ་རྗེས་མང་ཚོགས་ཀྱི་དྲི་བར་བཀའ་ལན་སྩལ་ཡོད། དེ་རྗེས་༸གོང་ས་མཆོག་ནས་གཙུག་ལག་སློབ་གྲྭའི་སློབ་ཕྲུག་ཁག་གཅིག་ལ་མཇལ་འཕྲད་གནང་པ་དང་། དེའི་ཁོངས་རྒྱ་ནག་ནས་ཡོང་བའི་སློབ་ཕྲུག་ཀྱང་ཡོད། སྐབས་དེར་རྒྱ་རིགས་སློབ་ཕྲུག་ཅིག་གིས་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་བོད་མིས་ཞི་རྒོལ་ལ་ཁག་དཀྲིས་ཏེ་རྔམ་སྟོན་བྱས་པ་དེ་རྒྱ་ཧན་མི་རིགས་ལ་ངོ་རྒོལ་བྱས་པ་ཞིག་མིན་ནམ། ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་ནས་བཀའ་ལན་སྩལ་དོན། བོད་མི་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཐོབ་ཐང་རྩོད་ཀྱི་ཡོད། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ཐད་དྲིལ་བསྒྲགས་ལོག་པ་བྱེད་བཞིན་ཡོད་པ་དེ་ལ་རྒྱ་ནག་མི་མང་ཚོས་མགོ་འཁོར་ཐེབས་རྒྱུ་མེད།

ཅེས་བཀའ་ལན་སྩལ་པ་དང་སྦྲགས་༸གོང་ས་མཆོག་གིས་འདས་པའི་མི་ལོ་ ༦༠ རིང་གི་ལོ་རྒྱུས་ངོ་མ་ཇི་བྱུང་སོགས་ཀྱི་གནས་སྟངས་ཞིབ་ཕྲ་གསལ་བཤད་ཀྱི་བཀའ་ལན་སྩལ་དོན། ཕྱི་ལོ་ ༡༩༥༩ ལོ་བོད་མིའི་ཞི་བའི་སྒེར་ལངས་ཆེན་མོ་མ་བྱུང་གོང་བོད་མི་མང་པོས་བོད་ནང་དུ་ཡོད་པའི་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་བོད་མིའི་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་ཡང་ཡང་བྱེད་ཀྱི་ཡོད་པ་དང་། རིམ་བཞིན་རྒྱ་ནག་གཞུང་གི་འབྲེལ་ཡོད་ས་གནས་དཔོན་རིགས་ཚོའི་བྱེད་ཕྱོགས་ལ་བོད་མི་ཚོ་ཡིད་ཆེས་ཆུང་དུ་ཕྱིན་མཐར་ཕྱི་ལོ་༡༩༥༥ལོ་དང་། ཕྱི་ལོ་༡༩༥༦ ལོར་བོད་མིའི་ཞི་བའི་སྒེར་ལངས་འགོ་འཛུགས་སྐབས་ཐད་ཀར་དྲག་གནོན་བྱས་པ་ལས། བོད་མི་ཚོའི་མངོན་འདོད་ཇི་ཡིན་ཐོག་བསམ་ཤེས་རྩ་བ་ནས་བྱས་མེད། མའོ་ཙེ་ཏུང་གིས་དཀའ་ངལ་འཕྲད་ཚེ་ཁོང་ལ་ཐད་ཀར་འབྲེལ་བ་བྱེད་དགོས་ཞེས་ང་ལ་བརྗོད་ཡོད་པར་བརྟེན། ངོས་ཀྱིས་ཁོང་ལ་ཞུ་སྙན་ཐེངས་གསུམ་བཞི་བཏང་ཡང་ཡ་ལན་གང་ཡང་མ་བྱུང། ལོ་གཉིས་ཙམ་གོང་རྒྱ་རིགས་ཆོས་གྲོགས་ཤིག་ངོས་དང་ཐུག་འཕྲད་བྱུང། ཁོང་ངོས་དང་མ་ཐུག་གོང་ཆེད་མངགས་བོད་ཀྱི་གནད་དོན་རྟོགས་ཆེད་བོད་དུ་བསྐྱོད་འདུག བོད་ཀྱི་རྒྱལ་ས་ལྷ་སའི་ཇོ་ཁང་མདུན་དུ་བོད་མི་རྣམས་རྐྱང་ཕྱག་འབུལ་བཞིན་ཡོད་པའི་མདུན་དུ་བོད་མིའི་ཆོས་དད་ལ་གུས་བརྩི་སྤུ་ཙམ་མེད་པའི་ཐོག་ནས་རྒྱ་དམག་གིས་དམག་སྦྱོང་བྱེད་བཞིན་པ་མཐོང་བ་བརྗོད་བྱུང། དེར་བརྟེན་ཁོང་གིས་གལ་ཏེ་བོད་ནང་ཁ་བྲལ་བ་ཡོད་ན་ཁ་བྲལ་གཏོང་མཁན་དེ་རྒྱ་མི་རེད། ཅེས་ངོས་ལ་བརྗོད་བྱུང། ཞེས་བཀའ་ལན་སྩལ་བར་མ་ཟད། ལྷན་ཚོགས་མཇུག་སྡོམ་གནང་ཁར་༸གོང་ས་མཆོག་གིས་རྒྱ་རིགས་ཚོར་བཀའ་སྩལ་དོན། རྒྱ་རིགས་ཆོས་གྲོགས་ཕོ་མོ་ཚོས་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་ལོག་པ་མང་པོ་ཞིག་སྤེལ་བ་དེ་དག་ལ་ཡིད་ཆེས་མ་བྱེད་རོགས། བོད་མི་རྣམས་ཀྱིས་རྒྱ་མི་རིགས་དང་རྒྱ་ནག་གི་གནའ་བོའི་རིག་གཞུང་ཕྱུག་པོ་ཡོད་པ་དེ་དག་ལ་བརྩི་བཀུར་ཆེན་པོ་ཞུ་བཞིན་ཡོད། ཕྱོགས་མཚུངས་བོད་མི་ཚོ་ནི་གང་ཡང་མི་ཤེས་པའི་ཀླ་ཀློ་ལྟ་བུ་མིན་པར་བྱུང་རབས་ལོ་རྒྱུས་ལྡན་པའི་མི་རིགས་ཤིག་དང་། རང་གི་ཐུན་མིན་ཆོས་དང་རིག་གཞུང། སྐད་ཡིག གོམས་གཤིས་སོགས་ཕྱུག་པོ་ཡོད་པའི་མི་རིགས་ཤིག་ཡིན། ང་ཚོས་བོད་རྒྱ་གཉིས་སྨན་གྱི་ལངས་ཕྱོགས་བཟུང་སྟེ་བོད་ཀྱི་གནད་དོན་སེལ་ཐབས་བྱེད་བཞིན་ཡོད། ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཐོབ་ཐང་རྩོད་བཞིན་ཡོད། དེར་བརྟེན་ཁྱེད་ཚོ་རང་དབང་ལུང་པའི་ནང་ཡོད་པའི་རྒྱ་མི་རིགས་ཚོས་གོ་སྐབས་བཟུང་སྟེ་རང་གི་མིག་གཉིས་དང་རྣ་བ་གཉིས་ཀྱི་སྒོ་མོ་ཡངས་པོར་ཕྱེ་ནས་ཕྱོགས་ཡོངས་ཀྱི་གནས་སྟངས་མཐོང་བའི་ཐོག་ནས་བོད་མིའི་དངོས་ཡོད་དཀའ་ངལ་ཇི་ཡིན་ཤེས་ཐབས་གནང་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན། དུས་རབས་ཉི་ཤུ་པ་དེ་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཆགས་ཟིན་པ་དང་། འབྱུང་འགྱུར་གྱི་དཀའ་ངལ་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱ་རྒྱུ་ལས་ཐབས་ལམ་གཞན་མེད་པར་བརྟེན། དུས་རབས་ཉེར་གཅིག་པ་འདི་གྲོས་མོལ་གྱི་དུས་རབས་ཤིག་ཡོང་བར་ང་ཚོས་འབད་བརྩོན་བྱེད་དགོས། ཞེས་བཀའ་སྩལ་ཡོད།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་༡༠  ཚེས་༡༡  ཉིན་ཨ་རིའི་ཝར་ཇི་ཡི་ན་མངའ་སྡེའི་ཤར་ལོཙ་བེལ་གྲོང་ཁྱེར་དུ་ཁུལ་དེའི་བོད་མི་དང་།  ཉེ་འཁོར་གྱི་བོད་མི་བཅས་ཁྱོན་མི་གྲངས་༤༠༠བརྒལ་བར་ལམ་སྟོན་བཀའ་སློབ་སྩལ་དོན།  བོད་ཀྱི་འདས་པའི་ལོ་རྒྱུས་ནང་དུས་རབས་འདིའི་ནང་བྱུང་བ་ལྟ་བུའི་ཐབས་སྡུག་གི་གནས་སྟངས་འདི་འདྲ་ཧ་ལམ་བྱུང་མ་མྱོང་བ་ལྟ་བུ་ཡིན། དེང་སྐབས་བོད་པའི་མི་རིགས་རིག་གཞུང་དང་བཅས་པ་རྩ་བརླག་འགྲོ་རྒྱུའི་ཉེན་ཁའི་དུས་ལ་སླེབས་ཡོད། འོན་ཀྱང་འདས་པའི་མི་ལོ་དྲུག་བཅུའི་ནང་བོད་མི་རིགས་ཀྱི་སེམས་ཤུགས་དང་སྙིང་སྟོབས་ནམ་ཡང་ཉམས་པ་མེད་པར་གསལ་པོ་རེད་ཅེས་བཀའ་གནང་ཡོད་པ་རེད།    
སྐབས་དེར་སྲིང་སྐྱོང་བློ་བཟང་སེང་གེ་མཆོག་ཀྱང་ཕེབས་ཡོད་པ་ལྟར་ཉེ་ཆར་ཚོགས་པའི་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་མཇུག་འབྲས་སོགས་ངོ་སྤྲོད་གནང་ཡོད་པ་རེད།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་༡༠ ཚེས་༡༢ དང་༡༣ ཉིན་གཉིས་རིང་ཨ་རིའི་(Vermont མངའ་སྡེའི་Middlebury) གཙུག་ལག་སློབ་གྲྭའི་ནང་བྱམས་བརྩེ་སྐྲུན་ཐབས་ཀྱི་སྐོར་ལ་བཀའ་སློབ་ཐེངས་གཉིས་གནང་རྒྱུ་ཡིན་པ་དེའི་ཕྱག་འཁྱེར་ཚང་མ་བཙོང་ཟིན་པ་དང༌། ཕྱག་འཁྱེར་མ་ཐོབ་པ་དང་དོ་སྣང་ཅན་ཚོའི་ཆེད་དུ་༧གོང་ས་མཆོག་གི་བཀའ་སློབ་མཛད་འཆར་གཉིས་ཀ་བརྙན་འཕྲིན་ཐོག་ཐད་ཀར་བསྟན་རྒྱུའི་མཐུན་རྐྱེན་བསྐྲུན་རྒྱུ་ཡིན་པ་རེད།
ད་རེས་༧གོང་ས་མཆོག་མངའ་སྡེ་དེའི་ནང་ཆིབས་བསྒྱུར་གྱི་མཛད་འཆར་གཙོ་བོ་ནི། མི་དམངས་ལ་རེ་བ་དང༌། བྱམས་བརྩེ་སྐྲུན་ཐབས་ཀྱི་ཆེད་དུ་ཡིན་ཞིང༌། གཙུག་ལག་སློབ་གྲྭའི་འགོ་འཛིན་ནས་༧གོང་ས་མཆོག་གཙུག་ལག་སློབ་གྲྭའི་ནང་ཆིབས་བསྒྱུར་གདན་ཞུ་ཕུལ་དགོས་པའི་དམིགས་ཡུལ་ལམ་འདུན་པ་ནི། མི་དམངས་ལ་རེ་བ་དང༌། ཕུགས་བསམ། འཆམ་མཐུན་ཀྱི་འདུ་ཤེས་སམ་བསམ་བློ་བསྐྲུན་ཏེ།  ཁོང་ཚོའི་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བའི་ཆེད་དུ་ཡིན་ཞེས་གསུངས་ཡོད་པ་རེད།

༸གོང་ས་མཆོག་གི་ཝི་ཇན་ནི་ཡ་ནང་གི་ཉིན་གཉིས་ཀྱི་མཛད་རིམ་ཁག་ལེགས་པར་གྲུབ་སྟེ། སྤྱི་ཟླ་༡༠ ཚེས་༡༢་ཉིན་ཨ་རིའི་མངའ་སྡེ་ལྦར་མོན་ཊ་ནང་གི་མི་ཌལ་སྦ་རི་མཐོ་རིམ་སློབ་གྲྭའི་དགེ་སློབ་དང་མི་མང་༣༠༠༠ བརྒལ་བར་རང་སོ་སོའི་མི་ཚེའི་ནང་ཕྱི་དངོས་པོའི་ཡར་རྒྱས་དང་ནང་སེམས་ཀྱི་རིན་ཐང་ཟུང་འབྲེལ་བྱེད་དགོས་སྐོར་བཀའ་གནང་བ་དང༌། ད་དུང་སྐབས་རེ་ཆོས་ལུགས་ཀྱི་མིང་ཐོག་ནས་འཁོན་འཁྲུག་ཡོང་གི་ཡོད་སྟབས། ཆོས་པ་ཚོས་ཆོས་ལུགས་གཞན་ལ་གུ་ཡངས་ཀྱི་བསམ་བློའི་ཐོག་ནས་གུས་བརྩི་བྱ་རྒྱུ་དགོས་གལ་ཆེན་པོ་ཡིན་ཞེས་བཀའ་གནང་འདུག།

སྤྱི་ཚེས་༡༣་ཉིན་སླར་ཡང་གཙུག་ལག་སློབ་གྲྭ་དེར་འཛམ་གླིང་ནང་བཟང་སྤྱོད་ཀྱི་རིན་ཐང་འཚོལ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཡོད་པ་དང༌། དེ་རྗེས་ས་གནས་དེ་གར་ཡོད་པའི་བོད་པ་ཚོར་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་རེད།
དེ་ནས་ཕྱི་ཚེས་༡༤ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ ཆེན་པོ་མཆོག་གིས་ཨ་རིའི་(Massachusetts མངའ་སྡེའི་Cambridge) གྲོང་ཁྱེར་དུ་ཞབས་སོར་འཁོད་ཡོད་པ་དང༌།ཉིན་རྒྱབ་མང་ཚོགས་ལ་འགྲོ་བ་མིའི་བཟང་སྤྱོད། འགྲོ་བ་མིའི་རིན་ཐང༌དང་བདེ་ཐབས་སྐོར་བཀའ་སློབ་སྩལ་གནང་ཡོད་པ་དང་། ཡང་ལྷན་ཚོགས་དེའི་ནང་ཡེ་ཤུའི་ཆོས་པ་(Thomas Keating) དང་།    (David Steindl-Rast) རྣམ་གཉིས་བཞུགས་ཏེ་བགྲོ་གླེང་གནང་རྒྱུ་ཡིན་པ་རེད། ལྷན་ཚོགས་དེའི་ཐོག་གཞས་པ་གྲགས་ཅན་(James Taylor) ཡིས་གསུང་གཞས་ཞིག་ཀྱང་ཕུལ་གནང་ཡོད་པ་བཅས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རིའི་ནང་འགྲོ་བའི་དོན་དུ་གསང་གསུམ་གྱི་མཛད་པ་ཁག་བསྐྱངས་དང་སྐྱོང་བཞིན་ཡོད་པ་དང་།

གཞན་ཡང་ཕྱི་ཟླ་༡༠ ཚེས་༡༦ ཉིན། ཨ་རིའི་མངའ་སྡེ་མེ་སི་ཆུ་སི་ཀེམ་བྷི་རིཇ་ལ་དེ་གའི་མེ་སི་ཆུ་སིའི་བཟོ་ལས་རིག་རྩལ་སྟེ་གནས་ཁང་གི་ལོ་བཅུ་འཁོར་བའི་དུས་སྟོན་ཆེད་སྔ་དྲོར་༸གོང་ས་མཆོག་ནས་སློབ་དཔོན་ཀམ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པའི་སྒོ་ནས་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་དང་། ཚེས་༡༧ ཉིན། ཨ་རིའི་པོརའི་དྷེན་སིར་༸གོང་ས་མཆོག་ནས་བྷོ་རོན་གཙུག་ལགས་སློབ་གྲྭ་ཆེན་མོར་ཉིན་རྒྱབ་གོ་ལ་ཡོངས་ཀྱི་རྩོད་ལེན་ཞེས་པའི་ཞི་བདེའི་རིག་གཞུང་བསྐྲུན་རྒྱུའི་ཐོག་གསུང་བཤད་སྩལ་རྒྱུ། ཚེས་༡༨ ཉིན། ཨ་རིའི་ཀོཎི་ཊི་ཀཊ་མངལ་སྡེའི་དྷན་བྷུ་རིར་༸གོང་ས་མཆོག་ནས་ཉིན་རྒྱབ་དེ་གའི་མངའ་སྡེའི་གཙུག་ལག་སློབ་གྲྭ་ཆེན་མོར་བྱམས་བརྩེའི་ནུས་སྟོབས་སྐོར་གྱི་གསུང་བཤད་བཀྲིན་སྩལ་རྒྱུ།ཚེས་༡༩  ཨ་རིའི་ཀོཎི་ཊི་ཀཊ་མངལ་སྡེའི་དྷན་བྷུ་རིར་༸གོང་ས་མཆོག་ནས་སྔ་དྲོ་དེ་གའི་གཙུག་ལག་སློབ་གྲྭ་ཆེན་མོར་ཉིན་རེའི་མི་ཚེའི་བསླབ་བྱ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་བཀྲིན་སྩལ་རྒྱུ།ཚེས་༢༠ ཉིན། ཨ་རིའི་རྒྱལ་ས་ནེའུ་ཡོག་གི་སེམས་ཁམས་སློབ་གཉེར་ཁང་ནས་གོ་སྒྲིག་ཞུས་པ་བཞིན་དེ་གའི་རོག་ཕི་ལར་གཙུག་ལག་སློབ་གྲྭ་ཆེན་མོར་སྒོམ་གྱི་ཉམས་ལེན་དང་འཕྲོད་བསྟེན་གྱི་བརྗོད་གཞིའི་ཐོག་གསུང་བཤད་བཀྲིན་སྩལ་རྒྱུ། ཚེས་༢༡ ཉིན། ཨ་རིའི་རྒྱལ་ས་ནེའུ་ཡོག་ཏུ་བོད་རིགས་དང་། ཀལ་མུག་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དེ་གའི་ལིན་ཀོན་ལྟེ་གནས་ཁང་དུ་ཉིན་རྒྱབ་༸གོང་ས་མཆོག་ནས་ནང་ཆོས་ཀྱི་སྙིང་པོའི་སྐོར་གསུང་ཆོས་བཀྲིན་སྩལ་རྒྱུ་སོགས་ཀྱི་མཛད་རིམ་ཡོད་འདུག