༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་དུ་ཀོ་རི་ཡའི་གསུང་ཆོས་བཀའ་དྲིན་བསྐྱངས་པ།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་ཇི་ལྟར་གསོལ་བཏབ་པ་བཞིན། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༩ ནས་ ༣༡ བར་༸གོང་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རི་ཡ་གཙོ་བོར་གྱུར་བའི་ཕྱི་ནང་གི་དད་ལྡན་མི་མང་རྣམས་ལ་དབུ་མ་རྩ་བ་ཤེས་རབ་ཀྱི་རབ་བྱེད་ཉེར་བཞི་པའི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད། སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་ཀོ་རི་ཡའི་གསུང་ཆོས་སྦྱིན་བདག་གི་འཐུས་མིས་༸གོང་ས་མཆོག་སྤོས་སྣེས་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཏེ་བཞུགས་ཁྲིར་༸ ཞབས་སོར་འཁོད་པ་དང་ཀོ་རི་ཡའི་དད་ལྡན་རྣམས་ནས་རང་སྐད་ཐོག་ཤེས་རབ་སྙིང་པོ་བཏོན། ༸གོང་ས་མཆོག་ནས་དེར་འདུས་ཀོ་རི་ཡ་དད་ལྡན་ཆོས་ཞུ་བ་མི་གྲངས་ ༢༥༠ དང་། རྒྱ་ནག་སྐམ་ས། རྒྱ་གར་གྱི་མི་གྲངས་ ༡༧༠། ཕྱིའི་རྒྱལ་ཡུལ་ཁག་གི་མི་ ༡༤༤༦། དེ་བཞིན་རང་རིགས་སེར་སྐྱ་མི་མང་མི་གྲངས་ ༢༦༩༠ བཅས་ཁྱོན་བསྡོམས་མི་གྲངས་ ༤༥༥༦ བརྒལ་གསུང་ཆོས་བཀྲིན་ཆེ་བའི་ཐོག་མར།

དེ་རིང་ཆེད་དུ་བྱ་བའི་གདུལ་བྱའི་གཙོ་བོ་ཁྱེད་རང་ཚོ་ཀོ་རི་ཡའི་ཆོས་གྲོགས་ཚོ་ཆགས་ཡོད། ཁྱེད་རང་ཚོ་ཚང་མར་འཚམ་འདྲི་ཡོད། ཁྱེད་རང་ཚོའི་ནང་དེ་སྔ་ཡོང་མྱོང་བ་ག་ཚོད་ཡོད། གང་ཙམ་ཡོང་མྱོང་བ་རེད་འདུག དེ་སྔོན་ཡོང་མྱོང་མེད་པའི་གསར་པ་ག་ཚོད་ཡོད། འགྲིགས་འདུག  ཁྱེད་རང་ཚོ་བོད་སྐད་ཤེས་མཁན་ག་ཚོད་ཡོད། ཁ་ཤས་འདུག བོད་སྐད་ནས་ཀོ་རི་ཡའི་སྐད་ལ་སྐད་སྒྱུར་བྱེད་ཐུབ་མཁན་ག་ཚོད་ཡོད་ཅེས་བཀའ་རྩད་གནང་། དེ་རྗེས་རིམ་བཞིན་ནང་ཆོས་ངོ་སྤྲོད་ཀྱི་བཀའ་སློབ་ཕེབས་དོན། ང་རང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་མི་ཚེ་སྐྱེལ་དགོས་ཀྱི་ཡོད། ངས་ནམ་རྒྱུན་ལོ་ཉི་ཤུ་སུམ་ཅུ་མན་ཆད་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་མི་རབས་རེད་ཟེར་གྱི་ཡོད། ལོ་དྲུག་ཅུ་བདུན་ཅུ་དེ་ཚོ་དུས་རབས་ཉི་ཤུ་པའི་མི་རབས་རེད་ཅེས་ཤོད་ཀྱི་ཡོད། དུས་རབས་ཉི་ཤུ་རྩ་གཅིག་པའི་ལོ་བཅུ་ཕྲག་གཅིག་ལྷག་ཙམ་སོང་ཟིན་པ་དང་།  བཅུ་ཕྲག་བརྒྱད་ལྷག་ཙམ་འགྲོ་རྒྱུ་བསྡད་ཡོད། ང་རང་ཚོ་འཛམ་བུ་གླིང་སྤྱིའི་ཆ་ནས་བཤད་པ་ཡིན་ན་ཡང་དུས་རབས་གསར་པ་འདི་དུས་རབས་རྙིང་པ་དང་མི་འདྲ་བར་ཞི་བདེ་ཡོད་པ་ཞིག་དགོས།  ཞི་བདེ་ནི་མཚོན་ཆ་བསགས་ནས་ཞི་བདེ་ཡོང་བ་ཞིག་མིན། ཞི་བདེ་ཟེར་བ་ནང་སེམས་ཀྱི་ཞི་བདེ་བརྒྱུད་ནས་ཞི་བདེ་ཡོང་དགོས་པ་ཡིན། དེར་བརྟེན་ཞི་བདེ་ཞེས་ཕྱིའི་འབད་བརྩོན་བྱས་ནས་ཡིག་ཆ་བཞག་སྟེ་ཕན་ཐོགས་ཡོང་གི་མེད། ཞི་བདེ་ངོ་མ་ནི་ང་རང་ཚོའི་སེམས་ནང་ཞི་བདེ་ཡོད་པ་བཟོ་དགོས། དེ་རིང་ཁ་སང་ཚན་རིག་པའི་ནང་ནས་ཀྱང་ནང་གི་རྣམ་པར་ཤེས་པ་ཟེར་བ་འདི་གལ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག  ཀླད་པའི་འགྲོ་སྟངས་ལ་ཞིབ་ཚགས་བྱེད་དུས་རྣམ་རྟོག་དང་འབྲེལ་བ་ཡོད་པ་ཞིག་དང་།  ཇི་ཙམ་གྱིས་རྣམ་རྟོག་འཁྲུགས་ན་དེ་ཙམ་གྱིས་ཀླད་རྩ་ལ་སྐྱོན་ཡོང་གི་ཡོད་པ་དེ་འདྲའི་ཐོག་ནས་ལུས་པོའི་འཕྲོད་བསྟེན་ལ་གནོད་པ་དང་། སེམས་ལ་རྣམ་རྟོག་རུ་འཛིངས་མེད་པར་སེམས་ཞི་བདེ་བག་ཕེབས་ལ་གནས་ཡོད་ན་ལུས་པོའི་འབྱུང་བ་ཆ་སྙོམསཀྱིས་ལུས་པོའི་འཕྲོད་བསྟེན་ཡག་པོ་ཡོང་གི་ཡོད། དཔེར་ན་ཉེ་ཆར་ང་ཚོས་ཨ་མི་རི་ཀར་ཚོགས་འདུ་ཚོགས་པ་ཡིན། མི་རྒད་པོ་རྒད་མོ་དེ་ཚོའི་སེམས་ལ་དངངས་སྐྲག་ཡོད་ན་རྒས་མགྱོགས་པ་དང་། ཚེ་ཡང་ཐུང་བ་ཡོང་གི་ཡོད་པ་དང་། སེམས་ལྷོད་པ་ཡོད་ན་རྒས་འགོར་བ་དང་ཚེ་རིང་བ་ཡོང་གི་ཡོད་པ་ཤོད་ཀྱི་འདུག དེ་འདྲ་ཡིན་དུས་དེང་སང་དངོས་པོ་གཅིག་པུའི་སྐད་ཆ་མིན་པར་ནང་རྣམ་པར་ཤེས་པའི་སྐོར་ལ་དོ་སྣང་གསར་པ་ཞིག་སླེབས་ཀྱི་ཡོད།  སེམས་ཀྱི་ཞི་བདེ་ཞེས་པ་ནི་སེམས་ཀྱི་ཡོན་ཏན་ཆགས་ཡོད། སེམས་ཀྱི་སྐྱོན་ཞེ་སྡང་དང་། ཕྲག་དོག་ཟེར་བ་དེ་ཚོས་སེམས་དཀྲུགས་ནས་སེམས་ཀྱི་ཞི་བདེ་མེད་པ་བཟོ་ཡི་ཡོད། སེམས་ཞི་བདེ་ཡོང་བ་ལ་སེམས་ཀྱི་ཞི་བདེ་དཀྲུག་མཁན་དེ་ཚོ་ལ་སྐྱོན་དུ་བལྟས་ནས་ཉུང་དུ་གཏོང་དགོས་པ་དང་། དེའི་འགལ་ཟླར་གྱུར་པའི་འཛིན་སྟངས་ཏེ་བྱམས་པ་དང་། བརྩེ་བ། བཟོད་པ་དེ་ཚོའི་གྲས་ཡར་རྒྱས་བཏང་ནས་སེམས་ཀྱི་ཞི་བདེ་ཡོང་བ་བྱེད་དགོས། དེ་འདྲའི་སེམས་ཀྱི་ཞི་བདེ་ཡོང་བར་བྱེད་པ་འདི་སྐྱེ་བ་ཕྱི་མའི་སྐད་ཆ་བཤད་པ་མིན། ནང་པའི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་གི་སྐད་ཆ་བཤད་པའང་མིན།  དེ་བཞིན་ཕྱི་མ་ལྷ་ཡུལ་དང་དག་ཞིང་ལ་སྐྱེ་བ་དང་། དེ་བཞིན་དཀོན་མཆོག་གི་སྐོར་ཤོད་ཀྱི་མེད། ཁ་ཡོད་ལག་ཡོད་ཀྱི་ད་ལྟ་ད་ལྟའི་གནས་ཚུལ་གྱི་ཐོག་ནས་སེམས་ཀྱི་ཞི་བདེ་བསྒྲུབ་དགོས་གལ་ཆེ་བ་ངོས་འཛིན་གྱིས་སྐད་ཆ་ཤོད་ཀྱི་ཡོད།  དུས་རབས་ཉི་ཤུ་རྩ་གཅིག་པ་འདི་སེམས་ཀྱི་ཞི་བདེ་བསྒྲུབས་ནས་ཞི་བདེ་བག་ཕེབས་ཡོང་ཐབས་ཀྱི་འགན་ཁྱེད་རང་ཚོ་ལོ་གཞོན་ཚོའི་ཐོག་འགན་ཡོད་པ་ལས་ང་ཚོ་རྒན་པ་ཚོར་འགན་མེད། ངའི་མི་རབས་འདི་དུས་རབས་ཉི་ཤུ་པའི་མི་རེད། ཁྱེད་རང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་མི་ཚེ་མང་བ་སྐྱེལ་མཁན་གྱི་མི་ཚོར་དེའི་འགན་སླེབས་ཡོད།

ང་རང་ཚོ་ཆོས་པ་སྤྱི་དང་། ལྷག་པར་སངས་རྒྱས་པའི་ཆོས་པ་ཞིག་གི་ངོས་ནས་བཤད་ན་སེམས་ཀྱི་ཞི་བདེ་སྒྲུབ་བྱེད་རང་ཉིད་ཀྱི་ཕ་མེས་བརྒྱུད་ནས་ཡོད་པའི་སངས་རྒྱས་ཀྱི་ཆོས་འདི་ཆོ་ག་ཕྱག་ལེན་དང་། རྐྱེན་སེལ་རིམ་འགྲོ་བྱེད་པ་འདི་ཙམ་མིན་པར་སེམས་རྒྱུད་བཏུལ་ནས་སེམས་ཀྱི་ཞི་བདེ་བསྒྲུབ་དགོས་པས། དེ་སྒྲུབ་བྱེད་ཀྱི་ཐབས་ལམ་འགྲེལ་བཤད་མང་པོ་ཡོད་པ་དེ་དག་ལག་ལེན་བསྟར་དགོས། དེ་ནི་འཛམ་གླིང་ཐོག་སངས་རྒྱས་ཀྱི་ཆོས་སྤེལ་རྒྱུའི་སྐད་ཆ་མིན། རང་རང་སོ་སོའི་ཕ་མེས་ཀྱི་ཆོས་ལུགས་གང་ཡིན་པ་དེ་ཉམས་ལེན་བྱས་ནས་ན་བརྟན་པོ་དང་ལེགས་པོ་ཡོད། ཡིན་ན་ཡང་ང་ཚོ་སངས་རྒྱས་ཀྱི་ཆོས་ཉམས་ལེན་བྱེད་མཁན་ཞིག་གིས་སངས་རྒྱས་ཀྱི་ཆོས་ནས་བཤད་པའི་སེམས་འདུལ་ཐབས་ཀྱི་སྐོར་དེ་ཚོ་ཆོས་དད་མེད་མཁན་གྱི་མི་དེ་ཚོར་སེམས་འདུལ་ཐབས་འདི་འདྲ་ཡོད་རེད་ཅེས་གྲོགས་པོ་གྲོགས་མོའི་འདུ་ཤེས་ཀྱི་ཐོག་ནས་བཤད་ཐུབ་ན་ཡག་པོ་ཡོད།  དེ་ལྟར་གཞན་ལ་ཤོད་པར་ཐོག་མར་རང་ཉིད་ཀྱི་སེམས་དུལ་དགོས་པ་ཡིན། སངས་རྒྱས་པའི་ཆོས་པ་ཞེས་ཆགས་སྡང་གི་གཞན་དབང་དུ་སོང་བ་ཡིན་ན་སངས་རྒྱས་པའི་ཆོས་པ་ཆགས་མེད། གཞན་གྱི་སེམས་ཞི་བདེ་བསྐྲུན་པ་ལ་རང་གི་སེམས་ཞི་བདེ་ཡོད་དགོས། རང་རང་སོ་སོའི་ཆོས་བརྒྱུད་ནས་བཤད་པའི་སེམས་ཀྱི་ཞི་བདེ་སྒྲུབ་ཐབས་གཅིག་དང་། ལྷག་པར་སངས་རྒྱས་པའི་ཆོས་པ་ཞིག་གི་ངོས་ནས་སེམས་འདུལ་ཐབས་ཇི་ལྟར་བྱེད་དགོས་པ་རང་གིས་ཁ་ཡོད་ལག་ཡོད་ལག་ལེན་བསྟར་བའི་ཐོག་ནས་གཞན་ལ་གཞེན་སྐུལ་བྱེད་ཐུབ་ན་ཡག་པོ་ཡོད།  ཆོས་དད་ཡོད་མེད་ལ་མ་ལྟོས་པར་འཛམ་བུ་གླིང་འདིའི་ཐོག་མི་དུང་ཕྱུར་བདུན་བཅུ་ཙམ་ཡོད་པ་དེ་དག་སེམས་ཞི་བདེ་ཡོང་བ་དང་། ནང་སེམས་ལ་དོ་སྣང་གསར་པ་ཞིག་སླེབས་པ་བྱ་རྒྱུ་དེ་གལ་ཆེན་པོ་ཡིན།  དུས་རབས་ཉི་ཤུ་རྩ་གཅིག་པ་འདི་ཞི་བདེའི་དུས་རབས་ཤིག་ཡོང་བ་ལ་སེམས་ཀྱི་ཞི་བདེ་སྐྲུན་ཐབས་བྱེད་དགོས་པ་དང་། དེ་ཡང་ཆོས་ཕྱོགས་ལ་ལྟོས་མི་དགོས་པར་ཤེས་ཡོན་གྱི་ཐོག་ནས་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུའི་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེན་པོ་ཡིན། དེའི་ཐ་སྙད་དབྱིན་སྐད་ནང་སེ་ཁུ་ལར་ཨེ་ཏིག་(SECULAR ETIC)ཞེས་ཆོས་དང་དམིགས་བསལ་འབྲེལ་བ་མེད་པར་མིའི་རྣམ་དཔྱོད་བེད་སྤྱད་ནས་བདེ་སྐྱིད་ཀྱི་གཙོ་བོ་ཡིད་བློའི་བདེ་སྐྱིད་ལས་སྒོ་ལྔའི་ཤེས་པ་ལ་བརྟེན་པའི་གནས་སྐབས་ཀྱི་ཡིད་འཚིམ་པ་དེ་ཙམ་མ་ཡིན་པར་ཡིད་བློའི་སྟེང་བདེ་བ་ཡོང་ཐབས་ངོ་སྤྲོད་བྱེད་དགོས། ཡིད་བློའི་ཐོག་ནས་བདེ་སྐྱིད་ཡོང་ཐབས་དེ་ནི་སེམས་ཀྱི་ཐོག་ནས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དབྱེ་བ་འབྱེད་དགོས། དེ་ཚོ་དུད་འགྲོས་བྱེད་ཐུབ་པ་ཞིག་མིན། སྤྱིར་ཆོས་ཞེས་པ་མིའི་རྣམ་དཔྱོད་དང་འབྲེལ་བ་འདུག མིའི་སྤྱི་ཚོགས་ནང་ཆོས་དད་ཡོད་པ་ལས་དུད་འགྲོའི་སྤྱི་ཚོགས་ནང་ཆོས་དད་མེད། བྱམས་བརྩེ་ཡོད། དེར་བརྟེན་ཆོས་དད་ཅེས་པ་འདི་རྒྱུ་མཚན་ཞིག་བསམ་བློ་བཏང་ཡོད། དཔེར་ན་ཡེ་ཤུའི་བླ་ཆེན་གྱིས་གསུངས་པ་བཞིན་རྒྱུ་མཚན་དང་དད་པ་མཉམ་དུ་འགྲོ་གི་ཡོད། མིའི་རྣམ་དཔྱོད་ལ་བརྟེན་ནས་འཕྲལ་ཕུགས་ཀྱི་ཁེ་གྱོང་བསམ་བློ་བཏང་སྟེ་སེམས་དཀྲུག་མཁན་དེས་སྡུག་བསྔལ་སྤྲོད་ཀྱི་ཡོད་པས་དེ་སྐྱོན་དུ་ལྟ་བ་དང་། སེམས་ཞི་བས་བདེ་སྐྱིད་སྤྲོད་ཀྱི་ཡོད་པས་དེ་ལ་ཡོན་ཏན་དུ་བལྟས་ཡོད། དེ་ནི་སྨན་ཁབ་བརྒྱབ་པ་དང་། སྨྱོ་རྫས་བཟས་ནས་ཡོང་བ་ཞིག་མིན་པར་སློབ་གསོ་བཏང་ནས་ཡོང་དགོས་ཀྱི་ཡོད། དེ་ནི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པའི་རིམ་པ་དང་པོ་ཡིན།

རིམ་པ་གཉིས་པ་ནི། འཛམ་བུ་གླིང་འདིའི་སྒང་ལ་ཕལ་ཆེར་ལོ་སྟོང་ཕྲག་གསུམ་བཞིའི་སྔོན་མིའི་སྤྱི་ཚོགས་ནང་ཆོས་དད་སླེབས་ཡོད། མི་ལ་དཀའ་ངལ་འཕྲད་དུས་རེ་བ་བཅོལ་བ་དེ་འདྲའི་ཐོག་ནས་ཆོས་དད་སླེབས་པ་དང་། རིམ་པས་ཆོས་ལ་དད་པ་བྱེད་པ་དེར་རྒྱུ་མཚན་བཀོད་དེ་དད་པ་བྱེད་ཡུལ་དེ་བརྩེ་བ་དང་ནུས་པའི་བདག་ཉིད་ཡིན་པ་རིགས་པས་བསྒྲུབས་ཡོད། འཛམ་གླིང་འདིའི་ཐོག་ལོ་སྟོང་ཕྲག་རིང་ཡོད་པའི་ཆོས་དད་ལ་དམིགས་བསལ་ལྟ་གྲུབ་ཀྱི་ཐོག་ནས་རྒྱུ་མཚན་བཤད་རྒྱུ་མེད་པར། རང་བཞིན་གྱིས་ཉི་མ་དང་ཟླ་བ་ལ་དད་པ་བྱེད་པ་དང་། མེ་ལ་དད་པ་བྱེད་པ་སོགས་ཡོང་གི་ཡོད། དེ་ཚོའི་གྲས་ལྟ་གྲུབ་མེད་པའི་ཆོས་དད་ཅིག་རེད། དེ་ནས་ཆོས་དད་རིགས་གཅིག་ལ་ལྟ་གྲུབ་ཡོད་པ་དེ་ཡང་ཕལ་ཆེར་བྱུང་སྔ་ཤོས་རྒྱ་གར་ནང་ཡིན། ང་ཚོའི་གཞུང་ནང་བྱས་ན་གྲངས་ཅན་པའི་ལྟ་གྲུབ་སྔ་ཤོས་རྩི་ཡི་ཡོད། ལོ་སྟོང་ཕྲག་གསུམ་ཙམ་གྱི་གོང་ལྟ་གྲུབ་བཤད་དེ་རྒྱུ་མཚན་བཀོད་ནས་བདེ་སྡུག་ལོངས་སྤྱོད་པ་པོའི་བདག་ཕུང་པོ་ལས་དོན་གཞན་དུ་ཡོད་པ་རེད་ཅེས་བཤད་པ་དང་། དེ་བཞིན་སྣོད་བཅུད་ཀྱི་འཇིག་རྟེན་དེ་ཚོ་ཚང་མ་ཐོག་མར་ཡོང་བའི་གཞི་ཞིག་དགོས་ཀྱི་རེད་ཅེས་དེར་དཔྱད་པ་མང་པོ་བྱས་པའི་་ལྟ་ཚུལ་འདྲ་མི་འདྲ་ནས་གྲངས་ཅན་ལྷག་མེད་པ་ཡིན་ན། སྤྱི་གཙོ་བོ་ཞེས་ཀུན་ལ་ཁྱབ་པའི་རང་བཞིན་ཀུན་ཁྱབ་ཅིག་ཡོད་པ་དེས་བཀོད་པའི་རྣམ་འགྱུར་ལོངས་སྤྱོད་པ་པོ་བདག་ཤེས་རིག་གི་སྐྱེ་བོ་རྟག་གཅིག་རང་དབང་པའི་བདག་གི་ལྟ་གྲུབ་ཤོད་ཀྱི་ཡོད། དེ་ནས་གྲངས་ཅན་ལྷག་བཅས་པས་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ཅེས་པ་ཞིག་ཡོད་པ་དེས་བཀོད་པར་གྲངས་ཅན་ལྷག་བཅས་སོགས་མུ་སྟེགས་པའི་གཞུང་མང་པོ་ཞིག་གིས་འཇིག་རྟེན་བཀོད་པ་པོ་འདོད་ཅིང་། སྐྱེ་བ་སྔ་ཕྱི་ཡང་འདོད་པ་དང་། སྐྱེ་བ་སྔ་ཕྱི་ལས་བཟང་ངན་གྱིས་ཡོང་གི་ཡོད་པ་རེད་ཅེས་ལས་འབྲས་ཀྱི་རྣམ་གཞག་ཅིག་ཀྱང་འདོད་མཁན་དེ་འདྲས་ཀྱི་འཇིག་རྟེན་བཀོད་པ་པོ་འདོད་མཁན་རིགས་གཅིག དེ་ནས་འཇིའུ་ཆོས་ལུགས་དང་། ཡེ་ཤུ། ཁ་ཆེའི་ཆོས་ལུགས་དེ་དག་གཙོ་བོར་གྱུར་པའི་ཆོས་ལུགས་མང་པོ་ཞིག་གིས་འཇིག་རྟེན་བཀོད་པ་པོས་བཀོད་པ་དང་། ཚེ་འདི་རང་འཇིག་རྟེན་བཀོད་པ་པོས་བཀོད་པ་རེད་ཅེས་གསུངས་ཡོད། འཇིག་རྟེན་བཀོད་པ་པོ་འདོད་པ་དེས་ནུས་པ་གང་དུ་ཐོན་གྱི་ཡོད་དམ་ཟེར་ན་བདག་ཅེས་པ་འཇིག་རྟེན་བཀོད་པ་པོས་བཀོད་པའི་ཆ་ཤས་ཤིག་དང་། འཇིག་རྟེན་བཀོད་པ་པོ་དེ་སྣོད་བཅུད་ཐམས་ཅད་ཀྱི་བྱེད་པ་པོ་ཆགས་དུས་ང་ཞེས་སོ་སོ་ནམ་རྒྱུན་རྩ་ཆེན་རྩིས་པ་སྟེ་རང་ཉིད་མཆོག་ཏུ་བལྟས་ནས་རང་འཛིན་ཤུགས་ཆེན་པོ་ཡོད་པ་དེས་རྐྱེན་པའི་ཆགས་སྡང་ཡོང་གི་འདུག དེ་ཚོས་རྙོག་དྲ་ཡོང་གི་ཡོད་པར་བརྟེན་དེ་འདྲའི་བདག་ཡོད་པ་མ་རེད་ཅེས་པའི་སྐད་ཆ་མེད་པར་བདག་དེ་འཇིག་རྟེན་བཀོད་པ་པོས་བཀོད་པ་རེད་ཅེས་བརྗོད་ན་རང་ཉིད་དཀོན་མཆོག་གི་འབངས་ལྟ་བུ་དུམ་བུ་ཆུང་ཅུང་ཞིག་ཏུ་མཐོང་པ་ཡིན་ན། ང་ཞེས་ཧ་ཅང་གི་ཤུགས་ཆེན་པོར་འཛིན་པ་དེ་ཤུགས་ཆུང་དུ་འགྲོ་གི་ཡོད། འཇིག་རྟེན་བཀོད་པ་པོར་དད་པ་ཤུགས་ཆེན་པོ་ཡོད་ན་ངར་འཛིན་ཆུང་དུ་འགྲོ་གི་ཡོད། ངར་འཛིན་དེས་རྙོག་དྲ་ཡོང་གི་ཡོད་པ་དེ་ཕལ་ཆེར་ཆོས་ལུགས་ཚང་མས་ངོས་འཛིན་བྱས་པ་འདྲ་པོ་འདུག དེ་ནས་འཇིག་རྟེན་བཀོད་པ་པོ་ངོ་སྤྲོད་བྱེད་དུས་དེ་བརྩེ་བའི་བདག་ཉིད་རེད་ཅེས་ཆོས་ལུགས་ཚང་མས་གསུངས་ཡོད། འཇིག་རྟེན་བཀོད་པ་པོ་དེ་ཞེ་སྡང་ཅན་གཞན་ལ་གནོད་པ་བྱེད་མཁན་རེད་ཅེས་སུ་གཅིག་གིས་གསུངས་མེད། དེ་འདྲ་ཡིན་དུས་བཀོད་པ་པོ་དེའི་རྗེས་སུ་འབྲངས་མཁན་དེ་ཚོས་བྱམས་བརྩེར་བསླབ་དགོས་གསུང་དུས་ཆོས་རྣམ་དག་གཅིག་བྱས་ན་མི་ལ་ཕན་ཐོགས་དེས་འགྲུབ་ཡོང་གི་ཡོད། དེའི་ཐོག་ནས་རང་ཉིད་མཆོག་འཛིན་གྱི་འཛིན་པ་ཤུགས་ཆུང་དུ་གཏོང་རྒྱུ་དང་། གཞན་ལ་བྱམས་བརྩེ་དགོས་པ་སླེབས་ཏེ་ཕན་ཐོགས་ཡོད། ལྷག་པར་དུ་ཡེ་ཤུ་དང་ཁ་ཆེ་དེ་ཚོས་ཚེ་འདི་རང་དཀོན་མཆོག་གིས་བཀོད་པ་རེད་བརྗོད་དུས་སེམས་ཐག་ཉེ་པོ་ཞིག་ཡོང་གི་ཡོད། ཇི་ཙམ་གྱི་སེམས་ཐག་ཉེ་པོ་ཡོད་པ་དེ་ཙམ་གྱིས་དཀོན་མཆོག་གི་བཀའ་བསྒྲུབ་རྒྱུར་ཕན་གྱི་ཡོད་རེད། དེ་འདྲ་ཡིན་དུས་ལྟ་གྲུབ་དེ་མི་ལ་ཕན་ཐོགས་ཡོད། དེ་ནས་གྲངས་ཅན་ལྷག་མེད་པ་དང་། གཅེར་བུ་པ། སངས་རྒྱས་པ་བཅས་ཀྱིས་འཇིག་རྟེན་བཀོད་པ་པོ་མི་འདོད་པར་འབྲས་བུ་ཙམ་གྱི་འགྱུར་པའི་ཐོག་ནས་འགྲོ་གི་ཡོད། རྒྱུ་འབྲས་ལས་རྟེན་འབྱུང་གི་ཐ་སྙད་སྦྱར་གྱི་མེད། རྟེན་འབྱུང་གི་ཐ་སྙད་དེ་ནང་པ་གཅིག་པུ་རེད། ཕྱི་ཡི་སྣོད་ཀྱི་འཇིག་རྟེན་དེ་སྐྱེ་ཞིང་སྐྱེ་བ་ཅན་འགྱུར་བའི་རང་བཞིན་ཅན་དུ་འདོད་ཀྱང་བཅུད་དེ་ཕུང་པོ་ལས་དོན་གཞན་པའི་བདག་འདོད་དུས་རྟེན་འབྱུང་གི་གོ་དོན་ཆ་ཚང་སླེབས་ཀྱི་མེད། སངས་རྒྱས་པས་ཕྱི་སྣོད་ཀྱི་འཇིག་རྟེན་ཙམ་མ་ཟད་བདེ་སྡུགས་ལོངས་སྤྱོད་པ་པོའི་བདག་དེ་ཡང་ཕུང་པོ་ལ་བརྟེན་ནས་གྲུབ་པ་ཞིག་རེད་ཅེས་སངས་རྒྱས་པའི་ཆོས་ནས་རྟེན་ཅིང་འབྲེལ་བ་འབྱུང་བ་ཞེས་ཤོད་ཀྱི་ཡོད། དེ་ནི་ཐུན་མོང་མ་ཡིན་པ་ཞིག་དང་། ཆོས་ལུགས་གཞན་གང་གིས་ཀྱང་མ་གསུངས་པ་རེད། ནང་པ་སངས་རྒྱས་པ་ཁོ་ནའི་འགྲེལ་བཤད་ཅིག་རེད། འགྲེལ་བཤད་དེ་དེང་སང་ཚན་རིག་པ་ཚོས་ཀྱང་རྟེན་ཅིང་འབྲེལ་བ་འབྱུང་བ་ཞེས་པ་འདི་མངོན་སུམ་ཚད་གྲུབ་ཅིག་ལ་མཐོང་གི་ཡོད། དེས་ན་སངས་རྒྱས་པའི་ཆོས་ཀྱིས་བརྟེན་འབྱུང་ཞེས་བཤད་ཡོད། དོན་དུ་ཆོས་ལུགས་ཚང་མས་འཚེ་བ་མེད་པ་དང་བྱམས་བརྩེ་དགོས་པ་བཤད་ཀྱི་ཡོད། དེར་བརྟེན་ཆོས་ལུགས་ཚང་མས་རང་ལྟ་མཆོག་འཛིན་གྱིས་ང་ཞེས་མཆོག་ཏུ་བལྟས་པ་དེས་རྙོག་དྲ་བཟོ་གི་ཡོད་པས་དེ་ཉུང་དུ་གཏོང་རྒྱུའི་ཐབས་ཤེས་སྤྲོད་སྟངས་མི་འདྲ་བ་མ་གཏོགས་འབེན་དེ་གཅིག་པ་འདྲ་བོ་མཐོང་གི་འདུག དེ་བཞིན་བྱམས་བརྩེ་དགོས་པ་དེ་བསླབ་བྱའི་གཙོ་བོ་ཡིན་དུས་ཆོས་ལུགས་ཚང་མ་མི་ལ་ཕན་ཐོགས་ཡོད་པ་གསལ་པོ་རེད། ཆོས་ལུགས་དེ་དག་མི་ལ་ཆགས་སྡང་ཡོང་བའི་དོན་དུ་བསྟན་པ་མ་རེད། དེར་བརྟེན་ང་ཚོ་ཆོས་ལུགས་ཀྱི་རྗེས་འབྲངས་ཚང་མས་ཆོས་ལུགས་སྟོན་པ་པོའི་དགོངས་པ་དང་དམིགས་ཡུལ་གང་བཟུང་སྟེ་གསུངས་པ་དེ་བཞིན་ང་ཚོས་ཀྱང་སེམས་འདུལ་ཐབས་བྱས་ཏེ་ཆགས་སྡང་ཕྱོགས་རིས་ཀྱི་འཐེན་ཁྱེར་ཐོག་མི་འགྲོ་བ་ཞིག་བྱེད་དགོས་རྒྱུ་གལ་ཆེན་པོ་རེད། ང་ཚོ་ཆོས་ཁས་ལེན་མཁན་གྱི་ཆོས་པ་ཡོངས་རྫོགས་མཐུན་བསྒྲིལ་དགོས་རྒྱུ་གལ་ཆེན་པོ་རེད། ཁྱོད་དང་ང་ཞེས་མིན་པར་ཆེ་ས་ནས་ང་ཚོ་འགྲོ་བ་མི་དུང་ཕྱུར་བདུན་བཅུ་ཙམ་ཡོད་པ་ཚང་མ་མཐུན་པོ་དགོས། དཔེར་ན། སྨན་ཁང་ཞིག་ལ་ཁྱེད་རང་ཆོས་ལུགས་གང་ཡིན་པ་དང་། ཆོས་ལུགས་དེ་དང་དེ་ཡིན་ན་སྨན་ཁང་ནང་ཡོང་ཆོག་པ་དང། དེ་བཞིན་མི་བྱེ་བྲག་པའི་གནས་ཚུལ་ལ་བལྟས་ནས་དེ་དང་དེ་ཡོང་ཆོག་དང་མི་ཆོག་གི་དབྱེ་འབྱེད་བྱེད་ཀྱི་མ་རེད། མི་གཅིག་གྱུར་བྱེད་ཀྱི་རེད། དེ་བཞིན་སྤྱིར་སློབ་གྲྭའི་ནང་དུའང་མི་རིགས་དང་ཆོས་ལུགས་ཀྱི་དབྱེ་འབྱེད་མེད་པར་མི་གཅིག་གྱུར་བྱས་ནས་འགྲོ་གི་རེད། དེ་དང་མཚུངས་པར་ང་ཚོ་མི་ཡོངས་རྫོགས་གཅིག་གྱུར་ཡིན་པའི་ངོས་འཛིན་དགོས་རྒྱུ་གལ་ཆེན་པོ་ཡིན། དེ་ནས་བྱེ་བྲག་ཏུ་ཕྱི་དངོས་པོའི་མཐུན་རྐྱེན་ཙམ་མིན་པར་ནང་སེམས་ཀྱི་ཞི་བདེ་བསྒྲུབ་རྒྱུ་གཅིག་གྱུར་ཡིན་པས་མཐུན་སྒྲིལ་དགོས་རྒྱུ་གལ་ཆེན་པོ་འདུག  དེ་ནི་རིམ་པ་གཉིས་པ་ཡིན། ཞེས་བཀའ་སྩལ་ཡོད། དེ་ནས་རིམ་བཞིན་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་རབ་བྱེད་ཉེར་བཞི་པའི་སྒོ་ནས་གསུང་ཆོས་བཀའ་དྲིན་སྩལ་ཡོད། ཉིན་གསུམ་པའི་ཞོགས་པ་ཐོག་མར་ཁྱིམ་པ་ཕོ་མོ་དོན་གཉེར་ཅན་རྣམས་ལ་དགེ་བསྙེན་གྱི་བསླབ་སྡོམ་དང་དེ་རྗེས་སྨོན་སེམས་ཆོ་གས་བཟུང་སྟེ་བྱང་ཆུབ་སེམས་པའི་སྡོམ་པ་དང་། སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་བཅས་བཀའ་དྲིན་སྩལ། ཉིན་རྒྱབ་ཏུ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་བཀའ་དྲི་ཞུས་པའི་དོན་མཚན་ཁག་ལ་བཀའ་ལན་སྩལ་བ་དང་། དེ་རྗེས་ཚན་པ་སོ་སོ་དང་སྐུ་པར་ལྷན་བཞེས་གནང་བ་བཅས་ཐེངས་འདིའི་གསུང་ཆོས་ལེགས་པར་གྲུབ་ཡོད། གོང་གསལ་གསུང་ཆོས་ཆ་ཚང་འདི་ག་དྲ་རྒྱའི་དྲ་བརྙན་ནས་གཟིགས་ཐུབ། ཐེངས་འདིའི་ཉིན་གསུམ་རིང་གི་ཆོས་འབྲེལ་ཀོ་རི་ཡའི་སྐད་དང་། དབྱིན་སྐད། རྒྱ་སྐད་བཅས་ཀྱིས་གཙོས་པའི་སྐད་ཡིག་འགའ་ཤས་ནང་གསུང་སྒྱུར་ཞུས་ཡོད།