༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་དུ་སོག་པོའི་ཆོས་ཞུ་བར་ཆོས་འབྲེལ་མཛད་པ།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེན་པོ་ཧོར་གྱི་མཆོག་སྤྲུལ་བསྟན་འཛིན་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་མཆོག་གིས་དབུས་སོག་ཡུལ་གྱི་དད་ལྡན་ཆོས་ཞུ་བ་ཁག་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་༸རྒྱལ་མཆོག་བསོད་ནམས་རྒྱ་མཚོས་མཛད་པའི་ལམ་རིམ་གསེར་ཞུན་མའི་བཤད་ལུང་དང་ཕྱག་རྡོར་འཁོར་ཆེན་གྱི་བཀའ་དབང་བཅས་བཀའ་དྲིན་བསྐྱངས་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་ནས་སོག་ཡུལ་གྱི་མཆོག་སྤྲུལ་བསྟན་འཛིན་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་མཆོག་དང་སོག་ཡུལ་གྱི་ནང་པའི་གཙོ་འཛིན་ཏེ་ལོ་རིན་པོ་ཆེ་སོག་ནས་སྤོས་སྣེས་སྔོན་བསུས་ཏེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་པ་དང་ཏེ་ལོ་རིན་པོ་ནས་ཐེངས་འདིའི་གསུང་ཆོས་སྐོར་སྙན་སྒྲོན་གནང་། དེ་རིང་འདིར་བཀའ་ཆོས་ལ་བཅར་པའི་ཆོས་ཞུ་བ་ཚང་མར་ངས་གོ་སྒྲིག་ཚོགས་ཆུང་སོགས་ཚང་མའི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་འཚམས་འདྲི་ཞུ་བཞིན་ཡོད། གསུང་ཆོས་དབུ་མ་བཙུགས་གོང་༸གོང་ས་ཏཱ་ལའི་བླ་མའི་མཚན་ཐོག་སོག་སྐད་ཀྱི་དྲ་གནས་གསར་སྐྲུན་ཞུས་ཡོད་པ་དེ་དབུ་འབྱེད་ཞུ་གི་ཡིན། ད་ལྟའི་ཆར་༸གོང་ས་མཆོག་གི་མཚན་ཐོག་དྲ་རྒྱ་བོད་སྐད་དང་། དབྱིན་སྐད། རྒྱ་སྐད། ཨུ་རུ་སུའི་སྐད་བཅས་ཡོད་ཅིང་། ཕྱི་ལོ་ ༢༠༡༡ ལོར་༸གོང་ས་མཆོག་སོག་ཡུལ་དུ་ཆིབས་སྒྱུར་བསྐྱངས་རྗེས་ང་ཚོས་སོག་སྐད་ཐོག་དྲ་གནས་དེ་འདྲ་ཞིག་བྱུང་ན་བསམས་ཏེ་གོ་བསྡུར་གྱིས་ལས་འགུལ་བརྩམས་ཏེ་གསུང་ཆོས་མ་ཚུགས་གོང་དབུ་འབྱེད་ཞུ་གི་ཡིན། དྲ་རྒྱ་དེའི་ཐོག་༸གོང་ས་མཆོག་གི་མཛད་རྣམ་དང་དགོངས་གཞི། གསུང་རྩོམ། གསུང་འཕྲིན། མཛད་འཆར། སྒྲ་བརྙན། གསལ་བསྒྲགས། བཀའ་སློབ་ཁག དེའི་ནང་ཚན་རིག ཤེས་ཡོན། ཁོར་ཡུག རིག་གཞུང་། དོལ་རྒྱལ་སྐོར་གྱི་བཀའ་སློབ་ཞིབ་ཚགས་བཅས་ཡོད། དེར་བརྟེན་དྲ་རྒྱ་དབུ་འབྱེད་ཞུ་རྒྱུར་བར་ཆད་གང་ཙམ་བྱུང་ཡང་། ལོ་གཅིག་ཙམ་རིང་དཀའ་ལས་བརྒྱབ་པ་ཡིན། རྗེས་སྐུ་སྒེར་ཡིག་ཚང་ནས་ལམ་སྟོན་དང་། སྐུ་སྒེར་སྒྲ་བརྙན་དང་བརྙན་འཕྲིན་སྡེ་ཚན་གྱིས་མུ་མཐུད་རྒྱབ་སྐྱོར། ཨུ་རུ་སུ་དང་ཉི་ཧོང་དོན་གཅོད་ཁང་གཉིས་དང་། ཟླ་དྲུག་ཙམ་རིང་དང་བླང་གིས་བཀའ་སློབ་རྣམས་སོག་སྐད་དུ་བསྒྱུར་གནང་བ་དང་དྲ་རྒྱ་འདིའི་ཐོག་སྐུ་ངལ་སྐྱོན་མཁན་ལས་བྱེད་རྣམ་པ་བཅས་ལ་སྙིང་ཐག་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོའི་དམིགས་ཡུལ་གཙོ་བོ་ནི་༸གོང་ས་མཆོག་གི་དགོངས་གཞི་དང་འཛམ་གླིང་ཞི་བདེ་དང་འཚེ་མེད་ཞི་བའི་ལམ་སོགས་ཁྱབ་གདལ་ཆེན་པོ་འགྲོ་རྒྱུར་རེ་བ་ཞུ་གི་ཡོད་ཅེས་དང་། བོད་དང་སོག་པོའི་བར་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱི་འབྲེལ་བར་བར་ལམ་ལོ་ངོ་དྲུག་ཅུ་བརྒལ་བའི་རིང་དམར་ཤོག་གིས་རྐྱེན་པས་འབྲེལ་ལམ་ཆད་ཡོད་ཀྱང་། བར་ལམ་བོད་སོག་གཉིས་བཙན་བྱོལ་ནང་འབྲེལ་བ་བསྐྱར་གསོ་བྱུང་རྗེས་༸གོང་ས་མཆོག་གིས་སོག་པོ་ཚོར་གཟིགས་སྐྱོང་ཆེན་པོ་མཛད་པ་དང་། བོད་མིའི་སྒྲིག་འཛུགས་ནས་ཀྱང་རྒྱབ་སྐྱོར་ལམ་སྟོན་གནང་བ་བཅས་ལ་ངས་སོག་པོ་ཚང་མའི་ཚབ་ཞུས་ཏེ་ཐུགས་རྗེ་ཞུ་གི་ཡིན། དེ་རིང་སོག་ཡུལ་ནས་འདིར་སླེབས་མ་ཐུབ་པ་ཚོར་དྲ་རྒྱ་བརྒྱུད་ནས་བརྙན་འཕྲིན་མཐུད་ཡོད་པས་སོག་པོའི་མི་མང་ཚོར་བཀའ་སློབ་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུ་རྒྱུ་ཡིན་ཞེས་གསུངས། དེ་རྗེས་༸གོང་ས་མཆོག་གིས་སོག་སྐད་ཐོག་གསར་དུ་སྐྲུན་པའི་དྲ་རྒྱ་དབུ་འབྱེད་མཛད་གྲུབ་རྗེས་བཀའ་སློབ་སྩལ་དོན། དེ་རིང་འདིར་སོག་སྐད་ཐོག་དྲ་རྒྱ་སྒོ་་འབྱེད་བྱེད་རྒྱུའི་གོ་སྐབས་བྱུང་བར་ངོས་རང་དགའ་པོ་བྱུང་། ཏེ་ལོ་རིན་པོ་ཆེས་གསུང་བ་བཞིན་ང་ཚོ་བོད་སོག་ཐུན་མོང་མ་ཡིན་པའི་འབྲེལ་ཡོད། དེ་ཡང་ལོ་བརྒྱ་ཕྲག་མང་པོའི་རིང་གི་འབྲེལ་བ་དེ་དུས་ད་ལྟ་ཡང་གསོན་པོར་གནས་ཡོད། ངོས་ཐོག་མར་སོག་ཡུལ་དུ་ཕྱི་ལོ་ ༡༩༧༩ ལོར་བསླེབས་པ་རེད། དེ་དུས་དམར་པོའི་སྒྲིག་འཛུགས་འོག་གནས་ཡོད། མི་མང་སྤྱི་ཡོངས་ལ་སྐབས་དེར་ཆོས་དད་རང་མོས་མེད་པར་ཞེ་སྣང་བྱེད་དགོས་ཀྱི་འདུག འོན་ཀྱང་དེ་དུས་མངོན་གསལ་དོད་པོ་ཞིག་ལ་་མི་མང་སེམས་ཀྱི་གཏིང་ནས་ནང་ཆོས་ལ་དད་པ་ཡོད་པ་དང་། ངོས་ལའང་དམིགས་བསལ་གྱི་དད་འདུན་ཡོད་པ་གསལ་པོར་མཐོང་བྱུང་། སོག་ཡུལ་ལ་རང་དབང་བྱུང་རྗེས་ངོས་ཐེངས་ཁ་ཤས་སླེབས་ཡོད། ལོ་ངོ་བརྒྱ་ཕྲག་སྟོང་ཕྲག་མང་པོའི་རིང་ལོ་རྒྱུས་ཀྱི་འབྲེལ་བ་ཡོད་པའི་ཐོག་ནས་དེ་རིང་འདིར་སོག་སྐད་ཀྱི་ནང་དྲ་རྒྱ་ཞིག་འགོ་འཛུགས་རྒྱུ་བྱུང་བར་ངོས་རང་ཧ་ཅང་དགའ་པོ་བྱུང་ལ་དེས་ཕྲན་བུ་ཕན་ཐོགས་ཡོང་གི་རེད་སྙམ། དུས་རབས་གསར་པའི་འཕྲུལ་ཆས་ཡར་རྒྱས་ཆེན་པོ་ཕྱིན་ཡོད། འཕྲུལ་ཆས་ཡར་རྒྱས་ཕྱིན་པ་མང་པོ་ཞིག་གནོད་འཚེ་དང་ཆགས་སྡང་སྤེལ་བའི་ཐོག་བེད་སྤྱོད་ཕྱིན་ཡོད། དེ་རིང་ཡར་རྒྱས་དེ་དག་དངོས་གནས་མིའི་བྱམས་བརྩེ་གོང་སྤེལ་གཏོང་རྒྱུ་དང་སོག་པོར་ཆ་བཞག་ན་ཕ་མེས་ནས་སངས་རྒྱས་ཀྱི་ཆོས་བྱེད་མཁན་རེད། དེའི་ནང་ཚན་ནས་བོད་ཀྱི་སངས་རྒྱས་ཀྱི་ཆོས་བྱེད་མཁན་ཞིག་ཆགས་ཡོད། དེར་བརྟེན་འཚེ་བ་མེད་པའི་ལྟ་སྤྱོད་གོང་སྤེལ་དང་། དེ་བཞིན་ཁོར་ཡུག་ལ་དོ་སྣང་གསར་པ་སླེབས་རྒྱུ་འི་ཆ་རྐྱེན་ལ་བེད་སྤྱོད་བྱེད་དུས་འཕྲུལ་ཆས་ལ་སེམས་མེད་ཀྱང་། དེང་དུས་ཀྱི་འཕྲུལ་ཆས་འཁྲུགས་པོ་དེ་དག་བྱ་བ་བཟང་པོ་ཞིག་བསྒྲུབ་རྒྱུར་སྤྱོད་དུས་ འཕྲུལ་ཆས་ཀྱང་བསོད་ནམས་གསོག་རྒྱུའི་ཆ་རྐྱེན་དུ་འགྱུར་འདུག་པས་ངོས་རང་ཧ་ཅང་དགའ་པོ་བྱུང་། དེའི་ཆེད་ལོ་མང་རིང་དཀའ་ལས་ལོ་མང་པོའི་རིང་དཀའ་ལས་རྒྱག་མཁན་རྣམ་པར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཞེས་སོགས་བཀའ་སློབ་སྩལ་རྗེས། དེ་རིང་གི་ཆོས་འབྲེལ་བྱ་རྒྱུ་དེ་ནི་ལམ་རིམ་གསེར་གྱི་ཡང་ཞུན་ཞེས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་མཛད་པ་དེ་ཡིན། དེ་ནི་རྗེ་རིན་པོ་ཆེའི་ལམ་རིམ་ཆེ་འབྲིང་ཆུང་གསུམ་ནང་གི་ལམ་རིམ་ཆུང་ངུའམ་བསྡུས་དོན་ཉམས་མགུར་དུ་གྲགས་པ་དེའི་འགྲེལ་པ་ཆགསཡོད་པ་ལྟར་དེ་རིང་དེའི་བཤད་ལུང་འབུལ་རྒྱུ་དང་། སང་ཉིན་ཕྱག་རྡོར་འཁོར་ཆེན་གྱི་དབང་འབུལ་རྒྱུ་ཡིན། ཞེས་བཀའ་སྩལ་རྗེས་རྒྱུན་ཕྱག་གསུམ་པ་དང་། ཤེས་རབ་སྙིང་པོ་གསུང་འདོན་གནང་སྟེ་་ཆོས་འབྲེལ་དབུ་འཛུགས་ཀྱི་ཐོག་མར་ཕེབས་དོན། ཆོས་ཉན་བཤད་གང་ཞིག་ཡིན་ནའང་འཆད་པ་པོའི་ངོས་ནས་ཀྱང་ཀུན་སློང་རྣམ་པར་དག་པ་འཇིག་རྟེན་ཆོས་བརྒྱད་ཀྱི་བསམ་པ་དང་མ་འདྲེས་པར་བསམ་པ་རྣམ་དག་གིས་འཆད་དགོས་པ་དང་། ཉན་པ་པོའི་ངོས་ནས་ཀྱང་འཇིག་རྟེན་ཆོས་བརྒྱད་ཀྱི་བསམ་པ་དང་མ་འདྲེས་པར་ཆོས་ཆོས་སུ་འགྲོ་བ་ཞིག་དང་། དེའི་ནང་ནས་ཐེག་ཆེན་གྱི་ཆོས་ཐེག་ཆེན་གྱི་ཆོས་སུ་འགྲོ་བ་ཞིག གསང་སྔགས་རྡོ་རྗེ་ཐེགས་པའི་ཆོས་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སུ་འགྲོ་བ་ཞིག་བྱེད་དགོས་པ་རེད། ཀུན་སློང་རྣམ་དག་ཅིག་མེད་ན་ཟློས་གར་འཁྲབ་པ་ལྟ་བུ་ལས་ཆོས་རྣམ་དག་ཡོང་གི་མ་རེད། དེར་རྟེན་འཆད་པ་པོ་དང་ཉན་པ་པོ་གཉིས་ཀའི་ངོས་ནས་ཀུན་སློང་རྣམ་དག་དགོས་པར་རྒྱུན་གཏན་ཆོས་འཆད་ཉན་གྱི་འགོ་ལ་སངས་རྒྱས་ཆོས་ཚོགས་མ་ཚར་གསུམ་བླ་སློབ་མཉམ་དུ་བཏོན་ནས་བླ་མའི་ངོས་ནས་ཀྱང་ཐེག་ཆེན་གྱི་སྐྱབས་འགྲོའི་རྒྱུ་ཚོགས་གསལ་བཏབ་པའི་ཐོག་ནས་སྐྱབས་སུ་འགྲོ་བ་དང་། དེ་ནས་སེམས་བསྐྱེད་དེ་བླ་སློབ་གཉིས་ཀའི་ཐོག་ནས་དགོངས་པ་བཞེས་དགོས། དེ་ལྟར་བསམ་བློ་བཏང་ནས་སངས་རྒྱས་ཆོས་ཚོགས་མ་ཚར་གསུམ་མཉམ་དུ་འདོན་གྱི་ཡིན། ཞེས་བཀའ་སྩལ། གསུང་ཆོས་འདིར་སོག་ཡུལ་ནས་ཆོས་ཞུ་བ་སེར་སྐྱ་མི་གྲངས་ ༧༠༠ དང་། ཨ་རི་དང་དབྱིན་ཡུལ། ཀོ་རི་ཡ། ཝི་ཏི་ནམ་སོགས་ཕྱི་རྒྱལ་ཡུལ་གྲུ་ ༥༤ དང་། རང་རིགས་བཅས་ཁྱོན་མི་གྲངས་ ༤༠༠༠ བརྒལ་བཅར་ཡོད་པ་རེད།།