ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།

 མི་རྗེ་མཆོག་ལ།

དེང་དུས་འཛམ་གླིང་གིས་ཀོ་རི་ཡར་དོ་སྣང་བྱས་ཏེ་རྒྱལ་སྤྱིའི་ནུས་ཤུགས་ཤིག་གིས་བཙན་འཛུལ་བཀག་འགོག་བྱེད་བཞིན་ཡོད་པ་རེད། བཙན་འཛུལ་དེ་ལྟ་བུ་བོད་དུ་བྱེད་བཞིན་ཡོད་ཀྱང་དེ་ལ་སུས་ཀྱང་དོ་སྣང་བྱེད་མཁན་མེད། བཙན་འཛུལ་འགོག་ཐབས་མ་བྱས་པར་འཇོག་མི་རུང་བ་དང༌། ས་ཁུལ་གང་སར་རང་དབང་ལ་སྲུང་སྐྱོབ་དགོས་པར་ཡིད་ཆེས་ཐོག་ནས་དེང་དུས་བོད་ཀྱི་ས་མཚམས་ཉེ་སྐོར་དུ་བྱུང་བའི་གནས་ལུགས་རྣམས་ཁྱེད་བརྒྱུད་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུ་རྒྱུའི་འཁུར་འགན་ང་ཚོས་ལེན་བཞིན་ཡོད།

ཁྱེད་ཀྱིས་མཁྱེན་གསལ་ལྟར། ཉེ་ཆར་བོད་དུ་ཧ་ལས་པའི་དཀའ་ངལ་འབྱུང་བཞིན་འདུག་དཀའ་ངལ་དེ་དག་བོད་གཅིག་པུས་བཟོས་པ་མ་ཡིན་པར་རྒྱ་མིས་རྒྱལ་ཁབ་ཆུང་བ་རྣམས་དབང་བསྒྱུར་བྱེད་འདོད་ཀྱི་བསམ་ཚུལ་ལ་འགོག་རྐྱེན་མེད་པའི་དབང་གིས་བྱུང༌། ནང་པའི་ཆོས་ཀྱི་དབུ་བཞུགས་སུ་མང་བཀུར་ྋསྐྱབས་མགོན་ཏཱ་ལའི་བླ་མར་ཕྱི་རྒྱལ་ཡུལ་ཁག་གི་དད་མོས་ཅན་ཚོས་མཇལ་ཕྱག་ཞུ་བར་བཅར་འབྱོར་ཙམ་ལས། དེ་མིན་དུས་ཡུན་རིང་པོ་ཞིག་བོད་མི་ཚོས་རིའི་ལོགས་ཁེ་གཙང་དུ་བསྡད་དེ་འཛམ་གླིང་ཡུལ་ཁག་གཞན་ལ་འབྲེལ་གཏུགས་བྱས་ཡོད་པ་མ་རེད།

ཕྱི་ལོ་ ༡༩༡༢ ལོའི་གོང་ཙམ་ལ་ཏཱ་ལའི་བླ་མ་དང༌། རྒྱ་ནག་གོང་མའི་དབར་འབྲེལ་ལམ་མཛའ་མཐུན་ཅན་བྱུང༌། འབྲེལ་ལམ་དེ་ནི་ཆོས་དད་གཅིག་གྱུར་ལས་བྱུང་ཞིང༌། དེ་ལ་མཆོད་ཡོན་སྦྱིན་བདག་གི་འབྲེལ་བ་ཞེས་བརྗོད་ན་འགྲིགས། སྲིད་དོན་གྱི་རྙོག་གླེང་གང་ཡང་མེད། བོད་མི་ཚོ་ཆོས་དད་ཆེན་པོ་ཡོད་སྟབས་དུས་ཡུན་རིང་པོ་ནས་དམག་གི་ལས་ཐབས་སྤངས་ཤིང༌། ཞི་བདེ་དང༌། བཟོད་པའི་ཉམས་ལེན་ལ་སྦྱང་པ་དང༌། རང་ཡུལ་གྱི་སྲུང་སྐྱོབ་ནི་ཡུལ་གྱི་ཆགས་སྟངས་དང༌། ཡུལ་གཞན་གྱི་གནས་ཚུལ་ལ་ཐེ་བྱུས་མེད་པས་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གོང་མ་ནས་སྲུང་སྐྱོབ་ལེན་པའི་དུས་སྐབས་བྱུང་ཡོད་ཀྱང༌། དེ་ནི་ཆེས་དཀོན་པ་ཡིན། རྒྱ་མིར་རྒྱ་བསྐྱེད་བྱེད་པའི་ཕུགས་བསམ་ཞིག་ཡོད་སྟབས་བོད་དང༌། རྒྱ་ནག་ཁྱིམ་མཚེས་རང་དབང་མཛའ་གྲོགས་ཀྱི་འབྲེལ་ལམ་དེར་གོ་བ་ལོག་སྒྲུབ་གཞན་ཞིག་བྱས་ཏེ། རྒྱ་ནག་དབང་བསྒྱུར་བྱེད་མཁན་དང༌། བོད་ནི་དེའི་འོག་གི་གཞུང་ཞིག་ཏུ་ངོས་འཛིན་བྱས་པ་རེད། དེར་བརྟེན་རྒྱ་ནག་ནས་བོད་དུ་ལྟ་ཚུལ་ཇི་འདྲ་ཞིག་ཡོད་པའི་སྐོར་བོད་པས་ཁྲིམས་ལུགས་ཀྱི་ཐོག་ནས་བསམ་བློ་ཐོག་མར་འཁོར་བ་རེད།

༡༩༡༠ ལོར་རྒྱ་མི་བོད་དུ་ཡོང་སྐབས་ཡུལ་གཉིས་ཀྱི་གནས་ཚུལ་བཤིགས་རལ་ཆེན་པོར་གྱུར། ༡༩༡༡་༡༩༡༢ ནང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་འོག་ཏུ་བོད་རང་དབང་རང་བཙན་ཆ་ཚང་ཡིན་པའི་གསལ་བསྒྲགས་བྱས། སྐབས་དེར་བལ་ཡུལ་ཡང་རྒྱ་ནག་གི་བཀའ་བཀོད་འོག་ནས་གྲོལ་འདུག ༡༩༡༡ ལོ་ནང་རྒྱ་ནག་ཏུ་ནང་འཁྲུགས་བྱུང་སྟེ་མན་ཇུ་གོང་མའི་དབང་བསྒྱུར་མཇུག་བསྡུས་རྗེས་བོད་དང་རྒྱ་ནག་དབར། ཆོས་དང་མཛའ་མཐུན་གྱི་འབྲེལ་བ་མཐའ་མ་དེ་གཙང་ཆད་དུ་ཕྱིན་པ་རེད། དེར་བརྟེན་བོད་པས་རང་ཉིད་ཁེ་གཙང་གཅིག་པུར་སྡོད་པ་དང༌། སངས་རྒྱས་ཀྱི་མཁྱེན་རབ་དང༌། ཐུགས་རྗེ། སྐབས་རེ་རྒྱ་གར་དབྱིན་གཞུང་གི་སྲུང་སྐྱོབ་བཅས་ལ་བརྟེན་ཏེ་གནས་སྡོད་བྱས། གནས་ཚུལ་འདི་འདྲའི་སྐབས་དབྱིན་ཇིས་ཀྱང་བོད་དུ་དབང་བསྒྱུར་གྱི་ཐོབ་ཐང་ཡོད་ལུགས་བརྗོད་ཐུབ། སྐབས་རེ་བོད་དུ་དབྱིན་ཇི་དང༌། རྒྱ་ནག་གི་ནུས་ཤུགས་འདོན་སྐབས་བྱུང་ན་ཡང༌། བོད་ནི་རང་ཉིད་ལོགས་སྡོད་ཁོ་ན་བྱས། དེས་རང་ཡུལ་དུ་ཞི་བདེ་ཡུན་གནས་དང༌། ཕྱི་རྒྱལ་ཡུལ་གཞན་དང་ཡང་མཐུན་པོ་བྱུང་འདུག བོད་མིས་རྒྱ་ནག་མི་མང་དང་མཛའ་མཐུན་མུ་མཐུད་བྱས་ན་ཡང༌། ༡༩༡༤ ལོའི་བོད་རྒྱ་ཁོངས་ཡིན་ལུགས་དེར་ཁས་ལེན་མ་བྱས་པ་རེད།

དབྱིན་ཇིའི་བརྗོད་ནན་ལ་བརྟེན་ནས་ཆིངས་ཡིག་ཅིག་ལ་མིང་རྟགས་བཀོད་དེ་བོད་རྒྱ་ནག་གི་སུ་ཛ་རན་ཀྲིའམ་མིང་ཙམ་གྱི་ཁོངས་གཏོགས་སུ་བྱས། དེས་ལྷ་སར་རྒྱ་མིའི་དོན་གཅོད་ཁང་ཞིག་འཛུགས་རྒྱུའི་ཐོབ་ཐང་བྱུང་ན་ཡང༌། བོད་ཀྱི་ལས་དོན་ཐོག་ཐེ་བྱུས་ནམ་ཡང་མི་ཆོག་པ་ཡིན། ཕྱི་ལོ་ ༡༩༡༤ ལོའི་ཆིངས་ཡིག་ལ་རྒྱ་མིས་མིང་རྟགས་མ་བཀོད་སྟབས་མིང་ཙམ་གྱི་ཁོངས་གཏོགས་དེ་ལ་ཡང་མཐའ་འདེད་བྱེད་ཡུལ་མེད། ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང༌། བལ་ཡུལ་སོགས་ནས་ཀྱང་བོད་རང་དབང་རང་བཙན་དུ་ངོས་བཟུང་གི་འབྲེལ་བ་བྱས་ཡོད་པ་རེད། དབྱིན་ཇིས་མཛའ་གྲོགས་ཀྱི་རྣམ་འགྱུར་བསྟན་ཡོད་ཀྱང༌། དམག་ཆེན་གཉིས་པའི་སྐབས་བོད་ཀྱི་དཔུང་དམག་རྒྱ་ནག་གི་མཐུན་གྲོགས་སུ་མ་ཕྱིན་པ་རེད། དེར་བརྟེན་བོད་ཀྱི་རང་དབང་རང་བཙན་གྱི་རྣམ་འགྱུར་བསྟན་ཅིང༌། ཐོབ་ཐང་དེ་ལ་གནས་སྡོད་བྱས་པ་རེད། བོད་དང་རྒྱ་གར་གྱི་འབྲེལ་བའི་ལམ་སྟོན་ནི་ད་དུང་ ༡༩༡༤ ལོའི་ཆིངས་ཡིག་དེས་བྱེད་བཞིན་ཡོད་པ་དང༌། རྒྱ་ནག་ཆིངས་དོན་དེ་ཁོངས་ཚུད་ཞུགས་མེད་སྟབས་དེའི་ཐོབ་ཐང་རྣམས་སྤོངས་དགོས། དེར་བརྟེན་བོད་འདི་ཁྲིམས་མཐུན་གྱི་རང་དབང་རང་བཙན་ཡང་བསྐྱར་བྱུང་བ་རེད།

༡༩༡༡ ལོ་རྒྱ་ནག་ནང་ཁུལ་ངོ་ལོག་གི་རྗེས་སུ་བོད་དང་རྒྱ་ནག་གི་འབྲེལ་བ་ཆེས་ཕྲ་བ་དེ་དག་རྒྱ་ནག་གུང་བྲན་གྱི་སྲོལ་ལུགས་ཆ་ཚང་དུ་འགྱུར་ནས་ད་དུང་ཡོད་པར་ངོས་འཛིན་བྱེད་ཐབས་མེད། ལྟ་སྤྱོད་ཐ་དད་འདི་ལྟ་བུར་མཛའ་མཐུན་འབྱུང་བ་དཀའ་གཤིས་མ་འོངས་པར་རྙོག་ཁྲ་འབྱུང་དྭོགས་ཀྱིས་ ༡༩༤༩ ཟླ་བ་བདུན་པ་ནང་ལྷ་སར་ཡོད་པའི་རྒྱ་མིའི་སྐུ་ཚབ་ཚོ་བོད་གཞུང་གིས་ཕྱིར་སློག་བྱས་པ་ནས་བཟུང་བོད་ནས་རྒྱ་ནག་གཞུང་མི་མང་ལ་འབྲེལ་བ་བྱས་ཡོད་པ་མ་རེད། བོད་ནི་རྒྱ་ནག་གི་དངོས་གཙོ་སྨྲ་བའི་ལྟ་སྤྱོད་དུ་མ་ཞུགས་པར་ལོགས་སུ་སྡོད་འདོད་ཡོད་ཀྱང༌། རྒྱ་ནག་གིས་བོད་ཞི་བདེར་འཇོག་འདོད་ཡོད་པ་མ་རེད། རྒྱ་ནག་མི་མང་སྲིད་གཞུང་བཙུགས་པ་ནས་རྒྱ་མིས་བོད་བཅིངས་བཀྲོལ་གཏོང་རྒྱུ་ཡིན་ལུགས་འཇིགས་སྣང་བསྐུལ་ཞིང༌། བོད་གཞུང་སྟོར་བརླག་གཏོང་ཐབས་འདྲ་མིན་མང་པོ་བྱས། བོད་པས་དེ་དག་བཀག་འགོག་མི་ཐུབ་པར་ངོས་འཛིན་བྱས་ཏེ་རྒྱ་ནག་དང་ཞི་མཐུན་གྱིས་འགྲིགས་ཐབས་བྱས། རྒྱ་ནག་ཏུ་འགྲོ་མཁན་བོད་ཀྱི་དོན་གཅོད་པ་རྣམས་རྒྱ་གར་ནས་ཐོན་བསྐྱོད་མ་ཐུབ་པ་ནི་བློ་ཕམ་གྱི་གཞི་ཞིག་ཡིན་ཀྱང༌། དེ་ནི་ཧོང་ཀོང་རྒྱུད་འགྲོ་རྒྱུར་དབྱིན་ཇིས་ལག་འཁྱེར་མ་སྤྲད་པ་མ་གཏོགས་ཁོང་ཚོའི་ཉེས་སྐྱོན་མིན། རྒྱ་གར་གཞུང་གི་གྲོགས་རམ་ལ་བརྟེན་ནས་བོད་ཀྱི་དོན་གཅོད་པ་ཚོ་དང༌། རྒྱ་ནག་གི་གཞུང་ཚབ་རྒྱ་གར་དུ་ཡོད་པ་གླེང་མོལ་འགོ་འཛུགས་བྱེད་རྒྱུའི་གོ་སྐབས་སྤྲད་ཀྱང༌། ཁོང་ཕྱི་ཟླ་དགུ་པ་ནང་མ་གཏོགས་ལྡི་ལིར་མ་འབྱོར་པ་རེད། ལྡི་ལིར་འཕྲོས་མོལ་བྱེད་བཞིན་པའི་སྐབས། ༡༩༥༠ ཟླ་བཅུ་པའི་ཚེས་བདུན་ཉིན་རྒྱ་མིའི་དཔུང་དམག་རྣམས་ནས་ས་གནས་ཁག་མང་ནས་འབྲི་ཆུ་བརྒལ་བགྲོད་བྱས་ཤིང༌། འབྲི་ཆུ་ནི་དུས་ཡུན་གང་འཚམས་རིང་རྒྱ་བོད་ཀྱི་ས་མཚམས་ཡིན། ལྡན་མ། སྐམ་ཐོག་གྲུ་ཁ། ཚ་སྨད། རི་བོ་ཆེ་འགོ་རྒྱུད། ཡ་ག་ལོ། རྨར་ཁམས་སོགས་གནད་ཆེའི་ས་ཆ་མང་པོ་རྒྱ་མིས་བཟུང༌། ས་སྲུང་ཙམ་ལས་བཙན་འཛུལ་འགོག་ཆེད་མིན་པའི་ཁམས་ནང་ས་མཚམས་ཁག་ཏུ་ཡོད་པའི་བོད་དམག་རྣམས་རྒྱ་མིའི་དཔུང་དམག་ནས་སྟོར་བཅོམ་གྱིས་ཕྱོགས་ཁག་ལྔ་ནས་ཆབ་མདོར་རྒོལ་འཛིངས་བྱས་ཤིང༌། ཁམས་ཀྱི་རྒྱལ་ས་ལྟ་བུའི་ཆབ་མདོ་རིང་མིན་རྒྱ་མིར་ཤོར་ཏེ། བོད་གཞུང་གི་བཀའ་བློན་ཞིག་ཡོད་པ་དེ་ཡང་ཇི་བྱས་ཤེས་ཚོར་མི་འདུག

དེ་འདྲའི་གློ་བུར་གྱི་བཙན་འཛུལ་དེ་དག་འཛམ་གླིང་ཕྱི་ལོགས་ནས་ཇི་བཞིན་ཤེས་ཀྱི་ཡོད་པ་མ་རེད། བོད་དུ་བཙན་འཛུལ་བྱས་ཏེ་ཡུན་རིང་སོང་རྗེས་རྒྱ་ནག་གི་དཔུང་དམག་བོད་དུ་འགྲོ་དགོས་བཀའ་ཕབ་ཚུལ་རྒྱ་མིས་འཛམ་གླིང་དུ་དྲིལ་བསྒྲགས་བྱས་པ་རེད། བཙན་འཛུལ་དེས་བོད་ཀྱི་ཞི་བདེ་སྟོར་བཤིགས་བྱས་པས་མ་ཚད། རྒྱ་ནག་གིས་རྒྱ་གར་གཞུང་ལ་ཁས་ལེན་བྱས་པར་ཡང་སོར་གནས་མ་བྱས་པ་དང༌། བོད་དུ་ཛ་དྲག་གི་གནས་ཚུལ་བཟོས་པའི་མཐར་བོད་མིས་བརྩེ་ཞེན་བྱེད་པའི་རང་དབང་རང་བཙན་ཡང་འཕྲོག་རྒྱུར་ཐེ་ཚོམ་མེད།

མི་རྗེ་དྲུང་ཆེ་མཆོག་ལ་ཞུ་རྒྱུར། བོད་མི་ཚོས་དགྲ་འཐབ་ལན་ཅིག་མ་བྱས་པར་རང་བཞིན་མགོ་སྒུར་མི་བྱེད་ཀྱང༌། དུས་རྟག་ཏུ་ཞི་བདེར་སྡོད་མཁན་བོད་མི་ཚོས་དགྲ་འཐབ་ཁོ་ནར་བྱང་བའི་རྒྱ་མིར་འཐབ་རྒོལ་བྱེད་པར་རེ་བ་ཆེན་པོ་མེད། འོན་ཀྱང་ས་ཕྱོགས་གང་དུ་བཙན་འཛུལ་བྱུང་ཡང་མཉམ་འབྲེལ་རྒྱལ་ཚོགས་ནས་འགོག་རོགས་གནང་རྒྱུ་ཡིན་པ་ང་ཚོས་གོ་རྟོགས་བྱུང༌།

བོད་རྒྱ་མི་གུང་བྲན་འོག་འཇུག་རྒྱུའི་དོན་དུ་མཚོན་ཆ་ལྡན་པའི་བཙན་འཛུལ་བྱས་པ་དེ་ནི་ཆེས་མངོན་གསལ་ཆེ་བའི་བཙན་འཛུལ་ཞིག་ཡིན་ཞིང༌། བོད་མིའི་འདོད་བློར་མེད་པར་བཙན་ཤུགས་ཀྱི་སྒོ་ནས་བོད་རྒྱ་ནག་གི་ཆ་ཤས་སུ་བསྒྱུར་ན། ནུས་ཆེ་བས་ཆུང་བར་བཙན་གནོན་ཁྲིམས་འགལ་བྱས་པའི་དཔེ་སྟོན་སྡུག་ཤོས་ཤིག་ཡོང་གི་རེད། དེར་བརྟེན་ང་ཚོའི་ཐོག་ཏུ་བྱུང་བའི་རྒྱ་མིའི་བཙན་འཛུལ་འགོག་རོགས་གནང་དགོས་ཞེས་ཁྱེད་བརྒྱུད་འཛམ་གླིང་རྒྱལ་ཁབ་ཚོར་འབོད་བསྐུལ་ཞུ་རྒྱུ་ཡིན།

རྙོག་ཁྲ་དེ་ནི་དཀའ་ཚེགས་ཆེན་པོ་མིན། རྒྱ་མིས་བོད་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ལུགས་ཟེར་ཞིང༌། བོད་མིས་ནི། མི་རིགས། ཤེས་རིག ས་བབས་ཆགས་སྟངས་གང་ཅི་ནས་རྒྱ་མི་དང་ཤིན་ཏུ་ཐ་དད་ཡིན་པར་བསམ་གྱི་ཡོད་པ་རེད། གལ་སྲིད་བོད་མིའི་འདོད་ཚུལ་དེར་རྒྱ་མིས་བློ་མོས་མེད་ན། བོད་མིའི་འདོད་ཚུལ་དེ་ལ་སྤྱོད་བཟང་གི་རྟོག་ཞིབ་བྱེད་པའི་ཐབས་ལམ་གཞན་དག་ཡོད། གནད་དོན་འདི་དག་ཁྲིམས་ལུགས་དང་འབྲེལ་ཡོད་ཡིན་ཚེ་རྒྱལ་སྤྱིའི་ཁྲིམས་ཁང་ཁག་ལ་ཞུ་གཏུགས་བྱས་ན་འགྲིགས། བོད་རྒྱ་ནག་གིས་བཟུང་བ་དེས་ཨེ་ཤ་ཡའི་ནང་རྒྱལ་ཁབ་གཞན་དག་ཚོའི་རང་དབང་དང༌། སྲིད་གཞུང་བརྟན་གནས་ཡོང་རྒྱུར་ཉེན་ཁ་ཇེ་ཆེར་ཕྱིན་པ་རེད།

ངེད་བཀའ་བློན་ཚོས་ཏཱ་ལའི་བླ་མའི་བཀའ་འབྲེལ་ལྟར་ཛ་དྲག་ཆེ་བའི་བོད་དོན་འདི་དག་མཉམ་འབྲེལ་རྒྱལ་ཚོགས་ནས་ཐག་གཅོད་གནང་རྒྱུར་འབུལ་རྒྱུ་དང༌། ཀླ་ཀློའི་སྤྱོད་ཚུལ་དྲན་བསྐུལ་བྱེད་པའི་བྱ་སྤྱོད་ཀྱིས་ང་ཚོའི་སྲིད་གཞུང་སྟོར་བཤིགས་མི་འགྲོ་བར་འཛམ་གླིང་ནས་སེམས་འཁུར་གནང་བའི་རེ་བ་ཞུ་བཞིན་ཡོད། ཀ་སྦུག་ཞྭ་སྒབ་པའི་གནས་ཁང་ནས། བོད་ཀྱི་བཀའ་ཤག་དང༌། མི་མང་ཚོགས་ཆེན་གྱི་འཐུས་མི་ཐུན་མོང་གིས་བོད་ལྕགས་གླང་ཟླ་༩ ཚེས་༢༧ དང༌། ཕྱི་ལོ་ ༡༩༥༠ ཟླ་༡༡ ཚེས་༧ ལ་ཕུལ།

 

༈ མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ྋམི་རྗེ་ཌོག་ཧ་མ་ཤོ་མཆོག་ལ།

ཕྱི་ལོ་ ༡༩༥༠ ཟླ་ ༡༡ ཚེས་ ༢༤ རེས་གཟའ་པ་སངས་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནང་ཨལ་སལ་བ་ཀྲོར་ནས་བོད་དུ་ཕྱི་རྒྱལ་གྱི་དམག་ཤུགས་བཙན་འཛུལ་བྱུང་བར་སྐྱོན་བརྗོད་གླེང་མོལ་གནང་བའི་གནད་དོན་ཞི་བའི་ཐོག་འགྲིགས་རྒྱུའི་དུས་སྐབས་ཡོང་ཆེད་ཚོགས་འདུར་གོ་བསྡུར་གནང་རྒྱུ་འགྱངས་འཇོག་གནང་བའི་སྐོར་ཞུ་རྒྱུ་ཡིན། ངས་བློ་ཕམ་ངང་ཞུ་རྒྱུར། བཙན་འཛུལ་དེ་དག་གཞི་རྒྱ་ཇེ་ཆེར་ཕྱིན་ཏེ་ད་ཆ་བོད་ས་ཕལ་ཆེར་རྒྱ་ནག་གི་དམག་ཤུགས་འོག་ཚུད་ཡོད་པ་རེད། ང་དང༌། ངའི་གཞུང་ནས་ཞི་བའི་ལམ་ནས་འགྲིགས་ཐབས་མང་པོ་བྱས་པར་བདག་སྤྲོད་མ་བྱུང༌། འགྲོ་བ་མིའི་རིགས་དང༌། ཆོས་ཀྱི་སྐོར་རྒྱ་མིའི་བྱ་སྤྱོད་ཤིན་ཏུ་མ་རུང་བར་བྱས་པར་བརྟེན་མཉམ་འབྲེལ་རྒྱལ་ཚོགས་རང་ནས་བོད་དོན་གྲོས་བསྡུར་འགྱངས་འཇོག་གནང་བ་དེར་འཕྲལ་དུ་དགོངས་བཞེས་བཀའ་བསྡུར་ཡོང་བ་ཞེས་རེ་འདུན་ཞུ་བཞིན་ཡོད། ཕྱི་ལོ་ ༡༩༥༠ ལོ་རྒྱ་དམག་ནས་བོད་སར་ཁྲིམས་འགལ་བཙན་འཛུལ་བྱེད་སྐབས་བོད་ནི་རང་དབང་ཆ་ཚང་ཡོད་པ་ཞིག་ཡིན་ཞེས་དང༌། ང་དང་ངའི་གཞུང་ནས་ནུས་ཤུགས་ཆེན་པོ་ཞུ་འདོད་ཡོད་ཅིང༌། དོན་གནད་འདི་དག་གི་རྒྱབ་སྐྱོར་ཆེད་དུ་གཤམ་གསལ་དོན་གནད་རྣམས་ཞུ་རྒྱུ་ཡིན།

དང་པོ། ཕྱི་ལོ་ ༡༩༡༢ ལོ་རྗེ་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་གྱི་དྲིལ་བསྒྲགས་གནང་བ་ནས་བཟུང་བོད་ནང་རྒྱ་མིའི་དབང་ཤུགས་གཏན་ནས་བྱུང་ཡོད་པ་མ་རེད།

གཉིས་པ། བོད་ཀྱི་དབང་ཆ་ཚང་མ་ཡོད་པའི་གནས་སྟངས་ལ་ཁུངས་སྐྱེལ་བརྟན་པོ་ཡོད། དུས་སྐབས་དེ་དང༌། དེའི་ཉེ་གོང་ལ་བོད་གཞུང་ནས་རྒྱལ་འབྲེལ་གྱི་གྲོས་མཐུན་ཁག་ལྔ་ཙམ་བཞག་ཡོད་པ་རེད།

གསུམ་པ། ཕྱི་ལོ་ ༡༩༡༤ ལོ་དབྱིན་བོད་དབར་གྱི་ཆིངས་ཡིག་ལ་བོད་གཞུང་གིས་རྩ་འཛིན་བྱེད་བཞིན་ཡོད་ཅིང༌། དེའི་ནང་བོད་ཀྱི་དབང་ཆ་ཚང་མ་ཡོད་པའི་གནས་སྟངས་དེ་རྩ་འཛིན་བྱས་ཡོད་པ་མ་ཟད། བོད་ཀྱི་སྐུ་ཚབ་ལ་དབྱིན་ཇི་དང༌། རྒྱ་ནག་གི་སྐུ་ཚབ་དང༌། ཁྱད་མེད་ཀྱི་དབང་ཆ་བྱུང་ཡོད་པ་རེད། བོད་ཀྱི་ཕྱི་འབྲེལ་དབང་ཆར་ཆིངས་ཡིག་དེའི་ནང་དགག་ཆ་འགའ་ཤས་ཡོད་པ་དངོས་འབྲེལ་ཡིན་ཀྱང༌། ནང་དོན་གྱི་གནས་སྟངས་ལ་གནོད་འགལ་ཡོད་པ་མ་རེད། དབྱིན་ཇི་ནས་རྒྱ་གར་ལ་དབང་བྱུས་རྩིས་སྤྲད་རྗེས་དགག་ཆ་དེ་ཚོའི་ནུས་པ་ཉམས་པ་རེད།

བཞི་པ། བོད་རྒྱ་ནག་གི་ཁོངས་གཏོགས་ཡིན་པ་རྩ་འཛིན་འཕེར་བའི་ཡིག་ཆ་ཁུངས་ལྡན་རིགས་བོད་དམ། རྒྱལ་ཁབ་གཞན་དག་སུ་ལ་ཡང་ཡོད་པ་མ་རེད།

ལྔ་པ། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་རྒྱ་གར་ནས་བོད་ས་བརྒྱུད་རྒྱ་ནག་ཏུ་གཡུལ་མཁོའི་ཡོ་ཆས་མིན་པའི་དངོས་ཆས་མ་གཏོགས་གཏོང་མ་བཅུག་པར་བོད་བར་གནས་སུ་བསྡད་པ་དེས་བོད་རང་དབང་གཙང་མ་ཡིན་པའི་རྟགས་མཚན་མངོན་གསལ་ཅན་བསྟན་ཡོད་པ་དང༌། གནས་སྟངས་དེ་ནི་དབྱིན་གཞུང་དང༌། རྒྱ་ནག་ནས་ཁས་ལེན་བྱས་ཡོད་པ་རེད།

དྲུག་པ། བོད་རང་དབང་གཙང་མ་ཡོད་པའི་གནས་ཚུལ་རྒྱལ་ཁབ་གཞན་དག་ནས་ཀྱང་ངོས་འཛིན་བྱས་ཡོད་པ། དཔེར་ན ཕྱི་ལོ་ ༡༩༤༨ ལོ་བོད་ཀྱི་ཚོང་དོན་སྐུ་ཚབ་རྒྱ་གར་དང༌། ཕ་རན་སི། ཨི་ཀྲ་ལི། དབྱིན་ཇི། ཨ་རི་སོགས་ལ་བསྐྱོད་སྐབས་བོད་གཞུང་གི་ལག་འཁྱེར་ལ་རྒྱལ་ཁབ་དེ་དག་གི་གཞུང་ནས་ཆ་འཇོག་བྱས་ཡོད་པ་རེད། འགྲོ་བ་མིའི་རིགས་ཀྱི་ཆ་ནས་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ནས་བར་འཚང་དགོངས་བཞེས་འཕྲལ་དུ་གནང་དགོས་ཞེས་ངས་རེ་འདུན་ཞུ་རྒྱུ་ཡིན། རྒྱ་མིས་བོད་སར་བཙན་འཛུལ་བྱས་རྗེས་འཛམ་གླིང་ནས་ཁས་ལེན་བྱས་པའི་ཁྲིམས་ལུགས་དང་འགལ་འཛོལ་བྱས་པ་གཤམ་གསལ།

དང་པོ། ཁོང་ཚོས་བོད་མི་སྟོང་ཕྲག་མང་པོའི་རྒྱུ་ནོར་དང༌། འཚོ་ཐབས་འཕྲོགས་ཏེ་སྡུག་ཤི་དང༌། འུ་ཐུག་བཟོད་བྲལ་དུ་བཏང་བ་རེད།

གཉིས་པ། ཕོ་མོ་བུ་ཕྲུག་དང་བཅས་པར་རང་དབང་མེད་པའི་མནར་གཅོད་དང༌། གླ་མེད་དམག་དོན་གྱི་ལས་རྩོལ་བསྐུལ་འདེད་བྱེད་པ།

གསུམ་པ། ཕོ་མོའི་སྐྱེ་སྒོ་འགོག་པའི་བྱེད་ཐབས་ངན་པ་ལག་ལེན་དུ་བསྟར་ཞིང༌། དེའི་དམིགས་ཡུལ་ནི་བོད་མི་རིགས་རྩ་མེད་གཏོང་ཆེད་ཡིན་པ་རེད།

བཞི་པ། ནག་མེད་ཀྱི་བོད་མི་སྟོང་ཕྲག་མང་པོ་སྲོག་གཅོད་བྱས་འདུག

ལྔ་པ། རྒྱུ་མཚན་མེད་པར་བོད་མིའི་འགྲོ་འཁྲིད་མང་པོ་བསད་ཡོད་པ་རེད།

དྲུག་པ། ཆོས་དང༌། ཤེས་རིག་རྩ་མེད་གཏོང་རྒྱུའི་ཐབས་ཤེས་སྣ་མང་བྱས་ཏེ་དགོན་པ་སྟོང་ཕྲག་མང་པོ་རྩ་མེད་བཟོས། རིན་ཐང་བྲལ་བའི་སྐུ་གསུང་ཐུགས་རྟེན་མང་པོ་བསྟོར་བཤིགས་བྱས། དེང་དུས་རང་གི་རྒྱུ་ནོར་དང༌། སྲོག་ལའང་ཡིད་བརྟན་མེད་ཅིང༌། བོད་ཀྱི་རྒྱལ་ས་ལྷ་ས་ནི་བར་དོའི་གྲོང་ཁྱེར་ལྟ་བུ་ཞིག་ཏུ་གྱུར་འདུག ངའི་མི་མང་གི་དཀའ་སྦྱོང་ནི་བརྗོད་པར་དཀའ་བའི་གནས་སུ་གྱར་ཡོད་ན། དོན་མེད་མི་མང་གི་ལུས་སྲོག་འཕྲོགས་པ་འདི་དག་འཕྲལ་དུ་མཚམས་གཅོད་དགོས་ཀྱི་འདུག དེར་བརྟེན་ངས་ྋམི་རྗེ་མཆོག་དང༌། མཉམ་འབྲེལ་རྒྱལ་ཚོགས་ལ་རེ་འདུན་ཆེན་པོས་སྙན་འབུལ་ཞུས་པ་འདིར་དགོངས་བཞེས་ཕྱག་ལེན་ངེས་པར་གནང་བའི་ཡིད་ཆེས་ཞུ་བཞིན་ཡོད།

ནིའུ་ལྡི་ལི་ནས། ཏཱ་ལའི་བླ་མས་ཕྱི་ལོ་ ༡༩༦༢ ཟླ་དགུ་པའི་ཚེས་དགུ་ལ།

 

 

༡ ༈ མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ྋམི་རྗེ་ཌོག་ཧ་མ་ཤོ་མཆོག་ལ།

མཉམ་འབྲེལ་རྒྱལ་ཚོགས་དང༌། སྐུ་ཉིད་ནས་ཀོང་གོའི་ནང་རླབས་ཆེན་གྱི་ལས་དོན་གནང་དང་གནང་མུས་ལ་ཕྲན་དགའ་བོ་ཡོད།

༢ ཕྲན་ནས་སྔ་ལོ་ཕྱི་ལོ་ ༡༩༥༩ ཟླ་དགུ་པའི་ཚེས་དགུ་ཉིན་ཕུལ་བའི་སྙན་ཞུ་སྐུ་ཉིད་ནས་འགྲེམས་སྤེལ་གནང་བ་ཨང་༢༠༣༣ འཁོད་པ་དེ་དང༌། ཕྱི་ལོ་ ༡༩༦༠ ཟླ་དགུ་པའི་ཚེས་གཉིས་ཉིན་ཕུལ་བའི་ཞུ་ཡིག་ལ་གཟིགས་རྟོག་ཡོད་པ་ཞུ་རྒྱུ།

༣ མ་ལ་ཡ་དང༌། ཐའི་ལན་གཉིས་ནས་ཞུ་བསྐུལ་གནང་སྟེ་འདི་ལོ་བོད་དོན་སྐོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་གཞིར་ཚུད་པ་ཧ་ཅང་དགའ་བོ་བྱུང་བ་མ་ཟད། ཁོང་གཉིས་ཀྱི་བཀའ་དྲིན་རྗེས་དྲན་ཞུ་གི་ཡོད། ཕྲན་གྱི་རེ་བར་ཞི་བདེར་དགའ་བའི་རྒྱལ་ཁབ་རྣམས་ནས་ངའི་མི་མང་གི་སྨྲེ་ངག་ལ་གསན་བཞེས་གནང་བའི་རེ་བ་ཡོད་ཅིང༌། བཙན་གནོན་དང་སྡུག་བསྔལ་གྱི་མུན་པས་ཁྱབ་ པ་འདིར་འོད་སྣང་ཅན་གྱི་ལམ་སྟོན་རོགས་མགོན་ཡོང་བ་ཞུ་རྒྱུ་ཡིན།

༤ ཕྱི་ལོ་ ༡༩༦༠ ཟླ་དགུ་པའི་ཚེས་ཉེར་བཞི་ཉིན་ཁུར་ཤོབ་ནས་མཉམ་འབྲེལ་རྒྱལ་ཚོགས་ནང་གནང་བའི་གསུང་གླེང་དུ་རྒྱ་བསྐྱེད་རིང་ལུགས་འོག་གནས་པའི་མི་རྣམས་ལ་རང་དབང་དགོས་ལུགས་གསུངས་པར་ཧ་ཅང་དགའ་བོ་བྱུང༌། ངའི་ལུང་པ་ཡང་རྒྱ་བསྐྱེད་རིང་ལུགས་ཀྱི་ གནས་སྟངས་འོག་ཚུད་ཡོད་སྟབས་ཨུ་རུ་སུས་སྐད་ཤུགས་ཆེན་པོས་རྒྱབ་སྐྱོར་བྱེད་པའི་ལུང་པ་གཞན་དག་དང་མཉམ་དུ་ང་ཚོར་ཡང་རང་དབང་ཐོབ་པའི་རེ་བ་ཡོད།

༥ ཕྱི་ལོ་ ༡༩༡༡ དང༌། ༡༩༡༢ གོང་གི་དུས་ཡུན་རིང་པོའི་ནང་བོད་ནང་རྒྱ་མིའི་དབང་ཆ་ཤུལ་ཙམ་མེད་པ་རེད་ཅེས་ངས་བརྗོད་ཀྱི་ཡོད་ཀྱང༌། ཞུ་དོན་འདི་སྐོར་རྒྱལ་རབས་ཀྱི་གནས་ཚུལ་ཞུ་དགོས་དོན་མི་འདུག

༦ ཕྱི་ལོ་ ༡༩༡༡ དང༌། ༡༩༡༢ ཕན་བོད་ཀྱི་གནས་སྟངས་ཇི་ལྟར་ཡང༌། རྗེ་སྐུ་ཕྲེང་བཅུ་གསུམ་པས་བོད་རང་དབང་ རང་བཙན་གྱི་དྲིལ་བསྒྲགས་གནང་སྟེ་རྒྱ་མི་བོད་ནས་མཐར་སྐྲོད་བཏང་བ་ནས་བཟུང་བོད་འདི་རང་སྟོབས་ཀྱི་ རང་དབང་རང་བཙན་ཡིན་པས་མ་ཚད། ལུགས་མཐུན་གྱི་རང་དབང་རང་བཙན་ཞིག་ཀྱང་ཡིན་པ་རེད།

༧ ཕྱི་ལོ་ ༡༩༡༣ ལོ་བོད་དང་སོག་པོའི་དབར་ཆིངས་ཡིག་ཅིག་བཞག་ཅིང༌། འདི་ནི་རྗེ་སྐུ་ཕྲེང་གོང་མ་རང་གི་དབང་ཆའི་ཐོག་ནས་བཞག་པ་མ་ཟད། དེའི་ནང་བོད་དང༌། སོག་པོ་གཉིས་ཀ་རང་བཙན་གྱི་རྒྱལ་ཁབ་ཕན་ཚུན་དུ་ཁས་ལེན་བྱས་ཡོད་པ་རེད།

༨ གལ་ཆེའི་འཁྲུག་རྩོད་ཐག་གཅོད་ཀྱི་ཆེད་དུ་ཕྱི་ལོ་ ༡༩༡༣ ལོ་སིམ་ལར་འགོ་བཙུགས་པའི་ཤོག་ཁག་གསུམ་གྱི་ཁོངས་བོད་པས་ཕྱིན་ཡོད་ཅིང༌། དེ་དག་ནི་དབྱིན་གཞུང་དང༌། རྒྱ་ནག་གཞུང༌། བོད་གཞུང་བཅས་རེད། སྐབས་དེའི་སྐུ་ཚབ་རྣམས་གཞུང་སོ་སོ་ནས་ཐག་ཆོད་པའི་དབང་ཆ་ཚང་མ་སྤྲད་ཡོད་པའི་སྐུ་ཚབ་ཤ་སྟག་ཡིན་པ་ནི་ཤོག་ ཁག་གི་སྐུ་ཚབ་ཚོས་བཟོས་པའི་ཡིག་ཆ་དེ་གའི་ནང་གསལ་འཁོད་ཡོད་པ་རེད།

༩ བདེན་པ་དེ་ནི་རྒྱ་གར་གཞུང་ནས་བཏོན་པའི་ཤོག་དཀར་ཞེས་པའི་ཡིག་ཆ་ཨང་གཉིས་པའི་ཤོག་ལྷེ་ ༣༨ ནང་གསལ་འཁོད་ཡོད་ཅིང༌། དེའི་འགོ་བརྗོད་དུ་བརྗེད་ཐོ་དང༌། ཕྱི་ལོ་ ༡༩༥༩ ཟླ་དགུ་པ་ནས་ཟླ་བཅུ་གཅིག་བར་རྒྱ་དཀར་ནག་དབར་བཏང་ཡིག་ཅེས་འཁོད་ཡོད་པ་རེད། ཤོག་དཀར་གསུམ་པའི་ཤོག་ལྷེ་དགུ་བཅུ་གོ་བཞི་གོ་ལྔ་ནང་ཕྱི་ལོ་ ༡༩༦༠ ཟླ་གཉིས་པའི་ཚེས་བཅུ་གཉིས་ལ་བཏང་བའི་ཡི་གེའི་ནང་ད་དུང་བདེན་པ་དེ་ཡང་བསྐྱར་གསལ་འཁོད་ཡོད་འདུག

༡༠ ཆིངས་ཡིག་དེ་དག་རྒྱ་མིའི་སྐུ་ཚབ་ནས་བཟོས་པ་ཡིན་ཀྱང༌། དེ་རྗེས་རྒྱ་ནག་གཞུང་ནས་ཕྱིར་འཐེན་བྱས་ཤིང༌། མཐའ་མཇུག་ཕྱི་ལོ་ ༡༩༡༤ ཟླ་བདུན་པའི་ཚེས་ ༣ ཉིན་བོད་གཞུང་གི་འགོ་འཁྲིད་གནང་ཐུབ་པའི་དུས་སྐབས་ཀྱི་ཏཱ་ལའི་བླ་མའི་མཚན་ཡིག་དང༌། དབྱིན་གཞུང་སྐུ་ཚབ་ཀྱི་མཚན་ཡིག་བཀོད་པ་དང་དུས་མཉམ་དུ་རྒྱ་མིས་ཕྱིར་འཐེན་བྱས་པའི་གནས་ཚུལ་ལ་བསྟུན་ནས་བོད་གཞུང་དང༌། དབྱིན་གཞུང་གི་སྐུ་ཚབ་ནས་གཤམ་གསལ་ཡིག་ཆར་མིང་རྟགས་བཀོད་པ་རེད།

༡༡ ང་ཚོ་དབྱིན་གཞུང་དང༌། བོད་གཞུང་གི་སྐུ་ཚབ་ཚོས་ཆོད་ཡིག་འཇོག་རྒྱུར་ཟུར་ཡོད་ཆིངས་ཡིག་ལ་དབྱིན་ གཞུང་དང༌། བོད་གཞུང་གཉིས་ཀས་རྩ་འཛིན་གཏན་འཁེལ་བྱེད་རྒྱུ། ཆིངས་ཡིག་དེར་རྒྱ་ནག་གཞུང་ནས་ས་ཡིག་མ་བཀོད་བར་དེའི་ནང་འཁོད་པའི་རྒྱ་ནག་གཞུང་གི་ཐོབ་ཐང་རྣམས་བེད་སྤྱོད་མི་ཆོག

༡༢ འདིའི་ཐོག་ང་ཚོས་མིང་རྟགས་བཀོད་ཅིང༌། དམ་ཕྲུག་ཕབ་པའི་དབྱིན་ཡིག་འདྲ་གཉིས་དང༌། བོད་ཡིག་འདྲ་གཉིས་ཡོད།

༡༣ སིམ་ལར་ཡེ་ཤུའི་འདས་ལོ་ ༡༩༡༤ ཟླ་བདུན་པའི་ཚེས་གསུམ་བོད་ཤིང་སྟག་ཟླ་ལྔ་པའི་ཚེས་བཅུ་ལ་ཨེའི་ཧན་རི་མག་མོ་ཧན་དབྱིན་གཞུང་སྐུ་ཚབ།

དབྱིན་གཞུང་སྐུ་ཚབ་ཀྱི་དམ་ཕྲུག

ཏཱ་ལའི་བླ་མའི་དམ་ཕྲུག

བློན་ཆེན་བཤད་སྒྲའི་དམ་ཕྲུག

བློན་ཆེན་བཤད་སྒྲའི་ས་ཡིག

འབྲས་སྤུངས་དགོན་གྱི་དམ་ཕྲུག

སེ་ར་དགོན་པའི་དམ་ཕྲུག

དགའ་ལྡན་དགོན་པའི་དམ་ཕྲུག

རྒྱལ་ཡོངས་ཚོགས་ཆེན་གྱི་དམ་ཕྲུག

༡༤ རྒྱ་ནག་གཞུང་ནས་ཆིངས་ཡིག་འདི་དོན་ལ་ཉན་འཇོག་ མ་བྱས་སྟབས་ཆིངས་ཡིག་དེའི་ནང་ཡོད་པའི་ཐོབ་ཐང་རྣམས་རྒྱ་ནག་ལ་མ་བྱུང་བ་རེད།

༡༥ ཕྱི་ལོ་ ༡༩༢༦ ལོ་བོད། ཀྲ་རིའི། དབྱིན་གཞུང་བཅས་ ཀྱི་ས་མཚམས་སྐུ་ཚབ་ཚོགས་པ་ཞིག་གཉའ་ནང་དུ་འཛོམས་པ་རེད།

༡༦ ཕྱི་ལོ་ ༡༩༡༢ དང༌། ༡༩༥༠ བར་བོད་ནང་རྒྱ་མིའི་དབང་ཆ་དྲི་ཙམ་ཡང་མེད། ཕྱི་ལོ་ ༡༩༣༤ ལོ་རྗེ་སྐུ་ཕྲེང་བཅུ་གསུམ་པ་སྐུ་གཤེགས་སྐབས་དགོངས་རྫོགས་སྒྲུབ་པར་དོན་གཅོད་པ་ཡོང་བ་དེ་བཞིན་བོད་དུ་སྡོད་བཅུག་པའི་གནས་སྟངས་ནི་རྒྱ་གར་དང༌། བལ་ཡུལ་གྱི་དོན་གཅོད་པ་ལྟ་བུ་རེད།

༡༧ ཕྱི་ལོ་ ༡༩༣༤ རྗེས་རྒྱ་མིའི་དོན་གཅོད་ཀྱི་ལས་བྱེད་པ་རྣམས་རྒྱ་གར་བརྒྱུད་བོད་ལྷ་སར་བསྐྱོད་པ་དང༌། དུས་སྐབས་དེ་འདྲའི་རིགས་ལ་རྒྱ་གར་གཞུང་གིས་ལག་འཁྱེར་སྤྲོད་དང་སྤྲོད་མིན་བོད་གཞུང་ལ་གོ་བསྡུར་གྱིས་འདོད་བསྟུན་ཐག་གཅོད་བྱེད་ཀྱི་ཡོད་པ་རེད།

༡༨ ཕྱི་ལོ་ ༡༩༤༩ ལོ་རྒྱ་ནག་གི་དོན་གཅོད་པ་དེ་དག་བོད་ནས་ཕྱིར་སློག་བྱས་པ་རེད།

༡༩ འཛམ་གླིང་དམག་ཆེན་གཉིས་པའི་དུས་རྒྱ་ནག་དང༌། རི་པིན་དམག་འཐབ་སྐབས་བོད་པ་དམག་དོན་ཁོངས་ཐེ་བྱུས་མེད་པར་བར་གནས་སུ་མཐར་བསྐྱེལ་གྱིས་བསྡད་དེ་རྒྱ་དཀར་ནག་གཉིས་དབར་དྲག་ཆས་སྐྱེལ་འདྲེན་བྱེད་མ་བཅུག་པ་རེད།

༢༠ རྒྱ་ནག་ནས་ཕྱི་ལོ་ ༡༩༤༦ དང་ ༡༩༤༨ སོ་སོར་རྒྱལ་ཡོངས་ཚོགས་འདུར་བོད་ཀྱི་དོན་གཅོད་མཉམ་ཚོགས་བྱས་ལུགས་བརྗོད་པ་ནི་རྩ་བ་ནས་བདེན་པ་མིན། བོད་ཀྱི་དོན་གཅོད་འགོ་འཁྲིད་ཛ་སག་ཁེ་སྨད་བསོད་ནམས་དབང་འདུད་ནས་བརྗོད་གསལ། ༡༩༤༦ ལོར་བོད་གཞུང་ནས་དབྱིན་ཇི་དང༌། ཨ་རི། གོ་མིང་ཏང་གཞུང་བཅས་པར་གཡུལ་རྒྱལ་བཀྲ་ཤིས་བདེ་ལེགས་ཞུ་བའི་དོན་གཅོད་འགོ་འཁྲིད་ཛ་སག་རོང་དཔལ་ལྷུན་ཐུབ་བསྟན་བསམ་འཕེལ་དང༌། ཕྲན་ཛ་སག་ཁེ་སྨད་བསོད་ནམས་དབང་འདུད། དེ་མིན་ལས་རོགས་རྣམས་དང་བཅས་གཏོང་གནང་གིས་ང་ཚོ་ཀ་ལ་ཀ་ཏ་བརྒྱུད་ནིའུ་ལྡི་ལིར་བསྐྱོད་དེ་དབྱིན་གཞུང་དང༌། ཨ་མི་རི་ཀའི་ཕྱི་སྡོད་སྐུ་ཚབ་སོ་སོ་བརྒྱུད་བཀྲ་ཤིས་བདེ་ལེགས་ཞུས་རྗེས། ནན་ཅིང་དུ་གནམ་ཐོག་བསྐྱོད་དེ་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན། རྒྱ་ནག་ཏུ་གཟུགས་ཁམས་བདེ་མིན་ལ་སྨན་བཅོས་ཀྱིས་ཟླ་ཤས་སྡོད་དགོས་བྱུང་བ་དང༌། དེ་རྗེས་ཞིང་ཆེན་ཁག་མང་ཙམ་ལ་བལྟ་བསྐོར་བྱས་ཏེ་ནན་ཅིང་དུ་ཕྱིར་འཁོར་མཚམས་རྒྱ་མིའི་ཚོགས་འདུ་ཆེན་མོ་འཚོགས་སྐབས་འཁེལ་བར་ཡུལ་འཁྱར་བོད་མི་འགའ་ཤས་ནས་བོད་ཀྱི་སྐུ་ཚབ་ཡིན་ཁུལ་གྱིས་ཚོགས་འདུར་བསྐྱོད་འདུག་གཤིས། ཁོང་ཚོའི་བྱ་སྤྱོད་བརྟག་ཞིབ་ཏུ་ཚོགས་འདུར་བསྐྱོད་པ་ལས། ང་ཚོས་སྐབས་དེར་རྒྱ་མིའི་རྩ་ཁྲིམས་གསར་པ་གཏན་འབེབས་ལ་ཁས་ལེན་དང༌། ས་ཡིག་གང་ཡང་བཞག་པ་མེད། ཕྱི་ལོ་ ༡༩༤༨ ལོར་ཡང་ནན་ཅིང་དུ་ཡོད་པའི་ང་ཚོའི་དོན་གཅོད་མཁན་མགྲོན་ལོ་གསུམ་རྒྱ་མིའི་ཚོགས་འདུར་བལྟ་བསྐོར་དུ་བསྐྱོད་པ་ལས། དམིགས་བསལ་ལྷ་ས་ནས་འཐུས་མི་བཏང་བ་གང་ཡང་མེད། མཁན་མགྲོན་ལོ་གསུམ་ནས་ཀྱང་གོང་བཞིན་ཚོགས་འདུའི་ཡིག་ཆར་ཁས་ལེན་ས་ཡིག་རྒྱབ་ཡོད་པ་མ་རེད།

༢༡ ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་རང་བཙན་བྱུང་རྗེས་བོད་གཞུང་གི་གནས་ཚུལ་འབྱོར་ལན་དུ་རྒྱ་གར་གཞུང་ནས་གཤམ་གསལ་ལྟར་གསུངས་ཡོད། ཕན་ཚུན་སོ་སོའི་འདོད་མོས་ཀྱི་གང་ཅིའི་དོན་གནད་སྐོར་གྲོས་ཆོད་གསར་པ་མ་བཟོས་བར་ང་ཚོའི་གཞི་རྩའི་གནས་ཚུལ་གང་ཡོད་ཀྱི་ཐོག་ནས་ཕན་ཚུན་འབྲེལ་བ་མུ་མཐུད་གནང་རྒྱུའི་ཞལ་བཞེས་བྱུང་ན་རྒྱ་གར་གཞུང་ལ་དགའ་ཚོར་ཆེན་པོ་ཡོང་རྒྱུ། དབྱིན་གཞུང་ནས་རྩིས་སྤྲད་པའི་ཆིངས་ཡིག་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་གཞན་དག་ཚང་མར་འགྲོ་སྟངས་འདི་རང་རེད།

༢༢ ཕྱི་ལོ་ ༡༩༡༢ ནས་ ༡༩༥༡ ཟླ་ལྔ་པའི་ཚེས་ཉེར་གསུམ་ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་མ་བཀོད་བར་བོད་ཀྱི་ཕྱི་འབྲེལ་ལས་དོན་རྣམས་ཕྱི་རྒྱལ་ལ་དྲི་གཏུགས་མ་དགོས་པར་བྱེད་ཀྱི་ཡོད་པ་དང༌། ཕྱི་ལོ་༡༩༤༦ ནས་ ༡༩༤༨ བར་བོད་ཀྱི་སྐུ་ཚབ་ཚོས་བོད་ཀྱི་ཕྱི་བསྐྱོད་ལག་འཁྱེར་འཁུར་ཏེ་ཐག་རིང་དུ་ཕྱིན་པ་རེད།

༢༣ དེ་སྔ་དབྱིན་ཇིའི་དོན་གཅོད་དང༌། དེ་རྗེས་རྒྱ་གར་གྱི་དོན་གཅོད་གནང་མཁན་རི་ཅར་སན་ནས་བོད་དོན་ཁྲིམས་ཞིབ་ཚོགས་པར་གསུང་གསལ། དོན་གཅོད་ཁང་དེའི་ལས་འགན་ནི་ཕྱི་ལོ་ ༡༩༣༦ ནས་བཟུང་དོན་གཅོད་ཁང་དེའི་གཞུང་དང༌། བོད་གཞུང་དབར་སྲིད་དོན་གྱི་འབྲེལ་བ་བྱེད་རྒྱུ་དེ་རེད། འདི་ནི་བོད་དང་རྒྱ་ནག་མི་མང་སྲིད་གཞུང་ཟེར་བའི་དེབ་ཀྱི་ཤོག་ལྷེ་ ༡༤༦ ནང་གསལ།

༢༤ བོད་རང་བཙན་གཙང་མ་ཡིན་པ་ནི་གོང་གི་བདེན་པའི་གནས་ཚུལ་དེ་དག་གིས་རྟོགས་རྒྱུ་ཡིན་ཀྱང༌། སྔ་ལོ་ངའི་ལུང་པའི་གནས་སྟངས་སྐོར་འགའ་ཤས་ནས་དྭོགས་པ་གནང་འདུག་པར་གཤམ་གསལ་གྱི་གནད་དོན་རྣམས་ནས་ཕན་ཐོགས་ཡོང་རྒྱུ།

༢༥ ས་ཨི་རིག་ཀྲག་མན་ནས་རྒྱ་ནག་གི་ལས་དོན་ཟེར་བའི་དེབ་ཅིག་བྲིས་པའི་ནང་གསལ། ཕྱི་ལོ་ ༡༩༡༢ ནས་བཟུང་ལྷ་སའི་བཀའ་བཀོད་འོག་གནས་པའི་བོད་ནང་རྒྱ་མིའི་དབང་ཆ་གནས་མ་ཐུབ་པ་མ་ཟད། བསྐྱར་འཛུལ་བྱས་མེད་པ་རེད། སྐུ་ཕྲེང་བཅུ་གསུམ་པས་ལོ་ཉི་ཤུ་ཙམ་རིང་ནང་སྲིད་ཀྱི་དབང་ཆ་ཡོད་པའི་བོད་ཀྱི་སྲིད་དབང་འཛིན་སྐྱོང་གནང་སྐབས་སུས་ཀྱང་གླེང་རྩོད་བྱས་མེད་ཅིང༌། བོད་ནང་གི་ཞི་བདེ་དང༌། ཁྲིམས་ལུགས་སྲུང་སྐྱོང་གནང་བ་མ་ཟད། རྒྱ་གར་གཞུང་དང་ཡང་མཐུན་འབྲེལ་དམ་ཟབ་གནང་འདུག

༢༦ ཕྱི་ལོ་ ༡༩༢༨ ལོ་ནང་སར་ཅལ་འབེལ་ནས་བྲིས་པ་བོད་ཀྱི་མི་ཞེས་པའི་དེབ་ནང་བོད་ནང་རྒྱ་མིའི་དབང་ཤུགས་རྫོགས་པ་རེད་ཅེས་མཛུབ་སྟོན་བྱས་ཡོད་འདུག

༢༧ ཨེམ་ཨ་མོ་རི་ཌིའི་སྟེང་ཀོ་ཌ་ཟེར་བ་ཕྱི་ལོ་ ༡༩༤༧ བོད་ནང་ཡོང་མྱོང་བ་ཁོང་ནས་བརྗོད་གསལ་དུ། བོད་ཀྱི་སྲིད་དབང་གང་ཅིའི་ཐད་ནས་ཀྱང་བོད་མི་རང་གི་རང་བཙན་རྒྱལ་ཁབ་ནང་བཞིན་བྱེད་ལུགས་བརྗོད་པ་མ་ཟད། ད་དུང་ཁོང་ནས་གཞུང་གི་བཀའ་བཀོད་དེ་ས་གནས་གང་སར་ཁྱབ་འདུག་ཅེས་བརྗོད་འདུག

༢༨ ཙུང་ལིང་ཤན་དང༌། ཤང་ཅི་ལེའུ་གཉིས་རྒྱ་ནག་གི་ལྷ་སྡོད་ལས་བྱེད་ཡིན་པ་ནས་བརྗོད་གསལ། ཕྱི་ལོ་༡༩༡༡ ནས་ལག་ལེན་གྱི་ལས་དོན་གང་ཅིའི་ཆ་ནས་ལྷ་སར་རང་བཙན་གཙང་མ་ཡོད་ལུགས་བརྗོད་ཅིང༌། དེའི་རྒྱབ་སྐྱོར་ལ་བོད་རང་གི་དངུལ་དང༌། བོད་ཀྱི་ལུགས་སྲོལ། སྦྲགས་ཏར་ཟུར་དུ་ཡོད་པ་དང༌། ཞི་བའི་ལས་དོན་རྣམས་རྒྱ་ནག་དང་འདྲ་བ་མེད་ལུགས། བོད་རང་གི་དམག་མི་ཡོད་པ་བཅས་བརྗོད་འདུག་

༢༩ ཕྱི་ལོ་ ༡༩༥༠ ལོར་ཨལ་སལ་བ་ཀྲོར་ནས་བོད་དུ་བཙན་འཛུལ་བྱུང་བའི་གནས་ལུགས་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུ་བསྐུལ་སྐབས་རྒྱ་གར་སྐུ་ཚབ་ན་ཝང་གྷར་ཇན་ས་ཧེབ་ནས་གསུངས་གསལ། ཁོང་གི་གཞུང་ནས་དེ་སྐོར། ཞིབ་འཇུག་ནན་ཏན་བྱས་པར་དེ་ནི་རྒྱ་དཀར་ནག་གཉིས་ཀར་གལ་ཆེ་བའི་དོན་གནད་ཅིག་ཡིན། ཚོགས་པ་དེས་ཤེས་རྟོགས་ལ་རྒྱ་གར་ནི། རྒྱ་ནག་དང༌། བོད་གཉིས་ཀའི་ཁྱིམ་མཚེས་ཡིན་པ་མ་ཟད། གཉིས་ཀར་འབྲེལ་ལམ་ཡག་པོ་ཡོད་པར་བརྟེན་རྒྱ་གར་གཞུང་ནས་གནད་དོན་དེ་ཞི་བའི་ཐོག་ནས་འགྲིགས་ཐབས་སེམས་འཁུར་བྱེད་འོས་པ་དེ་ལྟར་རེད། ABUR SR 73 ཤོག་ལྷེ་བཅུ་དགུ་ནང་གསལ།

༣༠ རྒྱ་མིས་བོད་དུ་སུ་ཛ་རན་ཌིའི་ཐོབ་ཐང་ཡོད་ལུགས་བརྗོད་དོན་ནི། ཕྱི་ལོ་ ༡༩༠༧ ལོར་དབྱིན་ཇི་དང༌། རུ་སུ་གཉིས་ཀྱི་ཚིག་དོན་ལ་རྩ་འཛིན་བྱས་པ་ཞིག་ཡིན་ཀྱང༌། ཆིངས་ཡིག་དེ་འཇོག་མིའི་ཁོངས་བོད་པ་མེད་སྟབས་དེའི་དོན་གནད་ལ་བརྩི་འཇོག་དགོས་དོན་མེད།

༣༡ ངས་བོད་ཀྱི་འགོ་བྱེད་ཀྱི་མིང་ཐོག་ནས་བརྗོད་རྒྱུར། ཕྱི་ལོ་ ༡༩༥༠ ཟླ་བ་བཅུ་པའི་ཚེས་བདུན་གྱི་བྱ་སྤྱོད་དེ་རྒྱ་ནག་ཕྱོགས་ནས་བོད་དུ་བཙན་འཛུལ་གྱི་བྱ་སྤྱོད་ཤིན་ཏུ་མ་རུང་བ་ཞིག་རེད་ཅེས་བརྗོད་ཀྱི་ཡོད།

༣༢ བོད་གཞུང་ནས་མཉམ་འབྲེལ་རྒྱལ་ཚོགས་སུ་རོགས་རམ་ཡོང་བའི་སྙན་འབུལ་ཞུས་པར་དོན་འབྲས་མ་སོན་ཞིང༌། བོད་དམག་ལ་ཕམ་ཉེས་བྱུང་སྟབས་པི་ཅིང་དུ་བོད་ཀྱི་སྐུ་ཚབ་མ་གཏོང་མཐུ་མེད་ཐོག ཕྱི་ལོ་ ༡༩༥༡ ཟླ་བ་ལྔ་པའི་ཚེས་ཉེར་གསུམ་ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་མི་འགོད་ཐབས་མེད་བྱུང་བ་རེད།

༣༣ འདི་ནས་བཟུང་ཕྱི་ལོ་ ༡༩༥༩ ཟླ་བ་གསུམ་པ་ནང་ཕྲན་བོད་ནས་རྒྱ་གར་དུ་ཡོང་དགོས་བྱུང་བའི་བར་གྱི་གནས་ལུགས་རྣམས་ཚང་མས་མཁྱེན་རྟོགས་ཡོད་པར་བརྟེན་ད་ལམ་ཞིབ་ཆ་ཞུ་རྒྱུ་མིན། དེང་སང་ཕལ་ཆེར་ཉིན་ལྟར་ལྟ་བུར་བོད་མི་སྐྱབས་བཅོལ་བ་བལ་ཡུལ་དང༌། འབྲུག། འབྲས་ལྗོངས། རྒྱ་གར་ནང་ཡོང་གི་ཡོད་ཅིང༌། སྐྱབས་བཅོལ་བའི་གྲངས་འབོར་ནི་མི་གྲངས་ ༤༣༥༠༠ ཙམ་ཡོད་པ་རེད། སྐྱབས་བཅོལ་བའི་གནས་ཚུལ་ལ་གཞིགས་ན་ཕྲན་ནས་སྔ་ལོ་དང༌། འདི་ལོ་ཕུལ་བའི་སྙན་ཞུའི་ནང་བཀོད་གསལ་ལྟར་དངངས་སྐྲག་དང༌། ཡིད་སྐྱོའི་རང་བཞིན་གྱི་བཙན་གནོན་དང༌། མནར་གཅོད་ད་དུང་ཉུང་དུ་ཕྱིན་ཡོད་པ་མ་རེད།

༣༤ འདི་ཚོའི་སྐོར་ཁྲིམས་ཞིབ་ཚོགས་པའི་སྔ་ལོའི་སྙན་ཞུ་དེ་ཧ་ཅང་ཡག་པོ་བྱུང་འདུག སྙན་གྲགས་ཅན་གྱི་ཚོགས་པ་དེའི་ྋསྙན་ཞུ་གཉིས་པའི་ནང་ཁོང་ཚོས་བརྟག་དཔྱད་ནན་ཏན་གྱི་ཐག་གཅོད་ཁོངས་ནས་རྒྱ་མིའི་འགོ་འཁྲིད་ཚོས་མི་རིགས་རྩ་མེད་ཀྱི་ཁྲིམས་ལུགས་དང་། འགལ་བར་ངོས་འཛིན་བྱས་འདུག མཉམ་འབྲེལ་རྒྱལ་ཚོགས་ནས་བདེན་དོན་འདི་ཚོ་ལ་བརྟག་ཞིབ་ནན་ཏན་གནང་སྟེ་འགལ་ཉེས་ལ་དཔགས་པའི་དགོངས་བཞེས་གནང་བའི་རེ་འདུན་ཞུ་གི་ཡོད། མི་རིགས་རྩ་མེད་ཀྱི་ཡིག་ཆ་ཙམ་མ་ཟད། འཛམ་གླིང་རྒྱལ་སྤྱིའི་ཁྲིམས་སྲོལ་དུའང་མི་རིགས་རྩ་མེད་ཀྱི་གནས་ཚུལ་ནི་ཁྲིམས་འགལ་ཡིན་པ་རེད།

༣༥ དོན་ཚན་བཅུ་བདུན་ནང་རྩ་དོན་གལ་ཆེ་རྣམས་ལ་བརྩི་འཇོག་མ་བྱུང་སྟབས་མི་མང་ཚོགས་འདུ་ནས་དེ་ལ་རྒྱབ་ལྟས་བྱས་ཤིང༌། དེ་ལྟར་བྱས་ཀྱང་ཆོག་གི་ཡོད་པ་རེད། ཡང་བསྐྱར་བོད་རང་དབང་རང་བཙན་ཡིན་ཞེས་ཕྱི་ལོ་ ༡༩༥༩ ཟླ་བ་གསུམ་པའི་ཚེས་བཅུ་ཉིན་བརྗོད་པ་རེད།

༣༦ བཙན་གནོན་བྱེད་མཁན་དང༌། བོད་ནང་བོད་མི་རྣམས་ཀྱི་འཁྲུག་རྩོད་ད་དུང་ཡོད་མུས། ཕྲན་ནས་སྔ་ལོ་མཉམ་འབྲེལ་རྒྱལ་ཚོགས་སུ་སྙན་འབུལ་ཞུས་པ་མ་ཟད། འདི་ལོ་ཡང་བསྐྱར་སྙན་འབུལ་ཞུས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱ་ནག་གི་བཙན་འཛུལ་མེད་པ་བཟོ་ཐབས་གནང་བའི་རེ་བ་ཞུ་བཞིན་ཡོད། ཕྲན་གྱི་བསམ་པར་ལས་དོན་འདི་ལས་ཉུང་བ་གནང་ན་རྒྱ་མི་གུང་བྲན་ནས་ངའི་ལུང་པར་མི་མང་གི་རང་དབང་ཐོག་ཉིན་བཞིན་གནོན་བཙིར་བྱེད་ཀྱི་ཡོད་སྟབས་རེ་བ་ཆེན་པོ་བྱེད་ཡུལ་མི་འདུག

༣༧ ྋམི་རྗེ་མཆོག་ནས་ྋསྙན་ཞུ་འདི་བཞིན་མཉམ་འབྲེལ་ རྒྱལ་ཚོགས་ཀྱི་མདུན་དུ་འཇོག་གནང་ཡོད་པ་ཞེས་ངས་རེ་འདུན་ཞུ་གི་ཡོད། རྒྱ་གར་པན་འཇབ་དྷ་རམ་ས་ལ་ནས། ཏཱ་ལའི་བླ་མས་ ༡༩༦༠ ཟླ་བ་དགུ་པའི་ཚེས་ཉེར་དགུ་ལ།

༡༩༥༩ ལོར་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྐབས་སུ་ཨར་ལན་དང༌། མ་ལ་ཡ་རྒྱལ་ཁབ་གཉིས་ནས་བོད་དོན་ཞུ་བརྒྱུད་ཀྱིས་ཕྱི་ཟླ་བཅུ་པའི་ཚེས་ཉི་ཤུ་དང༌། ཚེས་ཉེར་གཅིག་སོ་སོར་ཚོགས་ཆེན་རྒྱས་འཛོམས་ཐེངས་གསུམ་གྱི་ཐོག་ཏུ་གྲོས་བསྡུར་གཏན་ལ་ཕབ་པའི་གྲོས་ཆོད་གཤམ་གསལ།

༡༩༤༨ལོ་ཕྱི་ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་རྒྱལ་ཚོགས་ཚོགས་ཆེན་ནས་ཁས་བླངས་པའི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང༌། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ནང་གསལ་བའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང༌། རང་དབང་གི་རྩ་དོན་རྣམས་དྲན་གསོ་བྱ་རྒྱུ།

བོད་མི་མང་ལ་གཞན་དག་ཡོངས་དང་འདྲ་བར་ཆོས་སྲིད་བྱ་གཞག་གི་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང༌། རང་དབང་གང་ཅིར་དབྱེ་བ་མེད་པའི་རང་འདོད་ཀྱི་ཐོབ་དབང་ཡོད་པར་ཡིད་འཇགས་ཡོད།

བོད་མི་མང་གི་སྔར་གནས་བརྒྱུད་འཛིན་བྱེད་བཞིན་པའི་ཐུན་མོང་མ་ཡིན་པའི་ཆོས་དང༌། རིག་གཞུང༌། སྔར་སྲོལ་རང་སྲིད་འཛིན་སྐྱོང་བཅས་ལའང་དོ་སྣང་བྱེད་བཞིན་ཡོད།

ྋགོང་ས་ཏཱ་ལའི་བླ་མ་སྐུ་ངོ་མའི་གསུང་བཤད་ཀྱིས་མཚོན་གནས་ཚུལ་ཁག་ནང་གསལ་བོད་མི་མང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང༌། རང་དབང་རྣམས་བཙན་ཤེད་ཀྱིས་འཕྲོགས་འདུག་པར་བློ་ཕམ་ཧ་ཅང་གི་ཆེན་པོ་ཡོད།

འགན་འཁུར་ཅན་གྱི་དབུ་འཁྲིད་རྣམ་པས་ཉེན་ཚབས་ཆེ་བའི་གནས་ཚུལ་ལྷངས་འཇགས་སུ་གཏོང་བ་དང༌། རྒྱལ་སྤྱིའི་འབྲེལ་བ་ཡར་རྒྱས་སུ་གཏོང་རྒྱུར་དོན་དམ་འབད་བརྩོན་གནང་བའི་སྐབས་སུ་བྱེད་རྐྱེན་འདི་དག་གིས་རྒྱལ་སྤྱིའི་གནས་ཚུལ་ཉེན་ཚབས་ཇེ་ཆེ་དང༌། མི་མང་དབར་གྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་བ་འདི་ལ་བློ་གཡེང་ཤིན་ཏུ་ཆེན་པོ་ཡོད།

༡ ཁྲིམས་ལུགས་དྲང་འཛིན་གྱི་གཞི་རྩའི་ཐོག་ནས་འཛམ་ གླིང་ཞི་བདེ་གོང་སྤེལ་ཆེད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང༌། ཡོངས་ཁྱབ་གསལ་བསྒྲགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ལ་བརྩི་འཇོག་ངེས་པར་བྱ་རྒྱུར་ཡིད་ཆེས་ཤུགས་ཆེ་ཡོད།

༢ བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང༌། ཁོང་ཚོའི་ཐུན་མོང་མ་ཡིན་པའི་ཆོས་དང༌། རིག་གཞུང་གི་གནས་སྟངས་ལ་བརྩི་འཇོག་དགོས་ཞེས་འབོད་བསྐུལ་བྱ་རྒྱུ་ཡིན།

༣ ༡༩༦༡ ལོར་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐེངས་བཅུ་དྲུག་པའི་སྐབས་སུ་ཨལ་སལ་བ་ཀྲོར་དང༌། མ་ལ་ཡ། ཨར་ལན། ཐའི་ལན་བཅས་རྒྱལ་ཁབ་བཞི་ནས་བོད་དོན་ཞུ་བརྒྱུད་ཀྱིས་ཕྱི་ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་དང༌། ཚེས་ཉི་ཤུ་སོ་སོར་ཚོགས་ཆེན་རྒྱས་འཛོམས་ཐེངས་གཉིས་ཀྱི་ཐོག་ཏུ་གྲོས་བསྡུར་གྱིས་གཏན་ལ་ཕབ་པའི་གྲོས་ཆོད་གཤམ་གསལ།

༡༩༥༩ ལོ་ཕྱི་ཟླ་བཅུ་པའི་ཚེས་ཉེར་གཅིག་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྐབས་སུ་བོད་དོན་སྐོར་གྲོས་ཆོད་ཨང་ ༡༣༥༣ འཁོད་པ་བཞག་པར་དྲན་གསོ་བྱ་རྒྱུ།

བོད་དུ་བོད་མི་མང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩ་འགལ་དང༌། ཁོང་ཚོས་སྔར་གནས་སྲོལ་འཛིན་བྱེད་བཞིན་པའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་གནས་སྟངས་ཐོག་ཏུ་བཙན་གནོན་སོགས་ཀྱི་གནས་ཚུལ་རྒྱུན་བསྟུད་དུ་ཡོད་པ་འདི་ལ་བློ་ཕམ་ཧ་ཅང་གི་ཆེན་པོ་ཡོད།

གནས་ཚུལ་འདི་དག་གིས་རྐྱེན་པས་བོད་མི་མང་ལ་དཀའ་སྡུག་ཤིན་ཏུ་ཆེན་པོ་བྱུང་བ་ནི། ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་བོད་མི་བཙན་བྱོལ་བ་ཕོན་ཆེ་བྲོས་འབྱོར་ཡོང་མུས་ནས་ར་འཕྲོད་ཡོད་པ་ལྟར་འདི་ཐད་ལ་སྙིང་ནས་བློ་གཡེང་ཆེ་བའི་མཐོང་ཚུལ་ཞིག་བྱུང༌།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང༌། ཡོངས་ཁྱབ་གསལ་བསྒྲགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ནང་གསལ་བའི་མི་མང་ཡོངས་དང༌། རྒྱལ་ཁབ་ཁག་གི་རང་ཐག་རང་གཅོད་ཀྱི་རྩ་དོན་དང་བཅས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་རྩ་འགལ་དང༌། རྒྱལ་སྤྱིའི་གནས་ཚུལ་ཉེན་ཚབས་ཇེ་ཆེ་དང༌། མི་མང་དབར་གྱི་འབྲེལ་བ་ཇེ་སྡུག་ཏུ་གཏོང་བའི་བློ་ཕམ་གྱི་གནད་དོན་འདི་དག་ལ་བསམ་ཞིབ་བྱས་པར།

༡ ཁྲིམས་ལུགས་དྲང་འཛིན་གྱི་གཞི་རྩའི་ཐོག་ནས་འཛམ་ གླིང་ཞི་བདེ་གོང་སྤེལ་ཆེད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང༌། ཡོངས་ཁྱབ་གསལ་བསྒྲགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ལ་བརྩི་བཀུར་ངེས་པར་དགོས་པ་ཡིན་ཞེས་བསྐྱར་ནན་ཆེན་པོས་བརྗོད་རྒྱུ།

༢ བོད་མི་མང་གི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་གིས་མཚོན་ཁོང་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང༌། རང་དབང་བཙན་འཕྲོགས་བྱེད་པའི་བྱ་སྤྱོད་མཐའ་དག་ མཚམས་འཇོག་དགོས་ཞེས་སླར་ཡང་དོ་གལ་ཆེན་པོས་འབོད་བསྐུལ་བྱ་རྒྱུ།

༣ འཐུས་མིའི་རྒྱལ་ཁབ་ཁག་ནས་ད་ལམ་གྱི་གྲོས་ཆོད་འདིའི་དོན་གནད་རྣམས་འགྲུབ་ཕྱིར་འོས་ཤིང་འཚམས་པའི་ཐབས་ཤེས་ཅི་ཡོད་ཕྱག་ལེན་མཛད་རྒྱུར་རེ་འདུན་ཞུ་བཞིན་ཡོད།། །།