ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།

༄༅། །ང་ཚོ་རྒྱ་གར་ས་གནས་གྲོང་དང༌། གྲོང་བརྡལ་དག་ཏུ་རིམ་འབྱོར་སྐབས་བརྩེ་ཞེན་དགའ་བསུ་བྱུང་བ་དེས་ང་ཚོ་ཚང་མའི་སེམས་སྡུག་མངོན་གྱུར་པ་རེ་ཞིག་མ་སངས་ཐབས་མེད་ལྟ་བུར་གྱུར། རྒྱ་ཐང་མེ་འཁོར་ལྕགས་ལམ་དུ་འབྱོར་རྒྱུར་ད་དུང་ཉིན་བདུན་གཅིག་ཙམ་ལམ་བགྲོད་དགོས་ཐོག དེ་ཡང་མང་ཆེ་བ་རྟ་བགྲོད་བྱེད་དགོས་ཤིང༌། ལ་འགའ་ཤས་ཀྱང་རྒྱག་དགོས་ཀྱི་འདུག ལམ་བར་དུ་དེ་སྔོན་རྒྱ་གར་དུ་ཡོང་སྐབས་ངོ་ཤེས་ཡོད་པའི་རྒྱ་གར་གཞུང་ཞབས་པ་དག་ཐུག་འཕྲད་ཀྱིས་དགའ་བོ་བྱུང་ཞིང༌། དེ་རྗེས་སྣེ་ཤན་ལས་བྱེད་པ་དང༌། དེ་སྔ་རྒྱ་གར་དུ་ཡོང་དུས་ཀྱི་སྐད་སྒྱུར་དེ་ཡང་འཕྲད་བྱུང༌།དེ་དུས་སྲིད་བློན་སྐུ་ཞབས་ནེ་རུ་ནས་མཛའ་བརྩེའི་རླུང་འཕྲིན་ཞིག་གནང་འབྱོར་ནང༌། ང་དང༌། ལས་རོགས་ཚོས་ཁྱེད་ལ་དགའ་བསུ་ཞུ་རྒྱུ་དང༌། རྒྱ་གར་དུ་ཐར་ཕེབས་ཐུབ་པར་བཀྲ་ཤིས་བདེ་ལེགས་ཡོད། ཁྱེད་དང༌། ཁྱེད་ཀྱི་སྐུ་འཁོར་ཚོ་རྒྱ་གར་དུ་བཞུགས་རྒྱུའི་མཐུན་རྐྱེན་ཇི་དགོས་ང་ཚོས་དགའ་སྒྲུབ་ཞུ་རྒྱུ་ཡིན། རྒྱ་གར་མི་མང་ནས་ཁྱེད་ལ་སྔར་བཞིན་གུས་བཀུར་ཞུ་རྒྱུར་ཐེ་ཚོམ་མེད། འཚམས་འདྲི་ཡོད་ཅེས་འཁོད་འདུག ངོས་ཏེ་ཛི་པུར་མེ་འཁོར་བབས་ཚུགས་སུ་འབྱོར་སྐབས་བཀྲ་ཤིས་བདེ་ལེགས་ཀྱི་རླུང་འཕྲིན་ཆེས་མང་པོ་འཕྲོད་འབྱོར་བྱུང་ཞིང༌། འཛམ་གླིང་ས་གནས་གང་སའི་གསར་འགྱུར་མཁན་ཚོའི་སྐུ་ཚབ་པ་དང༌། དཔར་འདེབས་བྱེད་མཁན་བརྒྱ་སྐོར་ནས་ས་ཐག་རིང་པོ་དེ་འདྲར་ང་ཐུག་འཕྲད་ཐོག ལོ་དེའི་ལོ་རྒྱུས་ཉན་དུ་ཡོང་ཚུལ་བརྗོད་པ་དེ་ནི་ངོ་མཚར་ཆེ་བ་ཞིག་རེད།

ཁོ་བོ་ཅག་གི་གནས་ཚུལ་ལ་འཛམ་གླིང་ཕྱོགས་མཐའ་ནས་དེ་ལྟ་བུའི་དོ་སྣང་བྱས་པ་དེས་སེམས་འགུལ་ཆེན་པོ་ཐེབས་བྱུང་ཡང༌། ངའི་བསམ་ཚུལ་རྣམས་གོ་སྒྲིག་ལེགས་པོ་ཞིག་ཟིན་མེད་པ་དང༌། བོད་དུ་ཡོད་པའི་ངའི་མི་མང་ཚོའི་དོན་དུ་བརྗོད་ཚིག་རེ་རེར་ཡང་བསམ་གཞིགས་ནན་ཏན་བྱེད་དགོས་པ་ཡིན་སྟབས་གླེང་མོལ་གང་དྲན་ཐོལ་བྱུང་གིས་བརྗོད་ཐལ་གྱུར་ན་མི་འགྲིགས་པས། དེབ་འདིའི་གཤམ་དུ་བརྗོད་འགོད་བྱས་ཡོད་པ་ལྟར་གྱི་གནས་ལུགས་གླེང་མོལ་འོས་འཚམས་རགས་བསྡུས་ཤིག་བཀྲམས་པའི་ནང༌། སེམས་གསོ་ཇི་འབྱོར་དང༌། རྒྱ་གར་གཞུང་གིས་དགའ་བསུ་གནང་བ་སོགས་ལ་དགའ་བོ་བྱུང་ཚུལ་དང༌། ད་དུང་བརྗོད་བསྣོན་ལ་བོད་དུ་མི་གསོད་ཁྲག་སྟོར་གྱི་རྐྱེན་ངན་རིང་མིན་མཚམས་ཆོད་ཡོང་རེ་བྱེད་བཞིན་ཡོད་ཚུལ་བྲིས་ཡོད། ཉིན་གཉིས་རྗེས་པི་ཅིང་དུ་གླེང་བརྗོད་ཅིག་བཏོན་པའི་ནང༌། ཏཱ་ལའི་བླ་མའི་གླེང་བརྗོད་ཟེར་བ་དེ་ནི། ཡིག་ཆ་རྩིང་ཧྲལ་དང༌། བརྗོད་དོན་ཁྱ་འཁྱོར་ཅན། རྫུན་དང༌། བུ་གས་གང་བ་ཡིན་ཚུལ་དང༌། ཁོང་ཚོའི་བསམ་ཕྱོགས་ལྟར་ཕྲན་ལྷ་སའི་ལོག་སྤྱོད་པ་ཚོས་འཁྲིད་ལུགས། གོང་གི་གླེང་བརྗོད་ནི་ཕྲན་ནས་བརྗོད་པ་མིན་པར། བཙན་རྒྱལ་རིང་ལུགས་བཙན་འཛུལ་མཁན་ཚོའི་བསམ་ཚུལ་རྣམས་དེའི་ནང་བཏོན་འདུག་ཅེས་བཤད་འདུག སྐབས་དེར་རྒྱ་མིས་བཙན་རྒྱལ་རིང་ལུགས་པ་དང༌། རྒྱ་བསྐྱེད་རིང་ལུགས་པ་ཞེས་ཁོང་ཁྲོ་ཆེན་པོ་བྱེད་པའི་དུས་སྐབས་ཡིན། ཚིག་གིས་འཁོན་ནད་བཟོ་བ་སླ་ཞིང༌། བདེན་པར་ཆ་འཇོག་མ་བྱས་ན་དེ་དག་བདེན་འབྲེལ་ལྟ་བུར་མངོན་སྲིད། རྒྱ་གར་གཞུང་གི་གཏམ་བརྗོད་པ་ཞིག་ནས་དེ་སྐོར་ལན་འདེབས་གཟབ་ནན་བྱས་ཡོད་པ་རེད། རྒྱ་མིས་དོན་དང་མ་འབྲེལ་བའི་རྗོད་ཚིག་རྩུབ་མོའི་ལན་འདེབས་བྱེད་པར་བརྟེན་དེ་འདྲའི་གླེང་རྩོད་ནང་ངེད་རང་ཞུགས་འདོད་མེད་ཀྱང་རྒྱ་མིས་བདེན་རྫུན་གོ་ལྡོག་བརྗོད་པ་དེར་ཉིན་ཤས་རྗེས་ངོས་ནས་གསར་མཁན་ཚོར་གླེང་བརྗོད་གཉིས་པ་ཐུང་ངུ་ཞིག་བྱས་ཏེ་གླེང་བརྗོད་ཐོག་མ་དེ་དག་ངེད་རང་གིས་བརྗོད་པར་གསལ་བསྒྲགས་བྱས་པ་ཡིན།

རྒྱ་མིས་གཅན་གཟན་རྨས་མ་ལྟར་ཟིང་འཁྲུག་དེ་སྐོར་སུ་བྱུང་ལ་ཁག་འདོགས་བསྙོན་དཀྲི་བྱེད་པ་དེར་ཡང་བསྐྱར་ཧ་ལས་བྱུང༌། ཁོང་ཚོས་བསམ་བློའི་ནང་གི་བཙན་རྒྱལ་རིང་ལུགས་པ་དང༌། རྒྱ་གར་ནང་གི་བོད་མི། རྒྱ་གར་གཞུང༌། བོད་ཀྱི་དབང་སྒྱུར་བརྒྱུད་ཚོགས་པ་ཞེས་ངའི་གཞུང་ལ་འགྲེལ་བཤད་བྱེད་པ་བཅས་པར་དུས་སྐབས་འདྲ་མིན་སྣ་ཚོགས་སུ་བསྙོན་འཛུགས་བྱེད་ཅིང༌། རང་གིས་རང་ལ་བདེན་པ་ངོས་འཛིན་བྱེད་འཇུག་ཐུབ་ཀྱི་ཡོད་པ་མ་རེད། ཁོང་ཚོས་བཅིངས་བཀྲོལ་གཏོང་རྒྱུ་ཡིན་ཚུལ་ཟེར་བའི་གང་ལ་བཅིངས་བཀྲོལ་གཏོང་བའི་མི་མང་ཚོས་བཅིངས་བཀྲོལ་གཏོང་མཁན་ལ་དེ་འཕྲལ་ངོ་རྒོལ་བྱས་ཤིང༌། བོད་ཀྱི་དབང་བསྒྱུར་བརྒྱུད་ཚོགས་ནས་འཕྲལ་སྣང་རྒྱ་མིར་མཐུན་འབྲེལ་ཆེ་བ་བྱས་པ་རེད།

ངེད་ཏེ་ཛི་པུར་མེ་འཁོར་བབས་ཚུགས་སུ་འབྱོར་སྐབས་རྒྱ་གར་གཞུང་ནས་ང་ཚོ་གནས་སྐབས་སྡོད་ཡུལ་མ་སུ་རིར་འབོད་འཁྲིད་བྱ་རྒྱུའི་དམིགས་བསལ་གྱི་མེ་འཁོར་གྲ་སྒྲིག་གནང་འདུག་ཅིང༌། མ་སུ་རི་ནི་ལྡི་ལིའི་བྱང་ཕྱོགས་ཧི་མ་ལ་ཡའི་རི་འདབས་སུ་ཡོད་པ་དེར་མེ་འཁོར་ནང་ཉིན་ཤས་བགྲོད་དགོས། ལམ་བར་མེ་འཁོར་བབས་ཚིགས་གང་ཡོད་སར་ཤིན་ཏུ་འབོར་ཆེའི་མི་མང་ནས་དགའ་འབོད་བྱེད་པ་དེ་ནི་བརྗེད་ཐབས་མེད་པའི་གནས་ཚུལ་ཞིག་བྱུང༌། དེ་སྔོན་རྒྱ་གར་དུ་ཡོང་སྐབས་དགའ་བསུ་ཇི་བྱས་དྲན་གསོས་བྱུང་བའི་ཐོག ་ད་ལམ་ནི་རང་བཞིན་གྱི་རྣམ་འགྱུར་གསར་པ་ཞིག་ཡིན་པས་སེམས་འགུལ་ཆེ་ཐེབས་ཀྱིས་སྡུག་བསྔལ་བདེ་བའི་ངོ་སྤྲོད་ཡིན་་ཞེས་པའི་བོད་ཀྱི་གཏམ་དཔེ་ཞིག་ཀྱང་དྲན་བྱུང༌། ཁོང་ཚོ་རང་བཞིན་བལྟ་རྟོག་ཆེད་མིན་པར་བོད་དུ་ཤ་ཞེན་གྱི་རྣམ་པ་ཇི་ཡོད་སྟོན་པའི་ཆེད་དུ་ཡོང་བ་རེད་་

མ་སུ་རིར་འབྱོར་ནས་འགྲིམ་འགྲུལ་རིང་པོའི་ངལ་དུབ་ངལ་གསོ་ཐོབ་ཐོག དབེན་ཞིང་ཉམས་དགའི་ངང་ང་ཚོའི་དཀའ་ངལ་སྐོར་བསམ་གཞིགས་བྱ་རྒྱུའི་གོ་སྐབས་བྱུང༌། རྒྱ་གར་གཞུང་གི་གྲ་སྒྲིག་འོག་དྷ་རམ་ས་ལའི་གནས་ཁང་གསར་པར་གནས་སྤོས་མ་བྱས་བར་མ་སུ་རིར་ལོ་གཅིག་ཙམ་བསྡད་ཅིང༌། དེ་ནས་རྒྱ་གར་ནུབ་བྱང་ས་ཁུལ་དུ་ཡོད་པའི་དྷ་རམ་ས་ལར་་ཡུན་སྡོད་བྱས་འཐུས་ལ་བརྟེན་དེང་སང་འདི་གར་སྡོད་མུས་ཡིན།

ང་ཚོ་མ་སུ་རིར་འབྱོར་ཏེ་མི་རིང་བར་རྒྱ་གར་སྲིད་བློན་སྐུ་ཞབས་ནེ་རུ་ངེད་ཐུག་འཕྲད་དུ་ཕེབས་ཏེ་ཁོང་དང་ཡང་བསྐྱར་གླེང་མོལ་ཡུན་རིང་ཞུ་རྒྱུའི་གོ་སྐབས་དེ་ལ་དགའ་བོ་བྱུང༌། རྒྱ་ནག་ནང་བསམ་ཡོད་མི་སྣ་ཇི་སྙེད་ཡོད་པས་བསམ་གཞིགས་ནན་ཏན་གྱིས་གྲོས་མོལ་ཞིག་ཅིས་ཀྱང་བྱེད་སྲིད་སྙམ་སྟེ་ཕྱི་ཟླ་དྲུག་པའི་ནང་གསར་འགྱུར་མཁན་ལ་གཏམ་བརྗོད་མ་བྱས་བར་ངེད་ནས་རྒྱ་མི་གུང་བྲན་ལ་གླེང་བརྗོད་དྲིལ་བསྒྲགས་གང་ཡང་བྱས་པ་མེད་ཀྱང༌། བོད་ནས་བཙན་བྱོལ་བོད་མི་མང་པོ་རིམ་འབྱོར་གྱིས་བོད་ཀྱི་གནས་ཚུལ་ཇེ་ཞན་ཇེ་སྡུག་ཏུ་གྱུར་ཚུལ་གོ་ཐོས་ཀྱིས་འཇིགས་དངངས་བསྐྱེད་པའི་ཁར། རྒྱ་མིས་བོད་ལ་བཙན་གནོན་བྱ་རྒྱུར་སེམས་ཐག་གཙང་བཅད་ཟིན་པའི་མངོན་གསལ་ཇེ་ཆེར་ཕྱིན་ཏེ་ངོས་ནས་གླེང་བརྗོད་ནན་ཙམ་མི་བྱེད་མཐུ་མེད་བྱུང༌། པི་ཅིང་གཞུང་ནས་ཁོང་ཚོའི་སྐུ་ཚབ་པས་ཇི་བྱེད་ད་དུང་ཤེས་རྟོགས་བྱུང་ཨེ་ཡོད་སྙམ་པ་དང༌། མའོ་ཙེ་ཏུང་གིས་དེ་ལ་འདོད་མོས་བྱས་པར་ད་དུང་ཡིད་ཆེས་མི་ཐུབ་ཚུལ་བརྗོད་པ་མ་ཟད། གལ་ཏེ་རྒྱལ་སྤྱིའི་ཚོགས་པ་ཞིག་ནས་བོད་ཀྱི་དངོས་ཡོད་གནས་ཚུལ་ལ་རྟོག་ཞིབ་བྱེད་རྒྱུར་རྒྱ་མིས་མོས་མཐུན་བྱས་ན་ང་དང༌། ངའི་གཞུང་ནས་ཁོང་ཚོས་ཇི་བརྗོད་ལ་མོས་མཐུན་བྱེད་རྒྱུའི་བསམ་ཚུལ་ཡང་བཏོན་པ་ཡིན། ད་དུང་ཡང་ང་ཚོའི་དབར་ཕན་ཚུན་གཉིས་ལོའི་གྲོས་མཐུན་ཞིག་འཇོག་འདོད་དུས་གཏན་དུ་ཡོད་ཀྱང་རྒྱ་མིས་བསམ་ཚུལ་དེ་ལ་དྭང་ལེན་གཏན་ནས་མ་བྱས་པ་རེད།

གསར་འགྱུར་མཁན་གྱི་ཚོགས་འདུ་དེར་ངེད་ནས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་ཁས་ལེན་མ་བྱས་ཤིང༌། དེ་ལྟར་ཁས་ལེན་མི་བྱེད་མཁན་ནི་ངེད་རང་ཡིན། དེ་རྗེས་མ་སུ་རིར་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པ་ཐུག་འཕྲད་བྱེད་པའི་གོ་སྐབས་ཐོག་མ་དེ་བྱུང་ཞིང༌། ཁོང་ཚོས་ཀྱང་ངེད་ཀྱི་བརྗོད་ཚུལ་དེ་འཐུས་ལེགས་བྱུང་ཚུལ་གསུང་གི་འདུག

ང་ཚོའི་གནད་དོན་བདེན་འབྲེལ་ཡིན་པར་ཐེ་ཚོམ་མེད་ཀྱང༌། ཞི་གྲོས་ཀྱིས་འགྲིགས་ཐབས་མ་བྱུང་ན་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུ་བསྐུལ་བྱ་དགོས་མི་ཡོང་ངམ་སྙམ་པ་ཙམ་ལས། གློ་བུར་ཐག་གཅོད་གཏན་འཁེལ་མ་བྱས་ཀྱང༌། ཁྲིམས་ལུགས་ཀྱི་དོན་གནད་འགའ་ཤས་གནད་གལ་ཇེ་ཆེར་གྱུར་པ་རེད། ང་ཚོ་ཉེ་བའི་ཆར་ཡང༌། མི་ལོ་བཅུ་ཕྲག་གསུམ་བཞི་ཙམ་རིང་རང་དབང་དུ་བསྡད་ན་ཡང༌། རྒྱ་མིས་རྒྱ་ནག་གི་ཆ་ཤས་གཏན་དུ་ཡིན་ཚུལ་དང༌། གལ་ཏེ་དེའི་ཁུངས་སྐྱེལ་བྱེད་རྒྱུ་ཡོད་ན་བོད་དུ་བཙན་འཛུལ་བྱས་པ་འདི་དག་རྒྱ་མིའི་ནང་གི་ལས་དོན་ཡིན་པས་མཉམ་འབྲེལ་རྒྱལ་ཚོགས་ནས་ཐེ་བྱུས་མི་ཐུབ་ཅེས་རྩོད་འཛུགས་བྱེད་ཀྱི་རེད།

ངེད་མ་སུ་རིར་སྡོད་རིང་རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་ཚོགས་པ་ནས་དུས་རབས་འདིའི་འགོ་སྟོད་ཀྱི་ཆིངས་ཡིག་ཁག་ལ་རྟོག་ཞིབ་བྱས་པའི་ལོ་རྒྱུས་གོང་བརྗོད་ཟིན་པ་ལྟར། ཁོང་ཚོས་ཐག་གཅོད་གཏན་འབེབས་བྱས་གསལ་དུ། ང་ཚོ་རང་དབང་ཆ་ཚང་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་དང༌། རྒྱ་མིའི་བཀོད་བྱུས་འོག་ནས་དངོས་དོན་གྱི་རང་དབང་རང་བཙན་ཡིན་པ་མ་ཟད། ཁྲིམས་དོན་གྱི་རང་དབང་རང་བཙན་ཡང་རེད་ཅེས་ཐག་གཅོད་བྱས་འདུག

དེ་ནས་ཁོང་ཚོས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་ཞིབ་གྲོས་བྱེད་སྐབས་གྲོས་མཐུན་དེར་མིང་རྟགས་བཀོད་པ་དེས་ང་ཚོའི་རང་དབང་ཆ་ཚང་རྩིས་སྤྲོད་བྱས་པར་མཐོང་ན་ཡང༌། མིང་རྟགས་འགོད་མཁན་ཚོར་སྲོག་ཉེན་དང༌། བོད་དུ་དྲག་སྤྱོད་ཀྱི་འཆར་འགོད་བྱེད་ཉེན་ཆེན་པོ་ཡོད་པར་བརྟེན་ཁོང་ཚོས་མིང་རྟགས་མི་འགོད་དབང་མེད་བྱུང་ལུགས་ང་ཚོས་རྩོད་འཛུགས་བྱེད་ཐུབ། འོན་ཀྱང༌། ང་ཚོའི་ཕྱོགས་སུ་རྩོད་གླེང་གཞན་ཞིག་བྱེད་རྒྱུ་ཡོད་པ་ནི། གཞན་གྱི་དྲག་ཤུགས་དབང་འོག་ཏུ་ཚུད་དེ་མིང་རྟགས་བཀོད་པའི་ཆིངས་ཡིག་ཡོད་ཚད་ལ་ཚད་འཛིན་མི་འཕེར་བ་ཡང་ཡོང་མི་ཤེས་པ་དཔེར་ན། དམག་འཁྲུག་རྒྱལ་ཕམ་བྱུང་རྗེས་ཕན་ཚུན་ཆིངས་འཇོག་བྱེད་མཁན་ཡོད་པ་བཞིན་རེད། གལ་ཏེ་ཆིངས་ཡིག་དེར་ཕྱོགས་གཅིག་ནས་འགལ་འདས་བྱས་ན་ཕྱོགས་གཞན་དེ་ཁྲིམས་ཐོག་ནས་ཁས་མི་ལེན་པ་བྱེད་ཐུབ་ཅིང༌། དེ་ནས་རྩ་འཛིན་མེད་པར་འགྱུར་བ་ཡིན།

རྒྱ་མིས་གྲོས་མཐུན་དོན་ཚན་བཅུ་བདུན་དང་འགལ་འདས་ངེས་པར་བྱས་ཡོད་ཅིང༌། དེ་དག་ང་ཚོས་ཁུངས་སྐྱེལ་བྱེད་ཐུབ་པ་ཡིན། ད་ཆ་ངས་གྲོས་མཐུན་དེར་རྩ་འཛིན་མ་བྱས་སྟབས་གྲོས་མཐུན་མ་བཞག་སྔོན་ང་ཚོའི་གནས་སྟངས་རང་དབང་ཆ་ཚང་ཡོད་པ་དེར་གནས་ཡོད།

ང་ཚོའི་གནད་དོན་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུ་བར་དཀའ་ངལ་གཅིག་ཡོད་པ་ནི་ཕྱོགས་གཉིས་ཀ་རྒྱལ་ཚོགས་འཐུས་ཁོངས་མེད་པ་དེ་ཡིན། ང་ཚོ་འཐུས་མི་མི་བྱེད་པ་ནི་དུས་རྟག་ཏུ་ཟུར་སྡོད་བྱེད་རྒྱུར་དགའ་མོས་ཡོད་པ་དང༌། རྒྱ་མི་འཐུས་མིར་མ་གྱུར་པ་ནི་ཕོར་མོ་སར་ཡོད་པའི་ཅང་ཀེ་ཤའི་གཞུང་དེ་འཐུས་མིའི་ཁོངས་ཡོད་པ་རེད། དེ་ལྟར་ཡིན་ན་ཡང༌། ངེད་ནས་བོད་དོན་འདི་དག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་ཚོའི་མདུན་དུ་ཞུ་ཐབས་འགོ་འཛུགས་བྱས་པ་ཡིན།

རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་ཚོགས་པ་ནི་ངེད་དམ། ཡང་ན་བོད་ཀྱི་སྐུ་ཚབ་ལྟ་བུ་མིན་ལ། ཁོང་ཚོ་གཞུང་དང༌། རྒྱལ་ཁབ་ཀྱི་སྐུ་ཚབ་ཀྱང་མ་ཡིན། ཁོང་ཚོ་ནི་ཁྲིམས་དཔོན་དང༌། ཁྲིམས་དོན་མཁས་པའི་ཚོགས་པ་རང་དབང་ཅན་ཞིག་ཡིན་ཅིང༌། ཁོང་ཚོར་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ལྔ་བཅུའི་ཁྲིམས་དཔོན་སྟོང་ཕྲག་སུམ་ཅུ་ཙམ་ཡོད་པ་རེད།

ཚོགས་པ་དེ་འཛུགས་དགོས་པའི་རྒྱུ་མཚན་ནི། ཁྲིམས་ལུགས་མི་ཉམས་གོང་སྐྱོང་བྱེད་པ་དང༌། ཁྲིམས་འགལ་ཇི་འདྲ་ཞིག་བྱུང་ན་ཡང་འཛམ་གླིང་ཁྲིམས་ལུགས་ཀྱི་བསམ་ཚུལ་འདོན་འཇུག་པའི་ཆེད་དུ་ཡིན། ཚོགས་པ་དེས་རང་གི་འགན་འཁུར་བཟུང་སྟེ་བོད་ནང་གི་གནས་ཚུལ་རྟོག་ཞིབ་བྱས་པ་དེ་ནི་ངེད་དགའ་སྤྲོ་བྱེད་འོས་པ་བྱུང༌།

ཚོགས་པ་དེས་བོད་དང༌། རྒྱ་མི་གཉིས་ཀའི་གླེང་བརྗོད་རིགས་ལ་བརྟག་དཔྱད་བྱས་ཤིང༌། ལས་དོན་འདི་སྐོར་མཁས་པ་འགའ་ཤས་བཙན་བྱོལ་བོད་མིའི་སར་ངོ་གཏུགས་དྲི་ཞིབ་ཏུ་བཏང་སྟེ་ངས་ཀྱང་གོ་ཐོས་མ་བྱུང་བའི་གནས་ཚུལ་འཇིགས་སྣང་ཅན་ཇི་སྙེད་ཁོང་ཚོས་ཤེས་རྟོགས་བྱུང་འདུག མནར་གཅོད་ཚབས་ཆེན་བཏང་ལུགས་སྐོར་ཕལ་ཆེ་བས་ཀློག་འདོད་ཡོང་རྒྱུ་མིན་པ་ལྟར་ངེད་ནས་ཀྱང་ཞིབ་ཆ་བརྗོད་རྒྱུ་མིན་ཞིང༌། ཕྱོགས་ལྷུང་སྤངས་པའི་ཚོགས་པ་དེས་ཤེས་རྟོགས་བྱུང་བའི་བཙན་གནོན་བྱས་ལུགས་སྐོར་ནས་རགས་བསྡུས་ཤིག་ངའི་མི་མང་གི་དྲང་བདེན་མཚོན་བྱེད་དུ་བརྗོད་ན། ཚོགས་པ་དེས་ཞིབ་རྟོག་བྱེད་ལུགས་དང༌། ཐག་ཆོད་ཇི་བྱུང་གནས་ཚུལ་ཞིབ་ཆ་ཁོང་ཚོའི་སྙན་དེབ། <<བོད་ཀྱི་དྲི་དོན་དང༌། ཁྲིམས་ལུགས་>>ཟེར་བ་དང༌། <<བོད་དང༌། རྒྱ་ནག་མི་མང་དམངས་གཙོ་>>ཟེར་བ་གཉིས་ནང་ཞིབ་འཁོད་ཡོད་འདུག

ང་ཚོའི་མི་མང་སྟོང་ཚོ་བཅུ་ཕྲག་མང་པོ་དམག་ཐོག་དང༌། ཆེད་དུ་སྒེར་གསོད་བྱས་པ་དང༌། ཁོང་ཚོས་དམར་པོའི་རིང་ལུགས་ལ་ངོ་རྒོལ་བྱས་དྭོགས་སམ། དངུལ་ནོར་གསོག་འཇོག་བྱས་པའམ། གོ་སའི་གནས་སྟངས་སམ། ཡང་ན། རྒྱུ་མཚན་ཁུངས་འབྲེལ་གང་ཡང་མེད་པར་བསད་ཅིང༌། རྒྱུ་མཚན་གཙོ་བོ་ནི། ཁོང་ཚོས་ཆོས་བློས་མ་བཏང་བའི་རྐྱེན་གྱིས་ཡིན། ཁོང་ཚོ་ནི་མེ་འཕེན་གྱིས་བསད་པ་ཙམ་མིན་པར། བརྡུང་བརྡེག། རྒྱང་ཤིང་ལ་འགེལ་བ། གསོན་བསྲེགས། ཆུ་བསྐྱུར། དྲས་བཏུབས། ལྟོ་བཀག སྐེ་བཙིར། སྐེ་འདོགས། ཆུ་འཁོལ་འཐོར་བ། གསོན་སྦས། ནང་ཁྲོལ་འདོན་པ། སྐེ་གཅོད་སོགས་གསོད་ལུགས་ངན་པ་སྣ་ཚོགས་ཀྱིས་བསད་པ་ཡོད་ཅིང༌། དེ་དག་མང་པོ་ཞིག་ནི་ས་ཁུལ་རང་རང་གི་མང་ཚོགས་ཀྱི་མཐོང་སར་བསད་པ་རེད། སྲོག་གཅོད་དེ་ལྟར་བྱེད་སྐབས་གཤིན་པོ་དེའི་ཟླ་གྲོགས་དང༌། ཁྱིམ་མཚེས་ཚོ་བལྟ་རུ་འཇུག་གི་ཡོད་པ་ནི་ཚོགས་པ་དེར་གནས་ཚུལ་མིག་མཐོང་བྱུང་བའི་མིས་བརྗོད་འདུག ཕོ་མོ་སྡུག་སྦྱོང་གིས་གསོད་སྐབས་དེའི་ནང་མི་ཚོ་བལྟ་རུ་འཇུག་པ་དང༌། བུ་ཕྲུག་ཚོས་རང་གི་ཕ་མར་མེ་འཕེན་གྱིས་གསོད་བཅུག་པའང་བྱུང་འདུག ལྷག་པར་བླ་མ་ཚོར་མནར་གཅོད་དྲག་པོ་བཏང་འདུག རྒྱ་མིས་ཟེར་ན། བླ་མ་ཚོས་ཐོན་བསྐྱེད་མ་བྱས་པར་མི་མང་གི་དངུལ་ནོར་ཐོག་འཚོ་ཐབས་བསྟེན་ཚུལ་ཟེར་ཞིང༌། བླ་མ་ཚོ་དང༌། ལྷག་པར་གུས་བཀུར་བྱེད་འོས་པའི་བགྲེས་གྲས་ཚོར་མནར་གཅོད་དྲག་པོ་མ་བཏང་གོང་ཐོང་གཤོལ་འཐེན་འཇུག་པ་དང༌། ཁོང་ཚོར་རྟ་བཞིན་ཞོན་པ་དང༌། བརྡུང་བརྡེག་བྱེད་པ། དེ་མིན་ངག་ཚིག་གི་ལམ་ནས་བརྗོད་མི་ཐུབ་པའི་བྱེད་སྤྱོད་ངན་པ་སྣ་ཚོགས་ཀྱིས་དམའ་འབེབས་དང༌། མནར་གཅོད་སྡུག་སྦྱོང་གི་ངང་ནས་གསོད་སྐབས་ཁྱེད་ཚོས་རྫུ་འཕྲུལ་བསྟན་ཏེ་འཆི་བ་འདི་ལས་སྐྱོབས་ཤིག་ཟེར་བ་སོགས་ཆོས་ལ་ངན་སྨྲས་དམའ་འབེབས་སྣ་ཚོགས་བྱས་འདུག

མི་མང་གི་མདུན་སར་དམར་གསོད་དེ་ལྟར་བཏང་བ་ཙམ་དུ་མ་ཟད། བོད་མི་འབོར་ཆེན་བཙོན་འཇུག་དང༌། གར་ཡོད་མི་ཤེས་པའི་ས་ཁུལ་དུ་བཙན་འཁྲིད་བྱས་པ་དང༌། ཡང་ངལ་རྩོལ་དང༌། དཀའ་སྦྱོང་གི་འོག་ཏུ་ཡང་འབོར་ཆེན་འདས་གྲོངས་སུ་གྱུར། སྡུག་བསྔལ་དང༌། མནར་གཅོད་མ་བཟོད་པར་རང་སྲོག་གཅོད་མཁན་ཡང་མང་པོ་བྱུང་འདུག སྐྱེས་པ་འཇབ་དམག་མཁན་རྣམས་རི་ལོགས་བྲོས་འཛེགས་བྱས་པའི་བུད་མེད་བུ་ཕྲུག་ཤུལ་ལུས་རྣམས་མེ་ཤིན་གྷན་འཕངས་ཏེ་བསྡེབས་གསོད་བྱས་པའང་ཡོད།

བུ་ཕྲུག་ལོ་བཅོ་ལྔ་ནས་མ་འབྱར་ཡན་སྟོང་ཕྲག་མང་པོ་ཕ་མའི་ས་ནས་འཁྲིད་དེ་གར་ཡོད་མཐོང་ཐོས་མེད་པར་གྱུར་ཅིང༌། དེ་ལ་ངོ་རྒོལ་བྱེད་མཁན་ཚོ་བཙོན་འཇུག་དང༌། དམར་གསོད་བཏང་བ་རེད། དེ་ལྟར་བྱས་ན་ཕ་མས་ལས་ཀ་ལེགས་པོ་བྱེད་ཐུབ་རྒྱུ་དང༌། བུ་ཕྲུག་ཚོ་རྒྱ་ནག་ཏུ་བཏང་སྟེ་སློབ་སྦྱོང་ལེགས་པོ་བྱེད་ཐུབ་ལུགས་རྒྱ་མིས་ཟེར་གྱི་ཡོད་པ་རེད།

བོད་མི་ཕོ་མོ་མང་པོ་ཞིག་གི་བསམ་པར་རྒྱ་མིས་ཁོང་ཚོའི་སྐྱེ་སྒོ་འགོག་ཐབས་བྱས་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་དང༌། རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་རྟོག་ཞིབ་པ་ཚོར་ཁོང་ཚོ་རང་མོས་ཀྱིས་རྒྱ་མིས་གཤགས་བཅོས་ན་ཟུག་ཅན་བྱས་ལུགས་བརྗོད་འདུག ཁོང་ཚོའི་བརྗོད་ཚུལ་དང༌། རྒྱ་གར་ནང་གི་གཤགས་བཅོས་བྱེད་སྟངས་མ་མཐུན་སྟབས་ཚོགས་པ་དེས་དེ་ལྟར་བྱུང་བར་ཐག་གཅོད་ངེས་བརྟན་བྱས་མི་འདུག་ཀྱང༌། གཤགས་བཅོས་བྱེད་སྟངས་དེ་དག་སྐྱེ་སྒོ་འགོག་ཐབས་མིན་པར་གནད་དོན་གཞན་གྱི་ཆེད་དུ་ཡིན་པའི་ངོས་འཛིན་ཡང་བྱེད་ཐུབ་ཡོད་པ་མ་རེད། ཁྲིམས་དོན་མཁས་པའི་ཚོགས་པའི་སྙན་དེབ་དེ་དག་བཏོན་ཟིན་པའི་རྗེས་ཁུངས་སྐྱེལ་གསར་བ་བྱུང་བར་གཞིགས་ན། གྲོང་གསེབ་རེ་ཟུང་གི་ཕོ་མོ་ཚང་མར་སྐྱེ་སྒོ་འགོག་ཐབས་བྱས་ཡོད་འདུག

བོད་མི་མང་གི་ཐོག་ཏུ་དེ་ལྟ་བུའི་ཁྲིམས་འགལ་བྱས་པས་མ་ཚད། དགོན་ཁག་སྟོར་བཤིགས་དང༌། བླ་མ་གསོད་བཟུང༌། གྲྭ་རིགས་རྣམས་ངལ་རྩོལ་དུ་བསྐུལ་འདེད། བསླབ་སྡོམ་མ་དོར་ན་སྲོག་ཉེས་གཏོང་བ། དགོན་པ་དང༌། ལྷ་ཁང་སྟོང་པ་ཚོར་དམག་མི་དང༌། རྟ་ཕྱུགས་ཀྱི་སྡོད་ཡུལ་བྱེད་པ་སོགས་ཀྱིས་དགོན་པ་བརྒྱ་ཕྲག་མང་པོ་བསྟོར་འཇིག་བྱས་འདུག

རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་ཚོགས་པ་ནས་ཁུངས་སྐྱེལ་མང་པོ་བསྡུ་གསོག་བྱས་པའི་དོན་འབྲས་སུ། མིའམ། རྒྱལ་ཁབ་གང་རུང་ནས་མི་རིགས་རྩ་མེད་ཅེས་པའི་ཁྲིམས་འགལ་སྡུག་ཤོས་ཤིག་བྱས་པར་ངོས་འཛིན་བྱས་འདུག མི་རིགས་རྩ་མེད་ཅེས་པ་ནི། རྒྱལ་ཁབ་བམ། མི་རིགས། ཆོས་ལུགས་གང་རུང་གི་ཚོགས་པ་ཡོངས་རྫོགས་སམ། ཆ་ཤས་ཤིག་རྩ་བསྟོར་གཏོང་རྒྱུའི་འཆར་དོན་ལ་ཟེར། རྒྱ་མིས་བོད་ནང་སངས་རྒྱས་ཀྱི་རྗེས་འཇུག་པ་ཚོ་རྩ་མེད་བཟོ་ཐབས་བྱས་ངེས་ལ་ཁྲིམས་ཞིབ་ཚོགས་པའི་ཐེ་ཚོམ་གཙང་ཆོད་བྱུང་འདུག ད་ཆ་བསམ་གཞིགས་སྐབས་རྒྱ་མིས་ཁྲིམས་འགལ་འདི་ལྟར་བྱེད་དགོས་པའི་རྒྱུ་མཚན་རྣམས་ང་ཚོས་མཐོང་ཐུབ། ཐོག་མར་རྒྱ་མིས་བོད་ཟ་འདོད་བྱེད་པ་དེར་རྒྱུ་མཚན་གསུམ་ཙམ་ཡོད།

དང་པོ། ང་ཚོ་བོད་དུ་ས་རྒྱ་ཆེན་པོ་ཡོད་ཀྱང་བོད་མི་ས་ཡ་བདུན་བརྒྱད་ཙམ་ལས་མེད། རྒྱ་མི་ས་ཡ་དྲུག་བརྒྱ་ལྷག་ཙམ་ཡོད་པ་མ་ཟད། ལོ་རེ་ས་ཡ་མང་པོ་འཕར་གྱི་ཡོད་པ་དང༌། ཁོང་ཚོར་མུ་གེའི་དཀའ་ངལ་ཡང་ཡང་ཡོང་གི་ཡོད་པར་བརྟེན་བོད་འདི་ཁོང་ཚོ་སྡོད་ཡུལ་ས་སྣོན་ལྟ་བུར་དགོས་ཀྱི་ཡོད་པ་རེད། གནས་ཚུལ་དངོས་ཡོད་ཀྱི་ཆ་ནས་ཀྱང་བོད་དུ་རྒྱ་རིགས་སོ་ནམ་པ་མང་པོ་གཞིས་ཆགས་བྱས་ཡོད་ཅིང༌། ནམ་ཞིག་རྒྱ་རིགས་འབོར་གྲངས་ཆེས་མང་པོ་དང༌། བོད་མི་ཉུང་ངུར་གྱུར་བའི་དུས་སྐབས་ཤིག་ལ་དམིགས་ཡུལ་འཛིན་གྱི་ཡོད་པར་ཐེ་ཚོམ་མེད། ད་ལྟའི་ཆར་བོད་མི་སོ་ནམ་པ་ཚོ་རྒྱ་མིའི་སོ་ནམ་པ་ཚོའི་གནས་སྟངས་ལས་ཀྱང་སྡུག་པ་བཟོས་ཡོད་པ་རེད། བོད་ཀྱི་ལོ་རྒྱུས་ནང་མུ་གེ་བྱུང་བ་མེད་ཀྱང༌། ད་ཆ་བོད་དུ་མུ་གེ་ཚབས་ཆེན་ཡོད་འདུག

གཉིས་པ། ང་ཚོའི་ཡུལ་དུ་ས་གཏེར་མང་པོས་ཕྱུག་པོ་ཡོད་ཀྱང༌། ང་ཚོ་འཇིག་རྟེན་གྱི་རྒྱུ་ནོར་ལ་ཧ་ཅང་འདོད་ཆེན་མིན་སྟབས་ད་ཕན་བེད་སྤྱོད་བྱས་ཡོད་པ་མ་རེད། རྒྱ་མིས་བོད་དུ་འཛུགས་བསྐྲུན་རྒྱ་ཆེ་བྱས་ལུགས་ཟེར་བ་བདེན་འབྲེལ་ཡིན་ན་ཡང༌། དེ་དག་བོད་ཕན་ཆེད་མ་ཡིན་པར་རྒྱ་ནག་འབྱོར་ཕྱུག་ཡོང་བའི་ཆེད་དུ་ཡིན་པ་རེད།

གསུམ་པ། རྒྱ་མིས་རྒྱལ་མཚམས་རིས་མེད་རིང་ལུགས་ཞེས་པའི་བསམ་བློའི་འཁྱེར་སོས་འཛམ་གླིང་ཡོངས་རྫོགས་མིན་ན་ཡང༌། གླེང་ཆེན་ཨེ་ཤ་ཡ་གང་མགྱོགས་མགྱོགས་སུ་ཟིན་རྩིས་ཞེ་ནས་ཡོད་པ་དང༌། བོད་ས་བཟུང་བ་ནི་དེའི་གོམ་རིམ་དང་པོ་དེ་ཡིན་ལུགས་ཁོང་ཚོ་རང་གི་ཁ་ནས་བརྗོད་བཞིན་ཡོད་པ་རེད། ངེད་རང་དམག་བྱུས་མཁས་པའི་ཕྱོགས་ན་ཡང་མེད་ཅིང༌། བསམ་སྦྱོར་དེ་དང་རྒྱང་ཐག་ཆེས་རིང་པོས་ཆོད་ན་ཡང༌། ཨེ་ཤ་ཡའི་ནང་དམག་དོན་གྱི་ས་ཆ་གནད་གལ་ཆེ་བ་བོད་ལྟ་བུ་ཨེ་ཡོད་བསམ་གྱི་འདུག ་དེང་དུས་ཀྱི་མཚོན་ཆའི་རིགས་ཡོད་ན་བོད་ཀྱི་རི་ཁུལ་རྣམས་བསྟོར་བཤིགས་དཀའ་བའི་བཙན་ས་ལྟ་བུ་ཡིན་ཞིང༌། ས་ཁུལ་དེ་ནས་རྒྱ་གར། འབར་མ། པ་ཀི་སི་ཏན། ལྷོ་ཤར་ཨེ་ཤ་ཡའི་ས་ཁུལ་ཁག་ཏུ་དམག་བཀོད་ཀྱིས་འཛིན་བཟུང་དང༌། ང་ཚོ་ལྟ་བུར་ཁོང་ཚོའི་ཆོས་ལུགས་རྩ་བསྟོར། ཆོས་མེད་ཀྱི་ལྟ་སྤྱོད་ཁྱབ་སྤེལ་བཅས་བྱེད་ཐུབ། རྒྱ་མིས་བོད་ནང་གནམ་གྲུ་བབས་ཐང་བཅོ་བརྒྱད་ཙམ་དང༌། དྲག་ཆས་ཀྱི་འཁོར་ལམ་དྲ་བ་ལྟ་བུ་བཟོས་ཟིན་ཅིང༌། རྒྱ་གར་ནས་དམག་འཐབ་བྱེད་རྩིས་མེད་པ་གསལ་པོ་ཤེས་ཀྱི་ཡོད་སྟབས་ཁོང་ཚོའི་དམག་གི་རྟེན་གཞི་རྣམས་རྒྱ་བསྐྱེད་བྱེད་བཞིན་ཡོད་པ་རེད། ལོ་བཅུ་ཙམ་གྱི་གོང་རྒྱ་མིས་བོད་དུ་བཙན་འཛུལ་ཐོག་མར་བྱེད་སྐབས་གནས་ཚུལ་འདི་དག་ཕལ་ཆེར་ཁོང་ཚོའི་བསམ་ཡུལ་དུ་ཡོད་པར་ཡིད་ཆེས་ཡོད། སྐབས་དེར་ཁོང་ཚོས་ཁྲིམས་མཐུན་དུ་བརྫུས་ནས་བོད་དུ་བཙན་ཤུགས་ཀྱིས་ཟ་བསྐྱོད་ཐུབ་པར་བསམ་ཞིང༌། སྲོག་དང༌། དཔལ་འབྱོར་གྱི་འགྲོ་གྲོན་དང༌། སྐྱོན་བརྗོད་ཇི་སྙེད་ཡོང་གི་ཡོད་ཀྱང༌། གོང་གི་རྒྱུ་མཚན་གསུམ་དང༌། ལྷག་པར་གསུམ་པ་དེར་བརྟེན་ནས་ལས་དོན་འདི་དག་ལག་ལེན་མཇུག་སྐྱོང་བྱེད་དགོས་བྱུང་བ་རེད།

ངའི་མི་མང་དང༌། མི་མང་གི་རེ་འདོད་དམིགས་ཡུལ་རྣམས་བསྟོར་བཤིགས་གཏོང་བཞིན་ཡོད་སྟབས་ངེད་རང་སྐྱབས་བཅོལ་དུ་གནས་སྡོད་རིང༌། བོད་ནང་ཇི་བྱས་དང༌། དེང་སྐབས་ཇི་ལྟར་བྱེད་བཞིན་ཡོད་པའི་སྐོར་མཉམ་འབྲེལ་རྒྱལ་ཚོགས་དང༌། དཔེ་དེབ་འདི་དག་བརྒྱུད་འཛམ་གླིང་རྒྱ་ཆེའི་མི་མང་ལ་དྲན་བསྐུལ་གཏོང་རྒྱུ་དང༌། ང་ཚོ་མཉམ་དུ་རང་དབང་གི་ཡུལ་དུ་ཐར་འབྱོར་བོད་མི་ཚོར་བདག་སྐྱོང་བྱེད་རྒྱུ། མ་འོངས་པའི་འཆར་འགོད་བྱེད་རྒྱུ་བཅས་པར་འཁུར་བརྩོན་བྱ་རྒྱུ་ཙམ་ཡིན།

ངོས་ནས་རང་ཡུལ་གཞག་པའི་རྗེས་སུ་བགྲོད་དཀའི་ཧི་མ་ལ་ཡའི་རི་བརྒྱུད་དང༌། རྒྱ་དམག་གི་ཉེན་འཇིགས་དཀའ་ཚེགས་ཆེན་པོར་མ་ལྟོས་པར་བོད་མི་སྟོང་ཕྲག་དྲུག་ཅུ་ལྷག་ཙམ་ངེད་ཚོ་མཉམ་དུ་སྐྱབས་བཅོལ་དུ་རིམ་འབྱོར་བྱུང་དང་འབྱུང་རྒྱུ་དེ་རྣམས་ལས་རིགས་གཅིག་ཁོ་ན་མ་ཡིན་པར་དངོས་འབྲེལ་མི་མང་གི་ཚབ་ལྟ་བུ་ཡིན། དེའི་ཁྲོད་དུ་ང་ཚོའི་ཡུལ་ན་སྙན་གྲགས་ཅན་གྱི་བླ་མ་དང༌། མཁས་པ། གྲྭ་རིགས་ལྔ་སྟོང་ཙམ། གཞུང་ཞབས་གང་འཚམས། ཚོང་རིགས་དང༌། དམག་མི། སྙོམས་ཆུང་སོ་ནམ་པ་མང་པོ། འབྲོག་རིགས། ལག་ཤེས་པ་སོགས་ཡོད་པ་རེད། ཁོང་ཚོ་ཕལ་ཆེ་བའི་བགྲོད་ལམ་ནི་ང་ཚོ་ལས་དཀའ་ངལ་དང༌། ཉེན་ཁ་ཆེ་བ་བྱུང་འདུག ་འགའ་ཞིག་ནས་རང་གི་ནང་མི་རྣམས་མཉམ་འཁྲིད་ཐུབ་ན་ཡང༌། བྱིས་པ་མང་པོ་ལ་འཕྲེང་གི་ངལ་དུབ་འོག་འདས་གྲོངས་གྱུར་འདུག། སྐྱེས་པ་མང་པོ་ཞིག་དམག་འཐབ་སྐབས་རང་གི་ཆུང་མ་དང༌། བུ་ཕྲུག་རྒྱ་མིའི་དབང་འོག་ཏུ་ལུས་པ་དེ་ནི་སྡུག་བསྔལ་སྣོན་མ་ལྟ་བུ་ཡིན།

བཙན་བྱོལ་བ་དེ་རྣམས་དེང་སྐབས་རྒྱ་གར་དང༌། འབྲུག འབྲས་ལྗོངས། བལ་ཡུལ་བཅས་པར་ཁ་འཐོར་གྱིས་གནས་འཁོད་ཡོད་ཅིང༌། རྒྱ་གར་ནང་གི་མི་སྣ་གྲགས་ཆེ་བསམ་ཚུལ་འདྲ་མིན་འགའ་ཞིག་ནས་དབུས་སྐྱོབ་གསོ་ཚོགས་པ་ཞིག་བཙུགས་ཏེ་རྒྱ་གར་གཞུང་དང་མཉམ་དུ་ང་ཚོའི་མི་མང་ལ་རོགས་རམ་བྱེད་ཀྱི་ཡོད་པ་དང༌། ཡུལ་ཕྱོགས་འདྲ་མིན་གཞན་དག་མང་པོའི་དྭང་བླངས་སྐྱོབ་གསོ་ཚོགས་ཁག་ནས་དངུལ་དང༌། བཟའ་བཅའ། གྱོན་གོས། སྨན་སོགས་ཀྱི་རོགས་རམ་བྱེད་བཞིན་ཡོད། དབྱིན་ཇི་དང༌། ཨ་རི། ཨོ་སི་ཀྲི་ལི་ཡ། ནིའུ་ཛི་ལན་བཅས་ཀྱི་གཞུང་ནས་ང་ཚོའི་བོད་ཕྲུག་ཚོའི་སློབ་སྦྱོང་གི་དོན་དུ་རོགས་རམ་གནང་ཡོད་པ་དང༌། ལྷོ་བྷི་ཀྲི་ནམ་གཞུང་ནས་འབྲས་ཀྱི་རོགས་རམ་གནང་འདུག ཁོང་ཚོས་བྱམས་གཟིགས་དེ་ལྟ་བུ་གནང་བ་ལ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་མ་ཟད། དེ་དག་གིས་ང་ཚོ་ཐོག་མར་ལྷིང་འཇགས་ཡོང་ཐབས་ལ་ཕན་ཐོགས་ཤིན་ཏུ་ཆེན་པོ་བྱུང༌། འོན་ཀྱང༌། ང་ཚོར་དགོས་མཁོ་ཆེ་ངེས་བྱུང་ན་མ་གཏོགས་དུས་རྟག་ཏུ་གཞན་གྱི་དགེ་སྦྱིན་ཁོ་ནར་བརྟེན་འདོད་མེད་ཅིང༌། རིང་མིན་རང་གི་རྐང་པས་རང་ལུས་འདེགས་བསྐྱོད་ཐུབ་པའི་འདོད་པ་ཡོད།

དམིགས་ཡུལ་འདིའི་དོན་དུ་ང་ཚོའི་བོད་མི་ལུས་གཟུགས་བདེ་ཐང་ཕལ་ཆེ་བར་ལས་ཀ་འཚོལ་རྒྱུར་རྒྱ་གར་་་གཞུང་ནས་རོགས་རམ་གནང་ཡོད་ཅིང༌། གྲྭ་རིགས་འབོར་ཆེན་ཚུད་པའི་བོད་མི་མང་པོས་དེང་སྐབས་ལམ་བཟོའི་ལས་རྩོལ་བྱེད་བཞིན་ཡོད་ཀྱང༌། རྒྱ་ཐང་ཚ་དྲོད་ཆེ་སར་ང་ཚོ་རི་ཁུལ་གྱི་མི་རིགས་གནས་སྡོད་བྱ་རྒྱུར་དཀའ་ངལ་ཡོད་སྟབས་རྒྱ་གར་གཞུང་ནས་དེ་ལ་དོ་འཁུར་གནང་སྟེ་ང་ཚོའི་ཡུལ་དང་ཚ་གྲང་ཁྱད་པར་ཆེན་པོ་མེད་པའི་ས་གནས་ཁག་ཏུ་གཞིས་ཆགས་ཡོང་ཐབས་བྱེད་བཞིན་ཡོད། ཧི་མ་ལ་ཡའི་རི་འདབས་སུ་ཡོད་པའི་རྡོར་གླིང་དང༌། ཌ་ལ་ཧའོ་སིར་བོད་མི་དྲུག་བརྒྱ་སྐོར་ལ་ཕན་ཐོགས་ཡོད་པའི་ལག་ཤེས་སློབ་སྦྱོང་གི་བཟོ་གྲྭ་བཙུགས། མ་ཡེ་སོར་དང༌། ཨ་སམ་ཁུལ་བོད་མི་བཞི་སྟོང་ཙམ་གཞིས་ཆགས་བྱས་ཐོག ད་དུང་འོས་པའི་ས་གནས་གཞན་དག་འཚོལ་བཞིན་ཡོད། བྱིངས་བོད་མི་རྒན་གྲས་ཚོར་ཤིང་གཅོད་ལ་སོགས་པའི་སོ་ནམ་གྱི་ལས་ཀ་དང༌། འབྲོག་ལས་རྙེད་ཐོབ་ཡོང་མུས། གཞོན་ནུ་ལོ་བཅོ་བརྒྱད་ནས། ལོ་ཉི་ཤུ་རྩ་ལྔ་བར་རྣམས་ལ་དེ་སྔོན་ང་ཚོར་མེད་པའི་འཕྲུལ་འཁོར་གྱི་སློབ་སྦྱོང་གང་ཐུབ་སྤྲོད་ཀྱི་ཡོད།

ལོ་བཅུ་དྲུག་མན་གྱི་བོད་ཕྲུག་ལྔ་སྟོང་ལྷག་ཙམ་ཡོད་པ་ནི་ངེད་ལ་དམིགས་བསལ་གྱི་སེམས་འཁུར་ལྕི་བ་ཞིག་ཡིན། བུ་ཕྲུག་རྣམས་རང་ཡུལ་དང་ཐ་དད་ཀྱི་ཡུལ་དུ་གློ་བུར་སྤོ་འཁྲིད་སྐབས་རྒན་པ་དང་མི་འདྲ་བའི་དཀའ་ཚེགས་ཆེ་བ་ཡོང་གི་ཡོད་ཅིང༌། ཐོག་མའི་ཆར་གནམ་གཤིས་དང༌། ཟས་སྤྱོད་མ་མཐུན་པས་བོད་ཕྲུག་མང་པོ་འདས་གྲོངས་གྱུར་འདུག ཁོང་ཚོའི་འཕྲོད་བསྟེན་ཟབ་གཅེས་དང༌། ལུས་སྲོག་བདེ་སྐྱོང་ཐུབ་ཐབས་སུ་ང་ཚོས་ཛ་གལ་ཆེན་པོས་ཐབས་ཤེས་བྱེད་དགོས་པ་མ་ཟད། ཁོང་ཚོའི་སློབ་སྦྱོང་ནི་ཤིན་ཏུ་གནད་གལ་ཆེན་པོ་ཡིན། བོད་ནང་ཡོད་པའི་བུ་ཕྲུག་ཚོ་རྒྱ་མིས་ཕ་མའི་ས་ནས་འཕྲོག་འཁྲིད་གུང་བྲན་གྱི་རིགས་སུ་གསོ་སྐྱོང་གིས་བོད་མི་ནང་པ་མིན་པ་ལྟ་བུར་བསྒྱུར་བ་ང་ཚོས་ཤེས་ཀྱི་ཡོད། བོད་ཕྲུག་ཚོས་རྒྱ་མིའི་ལྟ་སྤྱོད་དྭང་ལེན་མ་བྱས་པའི་སྐོར་གོང་དུ་བརྗོད་ཟིན་ཀྱང༌། གུང་བྲན་རིང་ལུགས་ཡུན་རིང་གནས་ན་བོད་ཕྲུག་ཆུང་ངུ་ཚོ་གུང་བྲན་གྱིས་གསོ་སྐྱོང་འོག་ན་ལོངས་སྐབས་སུ་ཡང་ཁོང་ཚོ་གུང་བྲན་དུ་མི་འགྱུར་སྙམ་པ་ཡང་དོན་མེད་རེད། དེར་བརྟེན་མི་རབས་རྗེས་མའི་སྐབས་དེང་དུས་རྒྱ་གར་ནང་ཡོད་པའི་བོད་ཕྲུག་ཚོ་གནད་གལ་ཆེན་པོར་འགྱུར་རྒྱུ་དང༌། ཁོང་ཚོ་ནི་ང་ཚོས་གཅེས་སྐྱོང་བྱ་འོས་པའི་ཆོས་སྤྱོད་ཞི་བའི་ས་བོན་ལྟ་བུར་འགྱུར་གྱི་རེད།

ད་ཕན་རི་འདབས་ས་ཁུལ་དུ་བོད་ཕྲུག་ཆིག་སྟོང་ཙམ་ལ་གཏན་སྡོད་སློབ་གྲྭ་བཙུགས་ཟིན་ཅིང༌། ད་དུང་བོད་ཕྲུག་ཡོངས་རྫོགས་ལ་སློབ་གྲྭ་འཛུགས་རྒྱུའི་གྲ་བསྒྲིགས་བྱེད་བཞིན་ཡོད། སློབ་གྲྭའི་ནང་བོད་ཕྲུག་ཚོའི་ལུས་འཚོ་གོང་རྒྱས་ཐོག། དངོས་འབྲེལ་བོད་མི་བཟང་པོར་འགྱུར་བཞིན་ཡོད་སྟབས་ཕ་མ་བཙན་བྱོལ་བ་ཚོས་ཀྱང་རང་གི་བུ་ཕྲུག་སློབ་གྲྭར་འཇོག་འདོད་ཆེན་པོ་འདུག སློབ་ཚན་གཙོ་བོར་བོད་ཡིག་དང༌། ཆོས། བོད་ཀྱི་རྒྱལ་རབས་ཡོད་པ་མ་ཟད། དབྱིན་ཡིག ཧིན་ཡིག། ཨང་རྩིས། འཛམ་གླིང་རྒྱས་བཤད། ཚན་རིག་བཅས་ཀྱང་སློབ་བཞིན་ཡོད།

སློབ་ལོ་མ་སོན་པའི་བུ་ཕྲུག་ཚོར་རྒྱ་གར་གྱི་གནམ་གཤིས་མ་འཕྲོད་པ་དང༌། བོད་དུ་མེད་པའི་ནད་རིགས་ཀྱི་དཀའ་ངལ་ཆེ་ཤོས་བྱུང༌། ཕ་མ་ཚོས་ཀྱང་བུ་ཕྲུག་ཚོར་བདག་གཅེས་ཇི་བཞིན་མ་ཐུབ་སྟབས་ངེད་རང་སྒེར་ནས་ཐད་ཀར་བལྟ་སྐྱོང་ཐོག རྒྱ་གར་གཞུང་ནས་དྷ་རམ་ས་ལར་ཁང་པ་གཉིས་གཡར་སྤྲོད་གནང་བ་དེར་བུ་གསོ་ཁང་ཞིག་བཙུགས་པར་ངེད་ཀྱི་གཅེན་མོ་ནས་འགན་འཁུར་བྱེད་བཅུག་ཅིང༌། དེ་ལ་བུ་ཕྲུག་བརྒྱད་བརྒྱ་སྐོར་འཕྲལ་དུ་སྐྱེལ་འབྱོར་བྱུང་སྟེ་རྗེས་འབྲས་མི་དམན་པ་བྱུང༌། གཅེན་མོ་དང༌། ཁོང་ལ་དྭང་བླངས་ཀྱིས་རོགས་བྱེད་མཁན་ཚོས་ཁྱིམ་ཚང་ཆེན་པོ་དེར་འཕྲལ་སེལ་དགོས་མཁོ་རྣམས་ཐབས་ཤེས་གོ་སྒྲིག་བྱས་པར་མཁོ་རྒུའི་ཆ་རྐྱེན་ཀུན་ཚང་གི་འདོད་དགུར་སྤྱོད་ཐབས་རེ་ཞིག་མ་མཆིས་ཀྱང༌། ཁོང་ཚོར་བྱམས་བརྩེས་གཅེས་སྐྱོང་དང༌། ལུས་འཚོ་གོང་རྒྱས་སུ་འགྱུར་ཐབས་གང་ཡོང་བྱེད་མུས་ཡིན། རྒན་པ་ཚོ་རིམ་བཞིན་སློབ་གྲྭ་གཞན་དག་ཏུ་བཏང་སྟེ་དེང་སྐབས་དྷ་རམ་ས་ལར་བོད་ཕྲུག་སུམ་བརྒྱ་སྐོར་ཡོད།

རྒྱ་གར་གཞུང་ནས་ཁོང་ཚོར་བཟའ་བཅའ་གནང་ཞིང༌། སྒེར་མི་གཞན་དག་དང༌། སྐྱོབ་གསོ་ཚོགས་པ་ཁག་ནས་རོགས་རམ་འདྲ་མིན་མང་པོ་བྱེད་ཀྱི་འདུག

ལས་དོན་འདི་རིགས་སྒྲུབ་པ་དང༌། སྲིད་གཞུང་གི་སྲོག་སྙིང་ཆུང་ངུ་ཞིག་ཉར་གཅེས་བྱེད་པའི་དོན་དུ་ ༡༩༥༠ ལོ་འབྲས་ལྗོངས་སུ་བཞག་པའི་གསེར་དང༌། དངུལ་ས་ཕག་རྣམས་ཕན་ཐོགས་ཆེན་པོ་བྱུང༌། དེ་རྣམས་རིན་བསྒྱུར་བྱས་ན་ཡང༌། ང་དང༌། ངའི་གཞུང་ནས་བཙན་བྱོལ་བོད་མི་དང༌། མ་འོངས་པའི་བོད་ཀྱི་དོན་དུ་དགོས་མཁོ་སྒྲུབ་དགོས་པ་ཡོངས་རྫོགས་ལྡེངས་པ་མེད། གནས་ཡུལ་འདྲ་མིན་གང་སར་འདི་སྣང་འཚོ་ཐབས་ལ་དོ་གལ་ཆེན་པོར་བཟུང་བ་ལྟར་ངེད་དང༌། བཙན་བྱོལ་བོད་མི་ཡོངས་རྫོགས་ནས་ང་ཚོའི་ཆོས་ལ་དོ་གལ་ཆེན་པོར་འཛིན་གྱི་ཡོད། ཆོས་ཀྱི་མཛད་སྒོ་རྣམས་བོད་དུ་ཡོད་པ་ལྟར་བྱེད་ཀྱི་ཡོད་ཀྱང༌། གྲ་རྒྱས་ཕུན་སུམ་ཚོགས་པ་ནི་འབྱུང་མི་ཐུབ། སྔར་ཕན་དེ་གྲས་ཧ་ཅང་གྲ་རྒྱས་ཆེས་དྲགས་པས་ད་ཆ་ཅུང་ཟད་འཁུ་བསྡུ་བྱས་ན་ཡང་ལེགས་པ་མེད་དམ་སྙམ། ངེད་ནས་རང་གི་ཆོས་ཀྱི་སློབ་སྦྱོང་མུ་མཐུད་ཀྱིས་བྱེད་བཞིན་ཡོད་པའི་ཁར། དེང་དུས་འཛམ་གླིང་གི་གནས་ལུགས་རྣམས་རྟོགས་ཆེད་དབྱིན་ཡིག་ལའང་སྦྱང་བརྩོན་གང་ཐུབ་བྱེད་ཀྱི་ཡོད། དེ་སྔོན་རྒྱ་གར་དུ་ཡོང་སྐབས་སྲིད་དོན་རྐྱེན་དབང་གིས་གནས་སྐོར་འཕྲོ་ལུས་གྱུར་པ་ཚོར་ད་ལམ་མཇལ་བསྐྱོད་བྱས་པ་མ་ཟད། ཡེ་ཤུ། ཧིན་དུ། འཇེན་སོགས་ཀྱི་ལྷ་ཁང་འགའ་ཤས་སུ་ཕྱིན་པ་དང༌། ཆོས་ལུགས་གཞན་གྱི་མི་སྣ་འགའ་ཞིག་དང་གླེང་མོལ་སྐབས་ཚང་མར་མཐུན་ཕྱོགས་ཀྱི་གཞི་རྟེན་ཞིག་ཡོད་པ་དེར་དགའ་བོ་བྱུང༌། རྡོར་གདན་དང༌། ཝར་ཎར་གནས་མཇལ་སྐབས་བོད་ཀྱི་གྲྭ་རིགས་བརྒྱ་དང་དྲུག་ཅུ་རེ་གཉིས་བསྙེན་རྫོགས་སུ་བསྒྲུབས། དེ་ནི་ངེད་ནས་བསྙེན་རྫོགས་བྱེད་པའི་ཐོག་མ་ཡིན། དེང་དུས་བོད་ནང་སངས་རྒྱས་ཀྱིས་གསུངས་པའི་ཆོས་ལ་དམའ་འབེབས་སྐྱོན་འཛུགས་བྱེད་པའི་སྐབས་འདིར་སངས་རྒྱས་སྐུ་དངོས་ཀྱིས་ཆོས་གསུངས་པའི་གནས་ཡུལ་དེར་ངེད་ནས་བསྙེན་རྫོགས་སྡོམ་སྤེལ་བྱས་པ་དེ་ནི་ཤིན་ཏུ་སྐལ་བ་བཟང་པོ་ཡིན་པར་བསམ་བྱུང༌།

དེ་ལྟར་མཛའ་གྲོགས་མང་པོའི་རོགས་རམ་ལ་བརྟེན་ནས་ངེད་དང་མཉམ་དུ་ཐར་བྲོས་ཐུབ་པ་ཚོའི་འཚོ་ཐབས་འགྲིགས་ཙམ་བྱུང་ན་ཡང༌། བོད་མི་ཕལ་ཆེ་བ་དུས་ཐོག་ཏུ་ཐར་བྲོས་མ་ཐུབ་པས་ད་ཆ་བྲོས་པའི་གོ་སྐབས་བྲལ་ཏེ། ཧི་མ་ལ་ཡའི་རྒྱབ་ཕྱོགས་ཀྱི་བོད་ནི་ཤིན་ཏུ་ཉམ་ང་ཞིང༌། བཀྲེས་སྐོམ་གྱིས་མནར་བའི་བཙོན་ར་ལྟ་བུར་གྱུར། ངེད་ནས་ཁོང་ཚོའི་གནས་ལུགས་བརྗེད་དུ་མི་འཇུག་པ་ཙམ་ལས་ཐབས་གཞན་མེད། བོད་ས་ཐག་རིང་ཞིང༌། ཡུལ་ཁག་གཞན་དག་ཚོར་ཡང་ཁོང་རང་ཚོའི་དཀའ་ངལ་སེལ་རྒྱུ་དང༌། འཇིགས་ཟོན་བྱེད་དགོས་པ་ཡོད་གཤིས། བོད་ཀྱི་གནས་ཚུལ་ནི་ལོ་རྒྱུས་ཙམ་དུ་ལུས་ཀྱི་རེད་བསམ་མཁན་ཡོང་སྲིད་ཀྱང༌། བོད་ནི་འཛམ་གླིང་འདི་རང་གི་ཐོག་ཏུ་ཡོད་ཅིང༌། བོད་པ་ཚོ་ཡང་འགྲོ་བ་བློ་ཡི་རྣམ་དཔྱོད་དང་ལྡན་པའི་ཚད་ལོང་གི་མིའི་རིགས་ཤིག་ཡིན་པ་མ་ཟད། བོད་རིགས་རང་ལ་ཡང་ཤེས་རིག་ཀུན་སྤྱོད་བཟང་ལ་མང་བ་ཡོད། ཁོང་ཚོར་སྡུག་བསྔལ་ཇི་བྱུང་ཡང་ཤེས་ཐུབ། དམག་ཆེན་གཉིས་པའི་རྗེས་སུ་མི་རིགས་སུ་ཞིག་ལ་ཡང་འདི་འདྲའི་དཀའ་སྡུག་བྱུང་ཨེ་ཡོད་སྙམ་ཞིང༌། ད་དུང་དཀའ་སྡུག་དེའི་རྒྱུན་མ་ཆད་པར་ཉིན་རེ་བཞིན་མུ་མཐུད་ཅིང་ཡོད་པ་རེད། རྒྱ་མི་ང་ཚོའི་ཡུལ་ནས་ཕྱིར་ལོག་མ་བྱས་བར་རམ། ཡང་ན། བོད་མི་རིགས་ཆོས་ལུགས་དང་བཅས་རྩ་མེད་དུ་མ་ཕྱིན་བར་སྡུག་བསྔལ་དེ་དག་རྒྱུན་ཆད་མེད་པར་སྡོད་ཀྱི་རེད། དེར་བརྟེན་ང་ཚོ་བོད་ཀྱི་གནད་དོན་འདི་དག་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུ་འབོད་ཀྱིས་འཛམ་གླིང་མི་མང་ལ་དྲན་བསྐུལ་དུས་རྟག་ཏུ་བྱེད་བཞིན་ཡོད།

ལས་དོན་འདི་དག་ཇི་ལྟ་བུར་སྒྲུབ་དགོས་ངེད་རང་ནས་ཇི་བཞིན་མི་ཤེས་པ་མ་ཟད། བོད་མི་བསམ་གྲོས་འདོན་མཁན་ཚོས་ཀྱང་ཤེས་པ་དཀའ། ཐོག་མར་རྒྱ་གར་གཞུང་ནས་དེ་ལྟར་མ་བྱེད་ཅེས་སློབ་སྟོན་བྱུང་ཡང༌། ངེད་ནས་ལྡི་ལིར་ཆེད་བསྐྱོད་ཐོག་གཞུང་དང༌། རྒྱལ་ཁབ་གཞན་དག་གི་སྐུ་ཚབ་མང་པོར་གོ་བསྡུར་བྱས་པ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་ཨར་ལན་ཌ་དང༌། མ་ལ་ཡ་ནས་ང་ཚོའི་སྙན་ཞུ་མཉམ་འབྲེལ་རྒྱལ་ཚོགས་ནང་ཞུ་བསྐུལ་གནང་ཞིང༌། ༡༩༥༩ ལོ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐེངས་བཅུ་བཞི་པའི་གོང་དུ་རྒྱུན་ལས་ཚོགས་འདུར་དེ་སྐོར་ཚོགས་ཆེན་ནས་གོ་བསྡུར་བྱེད་འོས་ཡོད་མེད་འོས་ཐོ་བསྡུས་པར་རྒྱབ་སྐྱོར་བཅུ་གཅིག་དང༌། ངོ་རྒོལ་ལྔ། བར་གནས་བཞི་བཅས་བྱུང༌། རུ་སུའི་སྐུ་ཚབ་ནས་ཚོགས་འདུའི་སྒྲིགས་ཁྲིམས་ལ་སྐྱོན་འཛུགས་དང༌། ཅེ་ཀོ་སེ་ལ་ཝ་ཀའི་སྐུ་ཚབ་པས་འོས་ཐོ་བསྐྱར་བསྡུ་དགོས་ལུགས་བརྗོད་པར། རྒྱབ་སྐྱོར་བཅུ་གཉིས་བྱུང་ཞིང༌། ངོ་རྒོལ་བྱེད་མཁན་མ་བྱུང༌། བར་གནས་དྲུག་བཅས་བྱུང་འདུག

དེར་བརྟེན་གནད་དོན་དེ་དག་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་དུ་གོ་བསྡུར་གྱིས་འོག་ཏུ་བཀོད་པའི་གྲོས་ཆོད་ལ་མོས་མཐུན་བྱས་འདུག ་གྲོས་ཆོད་དེར་རྒྱབ་སྐྱོར་བྱེད་མཁན་བཞི་བཅུ་ཞེ་ལྔ་དང༌། ངོ་རྒོལ་དགུ། བར་གནས་ཉི་ཤུ་རྩ་དྲུག་བཅས་བྱུང་འདུག ་རྒྱལ་སྤྱིའི་བསམ་ཚུལ་དེར་རྒྱ་མིས་བརྩི་འཇོག་ཕྲན་བུ་བྱེད་པའི་རེ་བ་བྱུང་ཡང༌། གྲོས་ཆོད་དེས་མངོན་གསལ་ཅན་གྱི་ནུས་པ་གང་ཡང་མ་ཐོན། ཁྲིམས་འགལ་གྱི་བྱ་སྤྱོད་མཚམས་གཅོད་ཐུབ་མིན་ཇི་ལྟར་ཡང༌། དེ་ལ་ངོ་རྒོལ་བྱེད་པ་ནི་འོས་ཤིང་འཚམས་པ་ཡིན། རྒྱལ་ཁབ་ཆེས་མང་པོས་ང་ཚོའི་ཞུ་དོན་ལ་རྒྱབ་སྐྱོར་བྱས་པར་བརྟེན་ང་ཚོར་བློ་སྤོབས་ཆེ་སྐྱེས་བྱུང༌། ང་ཚོའི་གནད་དོན་གྲང་དམག་ཁོངས་སུ་ངོས་འཛིན་བྱེད་པ་ནི་བློ་ཕམ་གྱི་རང་བཞིན་ཞིག་རེད། ད་ལྟའི་འཛམ་གླིང་གི་གནས་ཚུལ་འདིར་དེ་ལྟར་མ་བྱུང་ཐབས་མེད་ཀྱང༌། དངོས་འབྲེལ་བྱས་ན་དེ་ལྟར་མེད་ན་ལེགས། གཞི་རྩའི་གནས་ཚུལ་ལ་གཞིགས་ན། བོད་དུ་བཙན་འཛུལ་བྱེད་པ་འདི་དག་རྒྱ་དམར་གཅིག་པུ་མ་ཡིན་པར་རྒྱ་མིའི་སྲིད་གཞུང་གོང་མ་ཚོས་ཀྱང་བཙན་འཛུལ་དང༌། བཙན་འཛུལ་བྱེད་ཐབས་བྱས་འདུག། ༡༩༣༠ ལོ་གོ་མིན་ཏང་གཞུང་གིས་དོན་འབྲས་མ་སྨིན་པའི་ཐབས་ཤེས་ཤིག་བྱས། རྒྱ་ནག་དམར་པོའི་འོག་ཚུད་རྗེས་བཙན་འཛུལ་དེ་དག་སྲ་མཁྲེགས་ཅན་དང༌། ནུས་ལྡན། བོད་མིའི་འདོད་བློར་མ་འཚམས་པ་ཇེ་ཆེར་ཕྱིན་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ནང་དམར་པོའི་ཡུལ་ཁག་གཞན་དག་ནས་རྒྱ་མིའི་བྱ་སྤྱོད་ལ་འདོད་བབས་བྱུང་བའི་ཡིད་ཆེས་མེད་ན་ཡང༌། རྒྱ་མི་དམར་པོར་རྒྱབ་སྐྱོར་མི་བྱེད་མཐུ་མེད་དུ་གྱུར། གྲོས་ཆོད་དེར་རྒྱབ་སྐྱོར་འབོར་ཆེ་ཐོབ་པ་དེས་ངེད་རང་དགའ་སྤྲོ་ཆེན་པོ་བྱུང་ན་ཡང༌། དེས་ཆོག་ཤེས་བསྟེན་ཐབས་མེད། གྲོས་ཆོད་དེ་དག་གཏན་འབེབས་སྐབས་རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་ཚོགས་པའི་སྙན་ཞུ་གཉིས་ཐོན་མེད་སྟབས། རྒྱལ་ཚོགས་འཐུས་མི་ཚོས་རྒྱ་མིའི་བྱ་སྤྱོད་མ་རུངས་པ་ཡོངས་རྫོགས་གསལ་རྟོགས་བྱུང་མེད་པའི་ཁར། རྒྱལ་སྤྱིའི་ཁྲིམས་དོན་རྟོག་ཞིབ་ཚོགས་པས་བོད་དུ་མི་རིགས་རྩ་མེད་ཀྱི་ཁྲིམས་འགལ་བྱུང་བར་ངོས་འཛིན་བྱས་ལུགས་ཀྱང་གསལ་ཤེས་ཡོད་པ་མ་རེད།

༡༩༦༠ ལོ་ཨ་ཕ་རི་ཨེ་ཤན་ཚོགས་པ་ནས་ཕན་ནུས་ཆེན་པོའི་གྲོགས་རམ་གྱིས་དོན་གནད་འདི་དག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་གཞིར་ཚུད་ཅིང༌། སྐབས་དེར་ཞུ་བསྐུལ་གནང་མཁན་མ་ལ་ཡ་དང༌། ཐའི་ལན་ཡིན། རྗེས་སུ་ཨར་ལན་ཌ་དང༌། ཨལ་སལ་བ་ཀྲོར་ནས་ཀྱང་མཉམ་གྲོགས་བྱས་པ་རེད། འོན་ཀྱང༌། ཚོགས་འདུ་དེ་སྐབས་ཨ་ཕ་རི་ཀའི་གནས་ཚུལ་ཛ་གལ་ཆེན་པོར་གྱུར་ཏེ་བོད་དོན་གླེང་གྲོས་མ་བྱུང་གོང་ཚོགས་ཆེན་གྲོལ་དུས་སུ་གཏུགས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ནི་དཀའ་སྡུག་མྱོང་བའི་ཡུལ་ཁག་གི་རེ་ལྟོས་བྱེད་ཡུལ་ཙམ་མ་ཟད། འཛམ་གླིང་རང་གི་རེ་དོན་སྒྲུབ་པའི་གཞི་རྩ་ཡང་ཡིན་པར་བརྟེན། ང་ཚོའི་གནད་དོན་འདི་དག་མཉམ་འབྲེལ་རྒྱལ་ཚོགས་སུ་མ་བརླག་གསོན་གནས་ཡོང་བའི་ཐབས་ཤེས་མུ་མཐུད་བྱེད་བཞིན་ཡོད། བོད་མི་ཚོས་རྒྱ་མི་དམར་བོའི་འོག་ཏུ་སྡོད་འདོད་གཏན་ནས་མེད་པ་ངེད་ནས་གསལ་པོར་ཤེས་རྟོགས་ཡོད་སྟབས་ཕྱི་རྒྱལ་ཚོར་བོད་དམར་པོའི་འོག་ཏུ་སྡོད་རྒྱུའི་ཁས་ལེན་བྱེད་པའི་ཡིད་ཆེས་ནམ་ཡང་སྐྱེ་རུ་འཇུག་འདོད་མེད་དོ། །

གང་ཡང་བོད་སྔར་བཞིན་གནས་ཐབས་མེད་ལ་ང་ཚོར་དེ་ལྟར་གནས་འདོད་ཀྱང་མེད། ཡང་བསྐྱར་འཛམ་གླིང་ལས་ལོགས་སུ་སྡོད་མི་ཐུབ་ལ། སྔར་གྱི་སྒེར་གཞིས་ཀྱི་གནས་སྟངས་དེར་ཡང་འགྲོ་མི་ཐུབ། རྒྱ་མིས་འགོག་རྐྱེན་མ་བྱས་གོང་ངེད་ནས་བཅོས་བསྒྱུར་བྱེད་རྩིས་སྐོར་གོང་དུ་བརྗོད་ཟིན། དེང་དུས་ངེད་སྐྱབས་བཅོལ་དུ་གནས་སྡོད་སྐབས་འདིར་ཁྲིམས་ལུགས་མཁས་པའི་གྲོགས་རམ་ལ་བརྟེན་ནས་སྟོན་པ་སངས་རྒྱས་ཀྱིས་ལེགས་པར་གསུངས་པའི་དམ་པའི་ཆོས་དང༌། འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་ཀྱི་རྩ་དོན་གཞིར་བཟུང་བོད་ཀྱི་དམངས་གཙོའི་རྩ་ཁྲིམས་གསར་པའི་ཟིན་བྲིས་ཤིག་བཟོས་ཏེ་བཅོས་བསྒྱུར་བྱེད་ཐབས་ལག་ལེན་བྱེད་བཞིན་ཡོད། ལས་དོན་དེ་དག་ད་ལྟ་ཡོངས་རྫོགས་མ་ཟིན་པ་ཟིན་འཕྲལ་དེ་སྐོར་རྒྱལ་སྤྱིའི་མཁས་པའི་ཚོགས་སྡེ་ཞིག་ལ་སྟོན་ཞིབ་རྗེས་སྐྱབས་བཅོལ་དུ་ཡོད་པའི་བོད་མི་ཚོ་དང༌། བོད་ནང་གི་ངའི་མི་མང་ཚོར་གང་ཐུབ་སྟོན་འགྲེམས་བྱེད་རྩིས་ཡིན། དེ་ནས་ངའི་མི་མང་གི་སྐུ་ཚབ་ཚོགས་འདུ་ཞིག་འདེམས་བསྐོའི་ཐོག། ང་ཚོས་རེ་འདོད་བྱེད་པའི་རང་དབང་གི་ཡུལ་དེའི་དོན་དུ་གནས་སྐབས་ཀྱི་རྩ་ཁྲིམས་ཤིག་གཏན་འབེབས་བྱེད་པའི་རེ་འདུན་ཡོད།

ཕྲན་གྱི་བསམ་པར་གྲོས་ཚོགས་གཅིག་འཛུགས་འདོད་ཡོད་ཅིང༌། གྲོས་ཚོགས་དེའི་ནང་མི་མང་གི་སྐུ་ཚབ་ཆ་ཚང་ཡོད་དགོས་པ་མ་ཟད། དགོས་མཁོ་དམིགས་བསལ་གྱི་སྐུ་ཚབ་ཀྱང་ཡོད་དགོས། ཁྲིམས་ལུགས་གསར་བཟོའི་རིགས་ལ་འཐུས་མི་མང་བས་མོས་ཤོག་ཐོབ་དགོས་ཤིང༌། རྩ་ཁྲིམས་བཟོ་བཅོས་རིགས་ལ་འཐུས་མི་བཞི་ཆ་གསུམ་གྱི་མོས་ཤོག་ཐོབ་དགོས། འདེམས་བསྐོ་བྱེད་སྐབས་གྲྭ་རིགས་ཐེ་བའི་ཡོངས་ཁྱབ་ལོ་ཚད་ལོན་པ་རྣམས་ནས་བྱེད་དགོས་ཤིང༌། ང་ཚོ་མི་འབོར་མི་ཆེ་ཞིང༌། མི་མང་བློ་རིག་བཀྲ་བ་ཡོད་སྟབས་བྱེད་ཐབས་འདི་ལ་བོད་ནང་དཀའ་ངལ་ཡོང་གི་མ་རེད། སྔར་ཕན་ང་ཚོའི་མི་མང་ཚོས་སྲིད་དོན་རིགས་ལ་དོ་སྣང་བྱེད་མྱོང་བ་མ་ཟད། ཉེ་ཆར་ལོ་བཅུའི་རིང་ཁོང་ཚོའི་བསམ་ཚུལ་མང་པོ་འདོན་དགོས་བྱུང་བ་རེད།

སྔ་དུས་ནས་བོད་དུ་ཆིག་སྒྲིལ་གྱི་རྒྱལ་ཁབ་ཅིག་ཆགས་ཤིང༌། དེང་དུས་བོད་གཞུང་དང༌། མི་མང་གནས་ཚུལ་གསར་པ་ཞིག་ཐོག་སླེབས་ཡོད་སྟབས་དབུས་གཞུང་གི་ནུས་ཤུགས་ཆེ་ཙམ་ཞིག་ངེས་པར་ཡོད་དགོས། དངོས་ཤུགས་ཅི་རིགས་ནས་ཕན་ཚུན་མི་མཐུན་པ་འབྱུང་གཞིའི་ཤོག་ཁག་གསར་པ་བཟོ་རྒྱུ་དེར་འདོད་བབས་མེད།

དེར་བརྟེན་ཏཱ་ལའི་བླ་མས་བཀའ་བློན་ཚོ་འདེམས་བསྐོ་བྱེད་རྒྱུ་དང༌། ཁོང་ཚོར་གྲོས་ཚོགས་ནང་འོས་ཤོག་འཕེན་པའི་ཐོབ་ཐང་མེད་ཀྱང༌། གླེང་མོལ་བྱེད་པའི་ཐོབ་ཐང་ཡོད། བཀའ་བློན་ཕྱིར་འཐེན་བྱེད་འོས་རིགས་ལ་གྲོས་ཚོགས་ནས་རེ་འདུན་བཏོན་ཆོག་ཅིང༌། དེ་ལ་ཏཱ་ལའི་བླ་མས་མོས་མཐུན་མ་བྱུང་ན དེ་སྐོར་ཁྲིམས་ཁང་མཐོ་ཤོས་ཀྱི་བསམ་ཚུལ་ལ་གཉིས་ཀས་བློ་མོས་བྱེད་དགོས།

བཀའ་ཤག་ལ་ཇི་ཡོད་ཀྱི་སྲུང་སྐྱོབ་དང་ལྡན་པའི་ཁྲིམས་ཁང་མཐོ་ཤོས་བསྐོ་འཛུགས་བྱེད་རྒྱུ། བཅའ་ཁྲིམས་དང༌། ཁྲིམས་ཁང་གི་འགྲོ་ལུགས་རྩ་ཁྲིམས་སུ་འཁོད་རྒྱུ་ལྟར། རྒྱལ་ཁབ་ཀྱི་ཁེ་ཕན་ཆེ་ཤོས་ཀྱི་དོན་དུ་ཏཱ་ལའི་བླ་མའི་མཚན་དབང་ཕྱིར་འཐེན་བྱེད་འོས་བྱེད་རྒྱུ།

ཏཱ་ལའི་བླ་མ་ཆུང་སྲིད་ཀྱི་སྐབས་སམ། གཤེགས་ཤུལ། ལས་དོན་མི་འཕེར་བ། རྒྱུ་མཚན་གཞན་དག་ལ་བརྟེན་ནས་དབང་ཆ་བཤོལ་བ་བཅས་ཀྱི་རིང༌། གྲོས་ཚོགས་འཐུས་མི་གསུམ་གཉིས་ཀྱི་མོས་ཤོག་ཐོབ་པའི་མི་གྲངས་གསུམ་ནས་ལྔ་བར་ཡོད་པའི་རྒྱལ་ཚབ་ལྷན་ཚོགས་ཤིག་བཙུགས་ཏེ་ཁོང་ཚོས་ཏཱ་ལའི་བླ་མའི་ལས་ཚབ་བྱེད་དགོས།

རྩ་ཁྲིམས་འདི་དང༌། འབྲེལ་ཡོད་ཀྱི་རྩ་དོན་རྣམས་དེང་སྐབས་ཞིབ་འགོད་བྱེད་བཞིན་ཡོད་ཀྱང༌། མཐའ་མའི་གཏན་འབེབས་ཡོང་རྒྱུར་དུས་ཐག་རིང་ཙམ་འགོར་རྒྱུ་མ་ཟད། སྙིང་དོན་མདོར་བསྡུས་བཏོན་པ་དེ་ལ་ཡང་འགྱུར་བ་ཡོང་སྲིད།

ད་དུང་བྱེད་རྒྱུ་མང་པོ་བསྡད་ཡོད། བོད་ཀྱི་མི་མང་ཚོས་རང་གི་བསམ་ཚུལ་གང་ཡོད་འདོན་དགོས། སྲིད་གཞུང་ནི་མི་མང་གི་རེ་འདོད་དང༌། གྲོགས་རམ་ལ་བརྟེན་དགོས་པའི་ཡིད་ཆེས་ཡོད། ངཻད་རང་ནས་མི་མང་གི་རེ་འདོད་སྒྲུབ་རྒྱུ་ལས། དབང་ཆ་དང༌། རྒྱུ་ནོར་གྱི་འདོད་པ་གང་ཡང་མེད། ང་ཚོ་ཐུན་མོང་ནས་ཆོས་ཀྱི་ལམ་སྟོན་དང་འབྲེལ་བའི་བསམ་ཚུལ་དེ་ལྟ་བུ་བཟུང་ན་དཀའ་ངལ་ཡོངས་སུ་སེལ་ཏེ་དེང་དུས་ཀྱི་འཛམ་གླིང་འདིའི་ཐོག་གནས་པའི་བོད་གསར་པ་དེར་སྔར་ཕན་བོད་ལོགས་སུ་སྡོད་པའི་གནས་སྐབས་ལྟ་བུའི་བདེ་སྐྱིད་ཀྱི་འཚོ་བ་ལྷག་དང་བཅས་པ་ལོངས་སུ་སྤྱོད་ཐུབ་རྒྱུར་ཐེ་ཚོམ་མེད། དེ་རྣམས་ནི་མ་འོངས་པའི་གནས་ཚུལ་ཡིན། འདས་པའི་གནས་ཚུལ་ལ་གཞིགས་ན་འཚེ་མེད་ཞི་བའི་ལག་ལེན་མཐའ་འཁྱོངས་བྱས་པ་དེར་བློ་འགྱོད་ཆ་ཙམ་མེད། ང་ཚོས་ཆོས་བཞིན་སྤྱོད་དགོས་པ་གལ་གནད་ཆེ་ཤོས་ཡིན་སྟབས་སྲིད་བྱུས་དེ་ལས་གཞན་དུ་བསྒྱུར་ཐབས་མེད་ཅིང༌། མི་མང་ནས་ངེད་དང་མཉམ་དུ་སྲིད་བྱུས་འདི་རང་ལག་ལེན་བྱས་ཡོད་ན་ད་ལྟའི་གནས་ཚུལ་ལས་ལེགས་ཙམ་འབྱུང་སྲིད། ང་ཚོའི་གནས་ཚུལ་ནི་འགལ་ཉེས་མེད་པའི་མི་ཞིག་སྐོར་སྲུང་དམག་མིས་འཛིན་བཟུང་བྱས་པ་ལྟ་བུ་ཡིན། མི་དེ་ནུས་ཤུགས་ཆེན་པོ་ཞིག་དང་ཐུག་ཡོད་སྟབས་དེས་རྒོལ་རྩོད་བྱས་ཀྱང་འཕྲལ་དུ་ཐར་བ་དཀའ། དེ་བས་ཁ་རོག་ཏུ་ཕྱིན་ཏེ་དྲང་བདེན་གྱི་ཁུངས་སྐྱེལ་བྱས་ན་མཐར་ཐུག་ལེགས་པ་ཡོང་རྒྱུ་ཡང༌། བོད་ནང་དེ་ལྟར་བྱེད་མ་ཐུབ། ངའི་མི་མང་ནས་རྒྱ་མིའམ། ཁོང་ཚོའི་ལྟ་སྤྱོད་བཟོད་འཁུར་མི་ཐུབ་པའི་ཐོག ་རྒོལ་རྩོད་བྱེད་པའི་བསམ་ཚུལ་ལྡོག་དཀའ་བར་གྱུར་པ་རེད།

ང་ཚོའི་ཡུལ་ནང་རྒྱ་མི་ནས་ཆེས་མ་རུངས་པའི་སྤྱོད་ཚུལ་ངན་པ་ཇི་སྙེད་ལག་ལེན་བྱས་ཡོད་ཀྱང༌། རང་ངོས་ནས་རྒྱ་རིགས་མི་མང་ལ་གདུག་སེམས་འཛིན་གྱི་མེད་ཅིང༌། མི་རེ་ཟུང་གི་བྱ་སྤྱོད་སྐོར་རྒྱལ་ཁབ་དང༌། མི་རིགས་ཤིག་ལ་ཁ་གཡོགས་བྱེད་པ་ནི་སྔ་བར་ཕྱི་གསུམ་མི་འོས་པའི་བྱ་བཞག་ཡིན་པ་མ་ཟད། ཉེན་ཁ་ཡོད་པ་ཞིག་རེད། རྒྱ་རིགས་ནང་མི་བཟང་པོའི་གྲས་མང་པོ་ཡོད་པ་གོ་རྟོགས་ཡོད་ཅིང༌། དེ་ལྟར་རྒྱ་རིགས་ནང་ཆེས་བཟང་པོ་དང༌། ཆེས་ངན་པ་གཉིས་འཛོམས་དེ་ལྟ་བུ་འཛམ་གླིང་ནའང་ཨེ་ཡོད་སྙམ་པ་ཡང་བྱུང༌། དམར་པོའི་རིང་ལུགས་སམ། རྒྱ་ནག་ནི་ང་ཚོའི་དགྲ་མ་ཡིན་ཞིང༌། ང་ཚོའི་དགྲ་ནི་རྒྱ་མི་དམར་པོ་འགའ་ཤས་ཤིག་ཡིན། བོད་ནང་གི་སྤྱོད་ཚུལ་ཐབས་རྡུགས་དེ་དག་ནི་སྲོག་གཅོད་ཀྱི་དབང་ཆ་ཡོད་པའི་དྲེགས་པས་མྱོས་པའི་རྒྱ་རིགས་དམའ་ཤོས་ཀྱི་དམར་པོའི་ཏང་མི་དང༌། དམག་མི་ཉུང་ཤས་ཤིག་གིས་བྱས་པ་ཡིན། ཁོང་ཚོའི་བྱ་སྤྱོད་ཇི་ལྟ་བ་རྒྱ་རིགས་ཕལ་མོ་ཆེས་ཤེས་ན་ཤིན་ཏུ་ངོ་ཚ་བའི་རང་བཞིན་ཡང༌། དེ་ལྟར་ཤེས་ཐབས་ཡོད་པ་མ་རེད། ཁོང་ཚོས་ཁྲིམས་འགལ་ཇི་བྱས་ཀྱི་ལན་དུ་ང་ཚོས་ཀྱང་དེ་བཞིན་ཁྲིམས་འགལ་བྱེད་མི་རུང༌། ང་ཚོས་ལས་རྒྱུ་འབྲས་ལ་ཡིད་ཆེས་ཀྱི་ཁོང་ཚོ་སྐྱེ་བ་གཞན་དུ་མི་བཟད་པའི་ངན་འགྲོར་མ་བྱིང་བར་གཏན་བདེར་འགོད་པའི་གྲོགས་ཕན་སྒྲུབ་དགོས་པ་ངེད་ཅག་གི་ལས་འཁུར་ཡིན། རྒྱ་མིའི་དམར་པོའི་རིང་ལུགས་ད་ཕན་ལོ་བཅུ་གཉིས་ཙམ་གནས་པ་དང༌། ང་ཚོའི་སངས་རྒྱས་ཀྱི་བསྟན་པ་ནི་མི་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་ཙམ་གནས་ཟིན་ཅིང༌། ད་དུང་གནས་ཡུན་ལོ་ངོ་བརྒྱ་ཕྲག་ཉི་ཤུ་བརྒལ་བ་ཡོད་པ་བསྟན་པའི་གནས་ཚད་སངས་རྒྱས་རང་ཉིད་ཀྱིས་བཀའ་བཞེས་གནང་བ་ནས་ཤེས་ཐུབ།

དེང་དུས་དྲག་ཆས་ཀྱི་ནུས་ཤུགས་ཤིན་ཏུ་ཆེ་བའི་གནས་སྐབས་འདིར། སྐྱེ་བོ་ཕོ་མོ་མཆོག་དམན་རང་རང་ཁྱིམ་ཚང་གི་འཚོ་ཐབས་ཕུན་སུམ་ཚོགས་པ་རྣམས་ནི་དེ་དག་ཡུན་གནས་ཡོང་བ་དང༌། བུ་ཕྲུག་རྣམས་བདེ་སྐྱིད་ངང་འཚར་ལོངས་ཐུབ་པའི་རེ་སྨོན་བྱེད་རྒྱུ་ཙམ་ལས་མེད་ཅིང༌། གལ་ཏེ་རང་རེ་ལྟ་བུར་ཁྱིམ་ཚང་སྟོར་བཤིགས་གྱུར་པ་རྣམས་ནི་རེ་སྨོན་དེ་བས་ཆེ་ཙམ་བྱེད་དགོས། སྙིང་པོ་མི་ཚང་མར་ཡིད་ཀྱི་བདེ་བ་ཐོབ་དགོས་པ་དེ་ཡིན། ངེད་ནས་བོད་མི་ཚོའི་སྙིང་སྟོབས་དང༌། འགྲོ་བ་ཡོངས་ཀྱི་སྙིང་ལ་གནས་པའི་དྲང་བདེན་ལ་དགའ་བའི་ནུས་པ་མཆོག་གསུམ་གྱི་ཐུགས་རྗེ་བྱིན་རླབས་བཅས་ལ་རེ་སྨོན་དང༌། ཡིད་ཆེས་བྱེད་བཞིན་ཡོད།། །།