ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།

༄༅། །དེ་ནས་ང་ཚོའི་འགྲིམ་འགྲུལ་དེ་དག་སྔར་ལས་སྐྱོ་སྣང་ཆེ་བའི་ངང་དུ་ཕྱིན། ཁོ་བོ་རང་ཉིད་ལོ་ན་གཞོན་ཞིང༌། ལུས་སྟོབས་གང་ལེགས་ཡོད་ཀྱང༌། འགྲུལ་གྲོགས་ལོ་ན་རྒན་པ་ཚོ་འགྲིམ་འགྲུལ་རིང་པོ་དང༌། མྱུར་བསྐྱོད་བྱ་དགོས་ཀྱིས་དཀའ་ཚེགས་ཆེན་པོ་བྱུང༌། ལམ་ཐག་ནི་ད་དུང་རིང་མང་བགྲོད་རྒྱུར་བསྡད་ཡོད། ངེད་ཅག་རྣམས་འཕྱོངས་རྒྱས་རི་བོ་བདེ་ཆེན་ནས་མ་ཐོན་གོང་བསྟན་སྲུང་འཇབ་དམག་གི་འགོ་བྱེད་འགའ་ཤས་ཐུག་འཕྲད་ཀྱིས་གླེང་མོལ་བྱུང་དོན། ཁོང་ཚོས་རྒྱལ་བསྟན། ཆབ་སྲིད། སྐྱེ་འགྲོའི་རང་དབང་གི་དོན་དུ་རང་སྲོག་འདོར་ནུས་ཀྱི་དྲག་པོའི་ངོ་རྒོལ་མུ་མཐུད་ཀྱིས་བྱེད་པའི་སྙིང་སྟོབས་ལ་བསྔགས་བརྗོད་བྱེད་འོས་པར་མཐོང་ཞིང༌།ཁོང་ཚོའི་དཔའ་ངར་དང༌། སྙིང་སྟོབས། ངོས་རང་སྲུང་སྐྱོབ་བྱས་པ་བཅས་ལ་ཐུགས་རྗེ་ཆེ་བརྗོད་པ་མ་ཟད། དེ་སྔོན་གཞུང་གི་བཀའ་རྒྱ་ཁག་ནང་ཁོང་ཚོར་ལོག་སྤྱོད་པ་དང༌། ཇག་པ་ཞེས་མིང་འབོད་བྱས་པ་དེ་དག་ཀྱང་རྒྱ་མིའི་བཀོད་དབང་དུ་གྱུར་པར་སེམས་འཛིན་མི་འོས་པའི་གནས་ལུགས་ཀྱང་ཞོར་འཕྲོས་སུ་བརྗོད་པ་ཡིན། དེ་སྐབས་ཁོང་ཚོས་རང་གི་ཕ་ཁྱིམ་དང༌། ཞི་དུལ་དལ་སྐྱིད་ཀྱི་འཚོ་བ་སོགས་ཞི་བདེར་སྤྱོད་པའི་ཁེ་ཕན་ཚང་མ་རྒྱ་མིར་ངོ་རྒོལ་གྱི་ཆེད་དུ་བློས་བཏང་ཟིན་པར་བརྟེན་ཁོ་བོས་ངོ་རྒོལ་ཟིང་འཁྲུག་མ་བྱེད་ཅེས་སློབ་སྟོན་བྱ་རྒྱུ་དུས་ལས་ཡོལ་ཞིང༌། ཁོང་རང་ཚོས་ཀྱང་མུ་མཐུད་དུ་དམག་འཐབ་བྱ་རྒྱུ་ཁོ་ན་མ་གཏོགས་ཐབས་གཞན་མེད་པར་མཐོང་ན་ཡང༌། ཁོང་ཚོའི་གནས་ཡུལ་རི་བརྒྱུད་ཁག་རང་སྲུང་མི་བྱེད་མཐུ་མེད་མ་གཏོགས། དེ་མིན་ཕར་རྒོལ་དམག་ཟིང་མ་བྱས་ན་ལེགས་པའི་སློབ་སྟོན་བྱས་ཤིང༌། ལྷ་ས་ནས་གོ་ཐོས་ཀྱི་གནས་ཚུལ་ནང་རྒྱ་མིས་ཁམས་དམག་གང་ཡོད་ཀྱི་རི་ཁུལ་དུ་དམག་འཐབ་བྱེད་འཆར་ཡོད་འདུག་གཤིས། ཁོ་བོ་ལམ་བགྲོད་ཀྱི་ཉེན་སྐྱོབ་ཟིན་འཕྲལ་རང་ས་སྲུང་འགོག་ཆེད་ཕྱིར་ལོག་བྱས་ན་ལེགས་ཞེས་བརྗོད་རྒྱུ་བྱུང༌།

ཁུལ་དེར་སེར་སྐྱ་འགོ་བྱེད་མང་པོས་ངོས་སྒུག་སྡོད་བྱས་ཡོད་ཀྱང༌། ང་ཚོས་ཡུན་འགོར་ཆེན་པོ་མིན་པ་བྱེད་དགོས། གང་ཡིན་ཞེ་ན། ང་ཚོ་འཕགས་བོད་ས་མཚམས་སུ་མ་སླེབས་བར་ལམ་ཕྱོགས་གཞན་དག་ནས་རྒྱ་མིས་བཀག་འགོག་བྱེད་ཉེན་ཡོད་པ་རེད། ཡང་བདུན་ཕྲག་གཅིག་གི་རིང་ང་ཚོས་ཆེས་མཐོའི་རི་བརྒྱུད་ཀྱི་དཀྱིལ་ནས་ཡོང་བར་ཕལ་ཆེར་ཉིན་རེར་ལ་རེ་འཛེགས་དགོས་བྱུང་ཞིང༌། ལ་རོང་ཁག་འགའ་ཤས་སུ་གངས་རྣམས་སྲ་མཁྲེགས་སུ་གྱུར་ཏེ་འཁྱགས་འདྲེད་དང༌། ལ་ལར་འདམ་རྫབ་མང་བས་བདེ་བགྲོད་དཀའ་བ་འདུག སྐབས་རེ་ང་ཚོ་མཐོ་ཚད་ཕི་ཊི་སྟོང་ཕྲག་བཅུ་དགུ་ཙམ་དུ་སླེབས་སྐབས་གངས་ལྷག་བུ་ཡུག་འཚུབ་སྟེ་ཤིན་ཏུ་གྲང་བས་རྐང་ལག་འཁྱགས་རེང་དུ་འགྲོ་ཉེན་ཡང་ཡོང་འདུག ་བགྲོད་ལམ་འདི་དག་ནི་རི་ཁུལ་དུ་གནས་པའི་ཚོང་རིགས་བཟོད་སྲན་ཅན་ཚོའི་རྒྱུ་འགྲུལ་བྱེད་ས་མ་གཏོགས་དབུས་ནང་ལྷ་སའི་མི་ཚོས་འགྲུལ་བཞུད་བྱེད་པར་དཀའ་ཚེགས་ཆེ་ཙམ་ཡོད།

འཕྱོངས་རྒྱས་ཁུལ་དགོང་ཞག་གཉིས་པ་ཡོངས་འཛིན་སྐུ་བགྲེས་ཀྱི་དགོན་གནས་དར་རྒྱས་གླིང་དུ་བསྡད་ཅིང་ངལ་གསོ་གང་ལེགས་བྱུང་ཐོག ་དེའི་ཕྱི་ཉིན་ལ་ཆེན་མཐོ་ཞིང༌། དཀའ་ངལ་ཆེ་བའི་ཡར་སྟོད་བྲག་ལ་རྒྱག་སྐབས་རྟ་དྲེལ་འགའ་ཤས་ཆད་ངལ་ཆེ་བས་ངེད་དང༌། རོགས་མི་མང་པོས་རྟ་བབས་ཏེ་སྟོང་འདེད་བྱས། རི་རྩེ་དེར་འབྱོར་སྐབས་ལྷོ་བརྒྱུད་དུ་གངས་རི་མཐོ་ཞིང༌། ཁུལ་དེར་མཚོ་ཆུང་འཁྱགས་པ་སྲབ་མོ་ཡོད་པ ཉེ་སྐོར་དུ་ཐང་གཤོངས་རྩྭ་ཤིང་འཛོམས་པར་གནག་ཕྱུགས་བག་ཕེབས་སུ་གནས་པ་བཅས་ཡིད་དུ་འོང་བའི་ལྗོངས་བཀོད་བཟང་པོ་འདུག

དེ་ཉིན་ཆུ་ཚོད་བཅུ་གཅིག་རིང་རྟ་དང༌། རྐང་བགྲོད་ཀྱིས་ཡོང་སྟེ་ངལ་དུབ་ཆེ་བས་དེ་ནུབ་ཨེ་ཆུ་མདོ་གྱང་ཟེར་བའི་གྲོང་པ་ཆུང་ངུ་ཞིག་ཏུ་བསྡད་ཅིང༌། ས་ཆ་དེ་ནི་སྐྱོ་བའི་གཏམ་དཔེ་ཡོད་པ་ཞིག་སྟེ། ཨེ་ཆུ་མདོ་གྱང་དུ་མིར་སྐྱེས་པ་ལས། རྩྭ་ཆུ་འཛོམས་པའི་གནག་ཕྱུགས་ཡིན་ན་དགའ། ཞེས་ཟེར་ལོ་ལྟར་ལུང་སྟོང་བྱེ་ཐལ་སྔོ་ཤས་ཅན་སྐམ་ཐག་གེར་རླུང་འཚུབ་ཀྱིས་ཉིན་མཚན་སྦྲེལ་ཏེ་སྡོད་པའི་ས་གནས་དེར་མི་གྲངས་བཞི་བརྒྱ་ལྔ་བརྒྱ་ཙམ་ཞིག་ཡོད་འདུག ས་བབས་ཞན་པས་ས་ཞིང་འདེབས་བཀོལ་དཀའ་ཞིང༌། རྩྭ་ཤིང་སྐྱེ་ཤུགས་ཞན་པ། མི་མང་ཕལ་ཆེར་ལ་རྒྱུ་ནོར་ཧ་ཅང་བཀྲེན་ཕོངས་ཤིག་ཏུ་ཡོད་པར་སྣང༌། འོན་ཀྱང་ཁོང་ཚོས་གནས་ལུགས་དེར་བཟོད་འཁུར་དང༌། ཆོག་ཤེས་བསྟེན་ཐུབ་སྟབས་གོམས་སྟོབས་ཀྱིས་བློ་སེམས་སྐྱིད་དལ་ཡོད་མདོག་འདུག ང་ཚོར་ཡང་དགའ་བསུ་གང་ཟབ་བྱས་པའི་ཐོག ང་ཚོའི་ཡུལ་ལུང་འདི་ལྟ་བུར་བཞུགས་པར་ཐུགས་རྗེ་ཆེ་ཞེས་ཀྱང་བརྗོད་བྱུང༌། ངའི་ལམ་གྲོགས་འགའ་ཤས་ཁང་ཁུངས་ནང་མ་ཤོང་བར་ཕྱུགས་རའི་ཐོག་གཡབ་འོག་སྡོད་རྒྱུ་བྱུང་བར་ཡང་དགའ་ཚོར་བྱུང་འདུག དེ་བར་ང་ཚོའི་ལམ་འགྲུལ་ཞག་བདུན་སོང༌། ཕྱི་རྒྱལ་དུ་ཡོད་པའི་ངའི་མཛའ་གྲོགས་ཚོར་ལྷ་སའི་ཟིང་འཁྲུགས་ལ་བློ་གཡེང་ཡོད་པ་དང༌། ངའི་གནས་ཚུལ་ཇི་བྱས་ཤེས་འདོད་ཡོད་པ་ངས་ཤེས་ཀྱི་ཡོད། འོན་ཀྱང༌། ང་ཚོས་ངལ་ཚེགས་དང་བཅས་བཙན་བྱོལ་དུ་ཡོང་བའི་གནས་ལུགས་འཛམ་གླིང་གསར་འགྱུར་མདུན་ཤོག་ཐོག་ཐོན་བཞིན་ཡོད་པ་དང༌། ཐག་རིང་ཨ་རི་དང༌། ཡོ་རོབ་ཁུལ་གྱི་མི་ཚོས་ཀྱང་ངེད་ལ་ཤ་ཚ་སེམས་འཁུར་ཆེན་པོ་དེ་འདྲ་བྱེད་ཀྱི་ཡོད་པ་ང་ཚོའི་ལམ་གྲོགས་སུར་ཡང་མནོ་བསམ་འཁོར་བ་མ་བྱུང༌། གལ་ཏེ་དེ་སྐོར་ང་ཚོས་ཤེས་ན་ཡང་སུ་ཞིག་དང་ཡང་མཉམ་དུ་འབྲེལ་བ་བྱེད་ཐབས་མེད་སྟབས་བྱ་ཐབས་གང་ཡང་མེད།

རྒྱ་མིས་ང་ཚོའི་གཞུང་མེད་པ་བཟོས་ལུགས་ཁྱབ་བསྒྲགས་བྱས་པ་དེར་ང་ཚོས་ཐབས་ཤིག་བྱེད་དགོས་པ་བྱུང༌། རྒྱ་མིར་ང་ཚོའི་གཞུང་མེད་པ་བཟོས་ཆོག་པའི་དབང་ཆ་ཁྲིམས་ལུགས་སོགས་ཕྱོགས་གང་ནས་ཀྱང་ཡོད་པ་མིན་ལ། དངོས་འབྲེལ་བརྗོད་ན། ཁོང་ཚོས་ཁྱབ་བསྒྲགས་བྱས་པ་དེས་ད་བར་གྲོས་མཐུན་དོན་ཚན་བཅུ་བདུན་ནང་ཁོ་བོའི་གནས་སྟངས་སོགས་ལ་བསྒྱུར་བཅོས་མི་བྱེད་ཅེས་པའི་མིང་ཙམ་གྱི་དོན་ཚན་དེ་ཡང་རྩ་མེད་བཟོས་པ་རེད། རྒྱ་མིས་བོད་གཞུང་མེད་པའི་ཁྱབ་བསྒྲགས་བྱས་པ་དེས་ཐག་རིང་ས་ཁུལ་གྱི་བོད་མི་ཚོའི་བསམ་པར་ངའི་འདོད་མོས་ལྟར་བྱས་པ་མིན་ནམ་སྙམ་པའི་བློ་དྭོགས་འབྱུང་ཉེན་ཡོད་སྟབས་ང་ཚོ་ལྷུན་རྩེ་རྫོང་དུ་འབྱོར་འཕྲལ་བོད་ཀྱི་གནས་སྐབས་གཞུང་ཞིག་གསར་འཛུགས་བྱས་ན་ལེགས་གནས་སྙམ་བྱུང༌།

དེ་བར་ད་དུང་ཉིན་ཚུགས་གཉིས་ཙམ་ཡོད། ཕྱི་ཉིན་སྔ་དྲོའི་ཆུ་ཚོད་ལྔ་པའི་ཐོག་ཨེ་ཆུ་མདོ་གྱང་ནས་ཐོན་ཏེ་ལ་མཐོན་པོ་སྟག་ལའི་གངས་ཀྱི་ཚད་ཐིག་ཐོད་དུ་ང་ཚོས་རྟ་དྲེལ་འཁྲིད་དེ་བསྐྱོད། དེ་ཉིན་ཡང་དཀའ་ངལ་ཆེན་པོ་བྱུང༌། ཆུ་ཚོད་བཅུའི་རིང་བགྲོད་ལམ་འཁྱགས་འདྲེད་ཅན་དང༌། རྡོ་ཧྲོག་མང་པོའི་ཁྲོད་དུ་ཕྱིན། ཤོ་བོ་ནུབ་ཏུ་འབྱོར་སྐབས་དགོན་པ་ཞིག་ནང་སྡོད་ཡུལ་སྔ་ནུབ་ལས་ལེགས་པ་བྱུང༌། དེའི་སང་ཉིན་ང་ཚོ་ལྷུན་རྩེ་རྫོང་དུ་འབྱོར། ལྷུན་རྫོང་ནི་བྲག་རི་ཞིག་སྟེང་སྔར་གྱི་རྫོང་ཁང་རྒྱ་ཆེ་པོ་ཏཱ་ལ་ཆུང་བ་ལྟ་བུ་གོག་པོ་ཞིག་འདུག ས་གནས་དེའི་དཔོན་རིགས་འགོ་འཁྲིད་ཚོས་ལམ་ཁར་ང་ཚོར་དགའ་བསུ་དང༌། སྣེ་ལེན་བྱུང་ཞིང༌། གྲྭ་རིགས་ཚོས་ཆོས་ལུགས་ཀྱི་མཆོད་རྫས་སྣ་ཚོགས་ལག་ཏུ་ཐོགས་ནས་བསྟར་བསྒྲིགས་ཀྱིས་རོལ་མོ་འབུད་དཀྲོལ་བརྡུང་བ་སོགས་བྱེད་ཅིང༌། ལམ་གྱི་ཉེ་སྐོར་དུ་མི་གྲངས་ཆིག་སྟོང་ཙམ་ནས་སངས་དུད་དང་བཅས་མཇལ་ཞུར་འབྱོར་འདུག ང་ཚོ་རྫོང་དུ་བདེ་འབྱོར་བྱུང་སྐབས་གཏང་རག་གི་མཛད་སྒོ་བྱས།

དེ་རྗེས་རྫོང་གི་ཚོམས་ཆེན་ནང་སེར་སྐྱ་དཔོན་རིགས་དང༌། ས་གནས་ཀྱི་འགོ་བྱེད། གཞན་དག་མང་པོས་ཆོས་སྲིད་ཀྱི་དགོས་མཁོ་རྣམས་དང་བཅས་འཛོམས་ཐོག ང་ཚོས་གནས་སྐབས་ཀྱི་གཞུང་གསར་འཛུགས་ཀྱི་རྟེན་འབྲེལ་མཛད་སྒོ་རྣམས་བྱས་ཤིང༌། གྲྭ་རིགས་ཚོས་ང་ཚོའི་སྔར་གྱི་ལུགས་སྲོལ་ལྟར་དབང་ཆའི་ལུང་རྟགས་རྣམས་སྤྲད་སོན་ཐོག ཡོངས་འཛིན་རྣམ་གཉིས་ཀྱིས་དབུས་བླ་མ་ཚོས་མཛད་སྒོའི་སར་དགེ་ཞིང་ཤིས་པའི་ཆོས་ཀྱི་ཚིགས་བཅད་རྣམས་གསུངས། ཆོས་ཕྱོགས་ཀྱི་མཛད་སྒོ་རྣམས་ཟིན་བསྟུན་བཀའ་བློན་ཚོ་དང༌། ས་གནས་ཀྱི་འགོ་འཁྲིད་ཚོ་ཚང་འཛོམས་སར་གནས་སྐབས་ཀྱི་གཞུང་གསར་པ་བཙུགས་པའི་ཁྱབ་བསྒྲགས་ཀྱི་ཡི་གེ་བཀླགས་ཁྱབ་བྱས་ཤིང༌། དེའི་ངོ་བཤུས་བོད་ཀྱི་ས་ཁུལ་ཁག་ཏུ་གཏོང་རྒྱུར་ངོས་ཀྱི་དམ་ཕྲུག་ཕབ། མཇུག་ཏུ་ཁུལ་དེའི་བོད་མི་རྣམས་ནས་ང་ཚོའི་རྟེན་འབྲེལ་གྱི་ཟློས་གར་བྲོ་གཞས་འཁྲབ་སྟོན་གྱིས་མཛད་སྒོ་གྲོལ།

མཛད་སྒོ་དེ་དག་བྱེད་ཡུན་ལ་ཆུ་ཚོད་གསུམ་ཙམ་འགོར་ཞིང༌། དེའི་རིང་ང་ཚོའི་རྙོག་ཁྲ་དང༌། དཀའ་ངལ་ཚོ་ཡང་བརྗེད་པ་ལྟ་བུར་གྱུར་ཏེ་མ་འོངས་པའི་བོད་ཀྱི་དོན་དུ་ང་ཚོས་ལས་འགན་ཞིག་སྒྲུབ་པར་སེམས་པའི་དམ་བཅའི་རི་མོ་སྙིང་ལ་ལམ་ལམ་ཤར་བྱུང༌།

ས་གནས་དེ་ནས་པཎ་ཆེན་རིན་པོ་ཆེར་ཞུ་ཡིག་དང༌། ཁོ་བོ་གྲྭ་སྐོར་ཟིན་པའི་རྗེས་འབྲེལ་བཀྲ་ཤིས་ལྷུན་པོའི་ཆོས་སྡེར་མང་འགྱེད་ཀྱི་བསྙེན་བཀུར་འབུལ་རྒྱུ་བསྐུར་ཞིང༌། འགྲོ་ལུགས་ལྟར་བྱས་ན་བསྙེན་བཀུར་དེ་དག་ངའི་མིང་བཏགས་དངོས་གཞིའི་སྔོན་ཙམ་དུ་གཏོང་དགོས་ཀྱང་སྐབས་དེར་གཏོང་མ་ཐུབ་པ་རེད།

རྒྱ་མིས་རྗེས་འདེད་གཏོང་རྒྱུའི་གནས་ལུགས་ཡོད་སྟབས་མངོན་གསལ་ཆེན་པོའི་རྫོང་ཁང་དུ་མ་བསྡད་པར་དྲེའུ་ལྷས་དགོན་པར་ཕྱིན། དེར་ཡང་ཚོགས་འདུ་ཞིག་བྱས་ཤིང༌། སྐབས་དེར་ང་ཚོས་དེ་སྔོན་བློ་ཡུལ་ལ་མེད་པའི་དངོས་དོན་གྱི་གནས་ལུགས་ཤིག་དྭང་ལེན་བྱ་དགོས་བྱུང༌། དེ་ནི་ཁོ་བོ་བོད་ནང་རི་ཁུལ་ཕན་ཚུན་དུ་བསྡད་ན་རྒྱ་མིས་རྗེས་འདེད་གཏོང་རྒྱུ་དང༌། ངེད་གར་ཡོད་སར་དམག་འཐབ་མང་བ་ཡོང་རྒྱུ། ངའི་སྲུང་སྐྱོབ་ཀྱི་དོན་དུ་བོད་མི་དཔའ་བོ་མང་པོ་ཆུད་ཟོས་འགྲོ་རྒྱུ་སོགས་དང༌། དགོས་པ་གཞན་ཡང་བྱུང་སྟེ། ང་ཚོ་རྒྱ་གར་དུ་བསྐྱོད་སྡོད་ཆོག་པའི་སྙན་སེང་ཞུ་ཆེད་ས་མཚམས་སུ་ལས་བྱེད་པ་གཏོང་རྒྱུར་གྲོས་ཐག་བཅད། རྒྱ་གར་གཞུང་ནས་བཀའ་འཁྲོལ་མ་བྱུང་བར་རང་མཚམས་ཀྱིས་འགྲོ་རྒྱུར་འདོད་པ་མེད། ང་ཚོའི་རེ་འདུན་ལྡི་ལིར་ཞུ་གཏོང་ཐུབ་མཁན་ས་མཚམས་ཀྱི་རྒྱ་གར་གྱི་དཔོན་རིགས་ཐག་ཉེ་ཤོས་དེར་གནས་ལུགས་ཞུ་གཏུགས་ཀྱིས་ལན་གསལ་ཇི་བྱུང་ཕྱིར་འཁུར་བྱ་དགོས་མངགས་ཤིང༌། ཁོང་ཚོ་དེ་ནུབ་ཆུ་ཚོད་བཅུ་གཉིས་ཐོག་ཐོན་ཏེ་ས་མཚམས་སུ་ཤར་བསྐྱོད་བྱས། ཐད་ཀར་བརྩིས་ན་ས་མཚམས་བར་མལ་ལེ་དྲུག་ཅུ་ཙམ་ཡོད་ཀྱང༌། ལམ་ཀྱོག་མང་བས་ཕལ་ཆེར་དེ་ལས་ལྡབ་གཅིག་ཙམ་རིང་བ་ཡོད་ཀྱི་རེད།

ངེད་ཚོ་སྔ་དྲོའི་ཆུ་ཚོད་ལྔ་ཐོག་ཐོན་ཏེ་ས་མཚམས་ཕྱོགས་ཇེ་ཉེར་འགྲོ་དུས་བགྲོད་ལམ་ཇེ་ངལ་དུ་གྱུར། འདི་ཁུལ་དེའི་སྔ་ཉིན་ཚོར་གངས་བབས་ཆེ་བས་ལ་ལམ་ཕལ་ཆེ་བ་གངས་ཀྱིས་ཁེངས་ཏེ་ཡོད་སྟབས་ལམ་གྲོགས་འགའ་ཤས་ལ་གངས་ཕྱིད་རྒྱབ་པ་དང༌། ལ་རྩེ་གངས་ལྷག་ཆེ་བས་ལམ་བགྲོད་དཀའ་ངལ་བྱུང༌། ང་ཚོ་སྦྱོར་རར་འབྱོར་ཉིན་བགྲོད་ལམ་ཁག་གསུམ་འདུག་པ་ནས་ང་ཚོ་འགྲོ་ས་བླ་རྒོད་ལ་ཞེས་པའི་རི་མཐོན་པོ་དེའི་རྩེར་སྨུག་པ་འཐིབས་ཤིང༌། གངས་བབས་ཆེ་བས་ཤིན་ཏུ་གྲང་ངད་ཆེ་ཞིང༌། ལུས་དང༌། ཡན་ལག་འཁྱགས་འཁུམས་ཐོག། སྨ་ར། རྫི་མ་སོགས་ལ་ཡང་འཁྱགས་པ་ཆགས་འདུག ལྷག་པར་ངའི་གཅུང་པོ་འཁྱགས་པས་མནར་ཏེ་མི་ནུས་བཞིན་དུ་རྐང་བགྲོད་མང་པོ་བྱས་སོང༌། ང་ཚོར་གྱོན་གོས་འཐོལ་བ་མེད་སྟབས་ཚ་དྲོད་འགུགས་ཐབས་ནི་གོམ་བགྲོད་བྱེད་རྒྱུ་ཙམ་ལས་མེད། ང་ཚོའི་བཞོན་རྟ་ཚོར་ཟོར་ཡང་གང་ཐུབ་བྱས། དེ་ནི་སྤྱིར་བཏང་བོད་མི་ཚང་མའི་བྱེད་སྟངས་ཤིག་ཡིན་པའི་ཁར། ལྷག་པར་ང་ཚོ་བགྲོད་ཐག་རིང་ཞིང༌། རྟ་དྲེལ་ཚོར་རྩྭ་ཟས་མང་པོ་མ་བྱུང་བའི་སྟབས་ཡིན། དེར་བརྟེན་ང་ཚོ་ལམ་འགྲུལ་དུ་ཡུན་རིང་འགོར་བ་དང༌། ཕྱི་རྒྱལ་གྲོགས་པོ་ཚོར་ང་ཚོའི་གནས་ཚུལ་ཇི་བཞིན་འཕྲལ་མྱུར་མི་ཤེས་པའི་རྒྱུ་མཚན་ཞིག་དེ་ལྟར་ཡིན།

སྔ་དྲོའི་ཆུ་ཚོད་བཅུ་གཅིག་ཙམ་ལ་ང་ཚོས་ལ་རྒྱབ་སྟེ་ངལ་གསོ་བྱས་ཤིང༌། དེར་བག་ལེབ་ཟོས། ཆུ་འཁོལ་དང༌། འོ་ཀྲིང་འོ་མ་ཕྲན་བུ་བཏུངས་པར་ཤིན་ཏུ་ཞིམ་པོ་བྱུང༌།

ཡོངས་འཛིན་རྣམ་གཉིས་དང༌། བཀའ་བློན་གསུམ་ལམ་ཕྱོགས་གཞན་ཞིག་ནས་ཕེབས་ཤིང༌། དེ་ནི་སྐོར་ཐག་རིང་ཡང་ལ་ཚད་དམའ་བ་ཡོད་འདུག དམག་མི་འགའ་ཤས་ལམ་ཕྱོགས་གཞན་དག་དེར་བཏང་བར་ཡོངས་འཛིན་རྣམ་གཉིས་མ་གཏོགས། བྱིངས་རྣམས་དགོང་དྲོའི་ཆུ་ཚོད་གསུམ་ཙམ་ལ་སྦྱོར་ར་དགོན་དུ་མཉམ་འཛོམས་བྱུང༌།ཞིང༌། ཡོངས་འཛིན་རྣམ་གཉིས་ཕྲན་བུ་རྗེས་ལ་ཕེབས་འབྱོར་བྱུང༌། དེར་ངའི་སྐྱེད་མ་དང༌། གཅེན་མོ་ཡང་བསྡད་འདུག་ཁོང་ཚོ་དེ་སྔོན་ནས་ལམ་ཕྱོགས་གཞན་ཞིག་བརྒྱུད་མྱུར་བསྐྱོད་ཀྱིས་གཞིས་ཀ་བྱ་ཡུལ་དུ་ཉིན་གཉིས་སྡོད་རྒྱུ་བྱུང་ཡོད་པ་རེད།

སྦྱོར་རའི་མི་མང་ནས་ང་ཚོར་དགའ་བསུ་གང་གཟབ་བྱས། ཕྱི་ཉིན་སྔ་དྲོའི་ཆུ་ཚོད་བཞི་པར་ཐོན། དེ་ཉིན་ང་ཚོ་རྟ་པ་ཉིས་བརྒྱ་སུམ་བརྒྱ་སྐོར་ཡོད་པ་དེའི་ཁོངས་དམག་མི་དང༌། ཁམས་རིགས་ཚོ་ཡང་ཡོད། ཡུད་ཙམ་རོང་གཏིང་བརྒྱུད་དཀར་པོ་ལ་རྩེར་འཛེགས། དེ་ཉིན་གནམ་གཤིས་དྭངས་པོ་འདུག་ཀྱང༌། ད་ཕན་མཐོང་བ་ལས་མང་བའི་གངས་མང་པོ་ཡོད་པ་རྣམས་རླུང་ཤུགས་ཆེན་པོས་དེད་དེ་ང་ཚོའི་གདོང་པར་འཐོར་གྱི་འདུག ང་ཚོར་མིག་ཤེལ་ཡོད་པ་ཉུང་ངུ་ལས་མེད་སྟབས་གངས་འོད་འགོག་ཆེད་རས་དང༌། སྐྲ་རིང་པོ་ཚོས་སྐྲས་མིག་བཀབ་ཀྱི་འདུག ལ་རྩེ་དེར་ང་ཚོའི་བློ་ཡུལ་དུ་མེད་ཅིང༌། བློ་འཚབ་སྐྱེ་བའི་སྒྲ་སྐད་ཅིག་བློ་བུར་ཐོས་འཕྲལ་གནམ་གྲུ་རླུང་འཁོར་ཉིས་ལྡན་ཞིག་ང་ཚོའི་ལམ་ཕྱོགས་མཁའ་དབྱིངས་བརྒྱུད་ཡོང་གི་འདུག ང་ཚོ་མི་རྟ་མང་པོ་གངས་ཀྱི་དཀྱིལ་དུ་ཡོང་བཞིན་ཡོད་སྟབས་ལམ་སེང་མཐོང་ཐུབ་རྒྱུར་བརྟེན། དེར་ཚང་མ་རྟ་བབས་ཏེ་ཕལ་ཆེར་བྲག་རྡོ་ཆུང་ཆུང་འདྲ་དང་བསྡེབས་ཏེ་ཡིབ་ཐབས་བྱེད་ཅིང༌། དམག་མི་ཚོས་མེ་མདའ་ཕབ་སྟེ་ད་ཕན་ཉམས་མྱོང་མེད་པའི་ཡུལ་ཞིག་ལ་རྒྱབ་ཆོག་གྲྭ་སྒྲིག་བྱེད་ཀྱི་འདུག ངས་རླུང་གིས་བདས་ཟིན་པའི་གངས་ཤུལ་ས་ཆ་སྣུམ་ནག་ཅིག་ཐོག་བསྡད་པ་ཡིན། གནམ་གྲུ་དེས་སྐོར་ཀྱོག་མེད་པར་ང་ཚོའི་ཐོག་ནས་ཤར་བསྐྱོད་བྱས་པར་བརྟེན་རྟགས་ཇི་ཡོད་ང་ཚོ་སུས་ཀྱང་མཐོང་མ་ཐུབ།

གློ་བུར་གྱི་གནས་ཚུལ་དེ་ཡོལ་ཟིན་པའི་རྗེས་ལ་གནམ་གྲུ་དེ་སྐོར་ང་ཚོ་གླེང་མོལ་མང་པོ་བྱུང་ཞིང༌། ང་ཚོའི་བསམ་པར་རྒྱ་དམར་གྱི་གནམ་གྲུ་ཡིན་ཤག་བྱས། གང་ཡིན་ཟེར་ན། ས་གནས་དེ་ཁུལ་ཡུལ་གཞན་སུས་ཀྱང་གནམ་གྲུ་གཏོང་དོན་མེད་ཅིང༌། རྒྱ་མིའི་གནམ་གྲུ་ཡིན་ན་ང་ཚོ་འཚོལ་ཆེད་མ་གཏོགས་ས་ཁུལ་དེར་ཡོང་དོན་ཡོད་པ་མ་རེད། གནམ་གྲུ་དེས་ང་ཚོ་མཐོང་བའི་རྟགས་མཚན་གང་ཡང་བསྟན་མ་སོང་ཡང༌། ང་ཚོ་མ་མཐོང་བར་ཆ་ཞོག་ཐབས་མེད་སྟབས་ང་ཚོ་གར་ཡོད་གར་འགྲོ་རྒྱ་མིས་ཤེས་རྟོགས་བྱུང་སོང་སྙམ་པའི་བློ་སེམས་འཚབ་འཁྲུགས་ཀྱི་ངང་མུ་མཐུད་ལམ་བགྲོད་བྱས། འོན་ཀྱང༌། གནམ་གྲུ་གཞན་དག་མང་པོ་ང་ཚོའི་རྗེས་སུ་ཡོང་ན་སྙམ་ང་ཚོས་ཚོ་ཁག་ཆུང་དུ་བཏང་སྟེ་ཁ་འཐོར་གྱིས་བསྐྱོད་ཅིང༌། དེ་མིན་ཐབས་གཞན་གང་ཡང་མེད། ངོས་བོད་ཀྱི་ས་ཁུལ་གང་འདྲ་ཞིག་ཏུ་བསྡད་ཀྱང་རྒྱ་མིས་གནམ་གྲུས་འབོམ་འཕེན་པ་དང༌། ས་མཐའ་བསྐོར་ཉེན་ལ་བརྟེན་དེ་ཡང་ངོས་ཕྱི་རྒྱལ་དུ་མ་བསྐྱོད་ཐབས་མེད་ཀྱི་རྒྱུ་རྐྱེན་ཞིག་རེད།

ཉིན་དགུང་མཚམས་ས་ཁུག་ཅིག་ཏུ་ངལ་གསོ་དང༌། བཟའ་བཏུང་ཆེད་ཡུད་ཙམ་སྡོད་རིང་རླུང་འཚུབ་ཆེན་པོ་ལངས་ཏེ་ངལ་བསུན་བྱུང༌། དེ་ནས་མུ་མཐུད་ཀྱིས་ཕྱིན་པར་མཚོ་སྣའི་ཕྱོགས་ཐང་ཆེན་གངས་ཀྱིས་གཡོགས་པའི་ནང་སླེབས་ཤིང༌། དེར་གནམ་གཤིས་དྭངས་གཤིས་མིག་ཤེལ་མེད་པ་ཚོར་གངས་འོད་ཀྱིས་དཀའ་ངལ་སྔར་ལས་ཆེ་བ་བཟོས་སོང༌།

ད་དུང་ལམ་འཕྲང་དཀའ་ངལ་ཅན་ལ་རྟ་ཐོག་ཏུ་ཉིན་གཉིས་བགྲོད་དེ་བོད་མི་སྡོད་ཡུལ་ས་གནས་མང་མང་ཟེར་བར་འབྱོར། དེར་སྔོན་དུ་བཏང་བའི་ལས་བྱེད་པ་གཅིག་ང་ཚོ་སྒུག་སྡོད་བྱས་འདུག་པ་དེ་ནས་ང་ཚོ་རྒྱ་གར་ནང་བསྐྱོད་འཐུས་རྒྱ་གར་གཞུང་གི་བཀའ་འཁྲོལ་བྱུང་བའི་གསར་འགྱུར་བཟང་པོ་གོ་ཞིང༌། རྒྱ་གར་གྱི་དཔོན་རིགས་ཡོད་པའི་ས་སྣེ་དང་པོ་ཆུ་དྭངས་མོར་ང་ཚོའི་དོན་དུ་གྲྭ་སྒྲིག་བྱེད་པ་ཡང་ཁོང་ནས་མཐོང་ཐོས་ཡོད་པ་རེད། དེའི་ནུབ་མོ་ང་ཚོ་བློ་དལ་བ་བྱུང༌། ད་ཕན་ང་ཚོས་དགོང་ལྟར་ཕྱི་གོས་ཙམ་མ་གཏོགས་གྱོན་ཆས་མ་ཕུད་པར་ཉལ་བ་ཡིན། མང་མང་ནི་བོད་ཀྱི་ས་སྣེ་ཞིག་ཡིན་ཞིང༌། དེ་ལ་བགྲོད་ལམ་གཅིག་ལས་མེད་པ་དེར་ཁམས་པ་དང༌། དམག་མི་བརྒྱ་ཕྲག་འགའ་ཤས་ནས་སྲུང་འགོག་གི་གྲ་སྒྲིག་གང་ཐུབ་ཡོད་པར་བརྟེན། ང་ཚོར་རྒྱ་མིས་གནམ་ཐོག་ནས་འབོམ་མདེལ་མ་འཕངས་ན། གློ་བུར་དུ་ང་ཚོ་འཛིན་བཟུང་དང༌། བགྲོད་ལམ་འགོག་ཐབས་མེད། ས་གནས་དེར་གནམ་གཤིས་སྡུག་ཤོས་ཤིག་བྱུང༌། འགྲུལ་བསྐྱོད་འདི་རེས་ཀྱི་གུར་ནང་ཉལ་བ་ཡང་དང་པོ་ཡིན། ཆར་ཞོད་ཆེ་བས་ངའི་གུར་ནང་ཐིགས་པ་རྒྱག་གི་འདུག སྔ་དྲོའི་ཆུ་ཚོད་གསུམ་པར་གཉིད་སད་བྱུང་བར་ཡར་ལངས་ནས་ཉལ་ཁྲི་དེ་དག་གུར་ཟུར་ཕྲན་བུ་སྐམ་ས་ཞིག་ཏུ་སྤོ་རྩིས་བྱས་ཀྱང༌། འོས་པོ་ཞིག་མི་འདུག་པས་དེ་གར་ཙོག་བུར་སྡོད་དགོས་པ་བྱུང༌ཞིང༌། གུར་གཞན་ན་སྡོད་མཁན་ཚོར་ཡང་དཀའ་ངལ་དེ་བཞིན་བྱུང་འདུག ་སྔ་དྲོ་ཚ་རྟིང་མཚམས་ཕྲན་འབྱུང་ལུས་མི་བདེ་བ་ཞིག་བྱུང་སྟེ་ཉིན་ཕྱེད་མཚམས་ནས་བཤལ་ནད་ཚབས་ཆེན་གྱི་ནད་བབས་ཇེ་ཐུར་སོང༌།

འདི་ནུབ་ངོས་སྡོད་ཡུལ་ཁང་པ་ཆུང་ངུ་ཞིག་ནང་གནས་སྤོས་བྱས་ཀྱང༌། དེ་ནི་ཤིན་ཏུ་དངོས་མི་གཙང་བ། ནང་དུ་དྲག་མང་ཞིང༌། ཁང་པའི་འོག་ནས་སྒོ་ཕྱུགས་ཀྱི་སྐད་དང༌། མགོ་ཐད་བྱ་གདང་སྟེང་ཁྱིམ་བྱའི་སྐད་ཅོར་ཆེ་ལ་སྐབས་རེ་ཁོ་བོ་ཉལ་སའི་འཁྲིས་སུ་ཡང་ཁྱིམ་བྱ་འགའ་ཤས་རྒྱུགས་ཡོང་གི་འདུག་པ་སོགས་ཀྱིས་ཀྱང་ངལ་བསུན་བསྣོན་མར་གྱུར་ཏེ་དེ་ནུབ་གཉིད་སིམ་པ་ཡེ་ནས་མ་བྱུང༌། སང་ཉིན་སྔ་དྲོ་ཡང་གཟུགས་བབས་འགུལ་བསྐྱོད་མི་ཐུབ་པ་ལྟ་བུ་འདུག ངོས་ལུས་སེམས་གཉིས་ངལ་གྱི་གནས་སྐབས་དེར་རྒྱ་གར་ནས་རླུང་འཕྲིན་གསར་འགྱུར་ཐོག་ངོས་རྟ་ལས་ལྷུངས་ཏེ་བརྡབས་མནར་སྡུག་པོ་བྱུང་ཚུལ་ཞིག་བཤད་ཐོས་བྱུང་བ། དེས་ཁོ་བོ་དང་མཉམ་དུ་མེད་པའི་མི་ཚོར་སེམས་འཚབ་དངངས་སྐྲག་ཡོང་རྒྱུ་ཡང༌། ང་ཚོར་གནས་ཚུལ་དེ་ལྟར་བྱུང་མེད་ཅིང༌། འོན་ཏེ་ནད་མནར་དང་དུས་མཚུངས་བྱུང་བས་དགོད་ཤོར་པོ་བྱུང༌།

གལ་ཏེ་ངའི་ནད་བབས་དྲག་སྐྱེས་བྱུང་ན་ཡང་མང་མང་དུ་ཉིན་གཅིག་བཅའ་སྡོད་ཀྱིས་ང་ཚོ་མཉམ་དུ་རྒྱ་གར་ལ་ཡོང་མཁན་དང༌། ཕྱིར་ལོག་བྱེད་མཁན་རྣམས་གོ་བསྡུར་ཐག་གཅོད་བྱེད་རྒྱུ་ཡིན་ཞིང༌། སྤྱིར་བཏང་བརྗོད་ན་སེར་སྐྱ་ལས་བྱེད་རྣམས་མཉམ་དུ་ཡོང་རྒྱུ་དང༌། དམག་མིའི་ཁོངས་གཏོགས་ཚོ་ཕྱིར་ལོག་བྱེད་རྒྱུ་བྱས། སྔ་མ་རྣམས་ལྷ་ས་ནས་ཐོན་སྐབས་ནས་ངོས་གང་དུ་འགྲོ་ཡུལ་དེར་ཡོང་རྒྱུར་ཐག་གཅོད་བྱས་པ་དང༌། རྗེས་མ་ཚོ་ངོས་སྲུང་སྐྱོབ་ཆེད་ཡོང་བ་ཡིན་ཞིང༌། ཁོང་ཚོ་ཕལ་ཆེར་རང་རང་གི་འདོད་པར་ཡང་རྒྱ་མི་གར་ཡོད་བར་ཕྱིར་ལོག་གིས་དགྲ་འཐབ་མུ་མཐུད་དུ་བྱེད་འདོད་ཡོད་པ་རེད།

ཕྱི་ཉིན་སྔ་དྲོ་ཡང་ངོས་ནད་མནར་གྱིས་རྟ་བཞོན་མི་ཐུབ་ཀྱང༌། རྒྱབ་སྲུང་ཁམས་པ་དང༌། དམག་མི་ཚོའི་འགན་འཁུར་ཡང་དུ་གཏོང་དགོས་པར་བསམས་ནས་ཐོན་རྒྱུ་བྱས། ཐོན་ཁར་ཕྱིར་ལོག་བྱེད་མཁན་ཚོར་མཇལ་ཁ་དང༌། སྲུང་དངོས་སྤྲད་དེ་ཁོང་ཚོས་བསྟན་སྲིད་མི་དམངས་ཀྱི་བདེ་དོན་དུ་བསམ་པའི་སྙིང་སྟོབས་ལ་ཡི་རངས་ཤིང༌། དགྲ་ཕྱོགས་སུ་རང་སྲོག་ཁ་ཙམ་མིན་པར་བློས་བཏང་གིས་བསྐྱོད་རྒྱུར་ཡིད་སྐྱོ་བ་དང༌། དེ་ཉིན་རང་བོད་ས་བརྒལ་ནས་གཞན་ཡུལ་དུ་འགྲོ་རྒྱུ་ཡིན་པ་བློ་ཤིན་ཏུ་འཕྲེང་བ་ཞིག་གི་ངང་དུ་སྡོད་ཞག་ནས་ཐོན་བསྐྱོད་བྱས། ངའི་རྗེས་འབྲངས་ཚོས་ཁོ་བོའི་ལུས་ཁམས་དང་བསྟུན་ཏེ་མཛཱུ་ཞིག་ཐོག་བསྐྱོན་བྱུང་བ་དེ་ནི་སེམས་ཅན་དལ་པོ་དང༌། གོམ་བགྲོད་བྱེད་སྟངས་ཟོ་བོ་ཞིག་འདུག ་ང་ཚོའི་སྔར་གྱི་འགྲུལ་ལུགས་ལྟར་མཛོ་སྟེང་ཞོན་ཏེ་རང་ཡུལ་ནས་ཐོན་པ་ཡིན།

ས་མཚམས་དེར་བགྲོད་སྐབས་དམིགས་བསལ་གྱི་གནས་ཚུལ་གཞན་དག་གང་ཡང་མི་འདུག་ཅིང༌། ཕྱོགས་ཕན་ཚུན་གཉིས་ཀའི་ཡུལ་རོང་གི་གནས་ཚུལ་འདྲ་བོ་འདུག སྐབས་དེར་ལུས་མི་བདེ་བ་དང༌། སེམས་མི་སྐྱིད་པ་བཅས་ཀྱི་ཁམས་ཉོག་པོ་ཞིག་བྱུང༌།། །།